Rtsa ba chos drug gi tshig gsal
Resource ID | SCv6p173 |
---|---|
Title | rtsa ba chos drug gi tshig gsal |
Topics | Six doctrines of Niguma |
Sub-Topics | Directory |
Author | Khyungpo Neljor |
Link | BDRC W23922 BDRC W23922 BDRC W23605 BDRC W4CZ58783 (p.211+307) BDRC W3CN18508 (p.236) BDRC W8LS16295 (p.9+499 annotated) BDRC W8LS32723 BDRC W8LS32723 BDRC W8LS32725 (p.170) BDRC W8LS36545 (p.166+169+189) BDRC W1KG4284 (annotated) |
༈ རྩ་བ་ཆོས་དྲུག་གི་ཚིག་གསལ་བཞུགས་སོ།
།བླ་མ་དམ་པའི་ཞབས་པད་ལ། །གུས་བཏུད་ཆོས་དྲུག་རྡོ་རྗེའི་ཚིག །མ་ནོར་མཁའ་འགྲོའི་གསུང་བཞིན་དུ། །གཞན་ལ་ཕན་ཕྱིར་འདིར་འགོད་བྱ།
།དེའང་རྡོ་རྗེ་འཆང་གིས་ཡེ་ཤེས་ཀྱི་ཌཱ་ཀི་མ་ལ་གསུངས་པའི་སྙན་བརྒྱུད་ཞལ་གྱི་གདམས་པ་འདི་ལ་དྲུག་སྟེ།
ཐབས་ལམ་བདེ་དྲོད་རང་འབར། །སྒྱུ་ལུས་ཆགས་སྡང་རང་གྲོལ། །རྨི་ལམ་ཉིང་འཁྲུལ་རང་དག །འོད་གསལ་གཏི་མུག་རང་སངས། །འཕོ་བ་མ་སྒོམ་སངས་རྒྱས། །བར་དོ་རྒྱལ་བ་ལོངས་སྐུའོ།
དང་པོ་ཐབས་ལམ་ལ་གསུམ་སྟེ། སྔོན་འགྲོ། དངོས་གཞི། རྗེས་སོ།
།དང་པོ་ལ་གསུམ་སྟེ། དག་བྱེད་ཨའི་སྟོང་ར། སྟོང་ར་ནད་གདོན་སེལ་བྱེད། རྟགས་གསུམ་སྟོང་རའི་ཁྱད་པར་རོ།
།གཉིས་པ་དངོས་གཞི་ལ་ལྔ་སྟེ། ལུས་གནད་མེའི་སྟོང་ར། གཏུམ་མོ་ཟས་སུ་ཟ་བ། གཏུམ་མོ་གོས་སུ་གྱོན་པ། གདན་དུ་འདིང་བ། སྲིད་པའི་དབང་ཞུ་བའོ།
།གསུམ་པ་རྗེས་ལ་གཉིས་ཏེ། གེགས་རང་གྲོལ། རླུང་རྟར་ཞོན་པའོ།
།གཉིས་པ་སྒྱུ་ལུས་ལ་གསུམ་སྟེ། དབང་པོ་རབ་གྲོགས་སུ་བླ་མ་དམ་པ་བསྟེན་པ། འབྲིང་ཚིག་གཞན་གྱིས་བར་མ་ཆོད་པར་འཁྲིད་པ། ཐ་མ་མལ་གཅིག་ཏུ་ཏིང་ངེ་འཛིན་བསྐྱེད་པའོ།
།དང་པོ་དབང་པོ་རབ་ལ་གཉིས་ཏེ། གསོལ་འདེབས་ལམ་ཁྱེར་དང་། ཅིར་སྣང་བདེན་མེད་ལམ་ཁྱེར་རོ།
།གཉིས་པ་དབང་པོ་འབྲིང་ལའང་གཉིས་ཏེ། རང་ལུས་སྣང་སྟོང་ལྷ་སྐུ་དང་། ཅིར་སྣང་སྒྱུ་མའི་ལམ་ཁྱེར་རོ།
།གསུམ་པ་དབང་པོ་ཐ་མ་ལ་བཞི་སྟེ། འགྲོ་དྲུག་སྒྱུ་མར་འཆར་བྱེད། ནད་གདོན་སྒྱུ་མའི་ལམ་ཁྱེར། འཆར་བྱེད་ཡོན་ཏན་ཚོགས་དྲུག ཞེན་མེད་སྒྱུ་མ་རང་ཤར་རོ།
།གསུམ་པ་རྨི་ལམ་ལ་དྲུག་སྟེ། རྨི་ལམ་བཟུང་བ་དང་། སྦྱོང་བ། སྤེལ་བ། སྤྲུལ་པ། བསྒྱུར་བ། ཡུལ་སྣང་ངོ་།
།དང་པོ་རྨི་ལམ་བཟུང་བ་ལ་གཉིས་ཏེ། རང་ཟིན་པ་དང་། འཆུགས་མེད་དོ།
།དང་པོ་ནི། ཐིག་ལེ་དབང་བཞིའི་གནད་དོ།
།གཉིས་པ་གནད་འཆུགས་མེད་ལ་དགུ་སྟེ། དུས་ཀྱི་གནད་གསུམ། ལུས་ཀྱི་གནད་གསུམ། དམིགས་པའི་གནད་གསུམ་མོ།
།གཉིས་པ་སྦྱང་བ་ལ་བཞི་སྟེ། སེམས་ཀྱིས་ལུས་སྦྱང་བ། ལུས་ཀྱིས་སེམས་སྦྱང་བ། བདག་མེད་མས་སྦྱང་བ། འདུན་པས་སྦྱང་བའོ།
།གསུམ་པ་སྤེལ་བ་ལ་གཉིས་ཏེ། ཐུག་ཕྲད་དུ་སྤེལ་བ་དང་། གང་འདུལ་དུ་སྤེལ་བའོ།
།དང་པོ་ལ་བཞི་སྟེ། འབྱུང་བ་ཕྲ་བ་ལ་སྤེལ་བ། རགས་པ་ལ་སྤེལ་བ། སེམས་ཅན་ཕྲ་བ་ལ་སྤེལ་བ། རགས་པ་ལ་སྤེལ་བའོ།
།གཉིས་པ་གང་འདུལ་ལ་གཉིས་ཏེ། འཇིག་རྟེན་པའི་གང་འདུལ། འདས་པའི་གང་འདུལ་ལོ།
།བཞི་པ་སྤྲུལ་པ་ལ་ཡང་དེ་བཞིན་ནོ།
།ལྔ་པ་བསྒྱུར་བ་ལ་བཞི་སྟེ། འབྱུང་བཞི་ཕྲ་རགས་སུ་བསྒྱུར་བ་དང་། སེམས་ཅན་ཕྲ་རགས་སུ་བསྒྱུར་བ། ༼ལྷ་སྐུ་སྣ་ཚོགས་སུ་བསྒྱུར་བ།༽ སྣང་སྟོང་ཞེན་བྲལ་དུ་བསྒྱུར་བའོ།
།དྲུག་པ་ཡུལ་སྣང་ལ་བཞི་སྟེ། དབང་པོ་རབ་དམིགས་མེད་གསལ་མཁྱེན། འབྲིང་གང་བསམ་གསལ་མཐོང་། ཐ་མ་ཡིད་ལུས་མཁའ་ལྡིང་། དམན་པ་དམིགས་པའི་ཡུལ་སྣང་ངོ་།
།དེ་ལ་གསུམ་སྟེ། བདག་མེད་མ་ཡུལ་སྣང་འཆར་བྱེད། ཨ་ཡུལ་སྣང་རང་གསལ། ཐིག་ལེ་ཡུལ་སྣང་གསལ་བྱེད་དོ།
།བཞི་པ་འོད་གསལ་ལ་གསུམ་སྟེ། སྔོན་འགྲོ། དངོས་གཞི། རྗེས་སོ།
།དང་པོ་ལ་བཞི་སྟེ། རྩ་བ་མི་རྟག་སྐྱོ་ཤས། ཡལ་༼ག་༽སྤྱོད་ལམ་དམ་རྫས། ལོ་འདབ་ཐབས་ལམ་རང་དྭངས། མེ་ཏོག་གསོལ་འདེབས་འཆར་བྱེད་དོ།
།གཉིས་པ་ལ་བཞི་སྟེ། འོད་གསལ་བཟུང་བ། ལམ་ཁྱེར་བསྲེ་བ། མཐར་ཐུག་གི་འོད་གསལ་ལོ།
།དང་པོ་ལ་དགུ་སྟེ། དུས་ཀྱི་གནད་གསུམ། ལུས་ཀྱི་གནད་གསུམ། དམིགས་པའི་གནད་གསུམ་མོ།
།གཉིས་པ་ལ་གཉིས་ཏེ། ཉིན་པར་སྐུ་གསུམ་ལམ་ཁྱེར། མཚན་མོ་སྐུ་གསུམ་རང་ཤར་རོ།
།གསུམ་པ་ལ་བཞི་སྟེ། གསལ་སྟོང་བདེ་ཆེན་དུ་བསྲེ་བ། ཉིན་མཚན་དབྱར་མེད་དུ་བསྲེ་བ། ལྟ་སྟངས་ཀྱིས་མཉམ་རྗེས་སུ་བསྲེ་བ། ཤེས་རབ་བདེ་སྟོང་དུ་བསྲེ་བའོ།
།བཞི་པ་མཐར་ཐུག་ལ་ལྔ་སྟེ། གསལ་སྟོང་རང་ཤར་གྱི་འོད་གསལ། བདེ་སྟོང་རང་ཤར་གྱི་འོད་གསལ། ཟབ་ཞི་སྤྲོས་བྲལ་གྱི་འོད་གསལ། དབྱེར་མེད་མཐར་ཐུག་གི་འོད་གསལ། དག་པ་གཉིས་ལྡན་གྱི་འོད་གསོལ་ལོ།
།གསུམ་པ་རྗེས་ལ་ལྔ་སྟེ། དམ་ཚིག་སྤྱི་དང་བྱེ་བྲག གེགས་སེལ་ཉེས་སྐྱོན་རང་གྲོལ། བོགས་དོན་ཐེ་ཚོམ་གཅོད་བྱེད། ཁྱད་འཕགས་འཆར་སྒོ་ངོས་འཛིན། ཉམས་རྟོགས་ཉིན་མཚན་ཁྱད་པར་རོ།
།ལྔ་པ་འཕོ་བ་ལ་བཞི་སྟེ། ཆོས་སྐུ་དེ་བཞིན་ཉིད་ཀྱི་འཕོ་བ་དང་། གཟུགས་སྐུ་ཟུང་འཇུག་གི་འཕོ་བ་དང་། བྱིན་རླབས་བླ་མའི་འཕོ་བ་དང་། འཆུགས་མེད་མཁའ་སྤྱོད་ཀྱི་འཕོ་བའོ།
།དྲུག་པ་བར་དོ་ལ་བཞི་ལས། རབ་བར་དོ་དང་པོའི་འོད་གསལ། འབྲིང་རྒྱལ་བ་ལོངས་སྐུ། ཐ་མ་སྤྲུལ་སྐུ་འགག་མེད་རང་ཤར། སྤྱི་གནད་འཆུགས་མེད་ལམ་ཁྱེར་རོ།
།ལམ་ལྔ་ས་བཅུའི་རིམ་པ་རྣམས། །མདོ་དང་རྒྱུད་ལས་གསུངས་པ་ལྟར། །རང་གིས་ཉམས་སུ་མྱོང་བྱས་ནས། །ཡིད་ཆེས་ལུང་གིས་བརྒྱན་པར་བྱའོ།
།ཆོས་དྲུག་རྡོ་རྗེའི་ཚིག་རྐང་ལས་ཅུང་ཞིག་གསལ་བར་ཁྱུང་པོ་རྣལ་འབྱོར་པས་བྱས་པའོ།། །།
Annotated version from BDRC W1KG4284 p.499 (needs corrections)
༈ ཆོས་དྲུག་རྡོ་རྗེའི་ཚིག་གསལ་བཞུགས་སོ།
།བླ་མ་དམ་པའི་ཞབས་པད་ལ། །གུས་༼ལུས་ངག་ཡིད་གསུམ་༽བཏུད་ཆོས་དྲུག་རྡོ་རྗེའི་ཚིག །མ་ནོར་མཁའ་འགྲོའི་༼ནི་གུ་མ་༽གསུང་བཞིན་དུ། །༼འདི་མོས་པའི་གང་ཟག་༽གཞན་༼རྣམས་༽ལ་ཕན་ཕྱིར་འདིར་འགོད་༼པར་༽བྱ༼འོ༽།
།དེ་ལ་རྡོ་རྗེ་འཆང་གིས་ཡེ་ཤེས་ཀྱི་མཁའ་འགྲོ་མ་༼ནི་གུ་མ་༽ལ་གསུངས་པའི་སྙན་བརྒྱུད་ཞལ་གྱི་གདམས་པ་འདི་ལ་དྲུག་སྟེ།
ཐབས་ལམ་བདེ་དྲོད་རང་འབར༼དང་༽། །སྒྱུ་ལུས་ཆགས་སྡང་རང་གྲོལ༼དང་༽། །རྨི་ལམ་ཉིང་འཁྲུལ་རང་དག༼དང་༽ །འོད་གསལ་གཏི་མུག་རང་སངས༼དང་༽། །འཕོ་བ་མ་སྒོམ་སངས་རྒྱས༼དང་༽། །བར་དོ་རྒྱལ་བ་ལོངས་༼སྤྱོད་རྫོགས་པའི་༽སྐུའོ།
དང་པོ་ཐབས་ལམ་ལ་གསུམ་སྟེ། སྔོན་འགྲོ་དང་། དངོས་གཞི་དང་། རྗེས་སོ།
།དང་པོ་༼སྔོན་འགྲོ་༽ལ་གསུམ་སྟེ། ༼སྡིག་སྒྲིབ་༽དག་བྱེད་ཨའི་སྟོང་ར། སྟོང་ར་༼སྡིག་སྒྲིབ་ནད་གདོན་ཐམས་ཅད་༽ནད་༼དང་༽གདོན་སེལ་༼བར་༽བྱེད༼པ་དང་༽། རྟགས་གསུམ་སྟོང་རའི་ཁྱད་པར་༼སལ་བར་བྱེད་པ་༽རོ།
།གཉིས་པ་༼ཐབས་ལམ་གྱི་༽དངོས་གཞི་ལ་ལྔ་སྟེ། ༼སྔོན་འགྲོ་༽ལུས་གནད་མེའི་སྟོང་ར༼དང་༽། ༼དངོས་གཞི་༽གཏུམ་མོ་ཟས་སུ་ཟ་བ༼དང་༽། གཏུམ་མོ་གོས་སུ་གྱོན་པ༼དང་༽། གདན་དུ་འདིང་བ༼དང་༽། སྲིད་པའི་དབང་ཞུ་བའོ།
།གསུམ་པ་རྗེས་ལ་གཉིས་ཏེ། གེགས་རང་གྲོལ༼དང་༽། རླུང་རྟར་ཞོན་པའོ།
།གཉིས་པ་སྒྱུ་ལུས་ལ་གསུམ་སྟེ། དབང་པོ་རབ་གྲོགས་༼བྲལ་མེད་༽སུ་བླ་མ་དམ་པ་བསྟེན་པ། ༼གཏམ་ལ་སོགས་༽འབྲིང་ཚིག་གཞན་གྱིས་བར་མ་ཆོད་པར་འཁྲིད་པ༼དང་༽། ཐ་མ་མལ་གཅིག་ཏུ་༼ཡེངས་མེད་དུ་བསྒོམས་པས་རྒྱུད་ལ་༽ཏིང་ངེ་འཛིན་བསྐྱེད་པའོ།
།དང་པོ་དབང་པོ་རབ་ལ་གཉིས་ཏེ། གསོལ་༼བ་རྩེ་གཅིག་ཏུ་༽འདེབས་༼པ་ཤིང་ཅིར་སྣང་ཐམས་ཅད་བླ་མའི་༽ལམ་ཁྱེར་དང་། ཅིར་སྣང་༼ཐམས་ཅད་༽བདེན་མེད་༼དུ་༽ལམ་ཁྱེར་རོ།
།གཉིས་པ་དབང་པོ་འབྲིང་ལའང་གཉིས་ཏེ། རང་ལུས་སྣང་སྟོང་ལྷ་སྐུ་༼དབྱེར་མེད་༽དང་། ཅིར་སྣང་༼ཐམས་ཅད་༽སྒྱུ་མའི་༼རྨི་ལམ་༽ལམ་ཁྱེར་རོ།
།གསུམ་པ་དབང་པོ་ཐ་མ་ལ་བཞི་སྟེ། འགྲོ་དྲུག་༼ཐམས་ཅད་བདེན་མེད་༽སྒྱུ་མར་འཆར་༼བར་༽བྱེད༼པའི་ཆོས་འབྱུང་བསྒོམས་པ་དང་༽། ནད་གདོན་༼ཐམས་ཅད་༽སྒྱུ་མའི་༼རྨི་ལམ་༽ལམ་ཁྱེར༼བ་དང་༽། འཆར་༼དྲོད་སྒྱུ་མ་རང་ཤར་༽བྱེད་༼རྨི་ལམ་ཟང་ཟིང་༽ཡོན་ཏན་ཚོགས་དྲུག །ཞེན་མེད་སྒྱུ་མ་རང་ཤར་རོ།
།གསུམ་པ་རྨི་ལམ་ལ་དྲུག་སྟེ། རྨི་ལམ་བཟུང་བ་༼རྨི་ལམ་རང་ཟིན་༽དང་། སྦྱོང་བ། སྤེལ་བ། སྤྲུལ་པ༼འགྲོ་དྲུག་སྨིན་གྲོལ་ལམ་༽། བསྒྱུར་བ། ཡུལ་༼གཏན་ལ་དབབ་པ་༽སྣང་ངོ་།
།དང་པོ་རྨི་ལམ་བཟུང་བ་ལ་གཉིས་ཏེ། རང་ཟིན་པ་དང་། འཆུགས་མེད་དོ།
།དང་པོ་༼རང་ཟིན་༽ནི། ཐིག་ལེ་དབང་བཞིའི་གནད་དོ།
།གཉིས་པ་གནད་འཆུགས་མེད་ལ་དགུ་སྟེ། དུས་ཀྱི་གནད་གསུམ༼ཐོ་རང་ཞོགས་པས་ཉི་མ་ཤར་བའོ༽། ལུས་ཀྱི་གནད་གསུམ༼དཀྱིལ་དཀྲུང་ཙོག་པུ་སེང་གེའི་ཉལ་ཐབས༽། དམིགས་པའི་གནད་༼རྟོག་མེད་གཉིས་༽གསུམ་མོ༼རྟོག་བཅས་གཅིག༽།
།གཉིས་པ་སྦྱང་བ་ལ་བཞི་སྟེ། སེམས་ཀྱིས་ལུས་སྦྱང་བ༼དང་༽། ལུས་ཀྱིས་སེམས་སྦྱང་བ༼དང་༽། བདག་མེད་མས་སྦྱང་བ༼དང་༽། འདུན་པས་སྦྱང་བའོ།
།གསུམ་པ་སྤེལ་བ་ལ་གཉིས་ཏེ། ཐུག་ཕྲད་དུ་སྤེལ་བ་དང་། གང་འདུལ་དུ་སྤེལ་བའོ།
།དང་པོ་ལ་བཞི་༼ཐུགས་ཕྲད་༽སྟེ། འབྱུང་བ་ཕྲ་བ་ལ་སྤེལ་བ༼དང་༽། རགས་པ་ལ་སྤེལ་བ༼དང་༽། སེམས་ཅན་ཕྲ་བ་ལ་སྤེལ་བ༼དང་༽། རགས་པ་ལ་སྤེལ་བའོ།
།གཉིས་པ་གང་འདུལ་ལ་གཉིས་ཏེ། འཇིག་རྟེན་པའི་གང་འདུལ༼གཅན་ག་ཟན་སེང་གེ་བྱ་ཁྱི་སྟག་ལ་སོགས་པ་དང་༽། འདས་པའི་༼ཁྲོ་བོ་དང་ཁྱུང་ལ་སོགས་པ་༽གང་འདུལ་ལོ།
།བཞི་པ་སྤྲུལ་པ་ལ་ཡང་དེ་བཞིན་ནོ།
།ལྔ་པ་བསྒྱུར་བ་ལ་བཞི་སྟེ། འབྱུང་བཞི་ཕྲ་རགས་སུ་བསྒྱུར་བ་དང་། སེམས་ཅན་ཕྲ་རགས་སུ་བསྒྱུར་བ༼དང་༽། ལྷ་སྐུ་སྣ་ཚོགས་སུ་བསྒྱུར་བ༼དང་༽། སྣང་༼སྐུ་དེ་རྣམས་ཐམས་ཅད་༽སྟོང་ཞེན་བྲལ་དུ་བསྒྱུར་བའོ།
།དྲུག་པ་ཡུལ་སྣང་ལ་བཞི་སྟེ། དབང་པོ་རབ་དམིགས་མེད་གསལ་མཁྱེན༼དང་༽། འབྲིང་གང་བསམ་གསལ་མཐོང་༼དང་༽། ཐ་མ་ཡིད་ལུས་མཁའ་ལྡིང་༼དང་ཁྱུང་༽། དམན་པ་དམིགས་པའི་ཡུལ་སྣང་ངོ་།
།དེ་ལ་གསུམ་སྟེ། བདག་མེད་མ་ཡུལ་སྣང་འཆར་བྱེད༼དང་༽། ཨ་ཡུལ་སྣང་རང་གསལ༼བྱེད་དང་༽། ཐིག་ལེ་ཡུལ་སྣང་གསལ་བྱེད་དོ།
།བཞི་པ་འོད་གསལ་ལ་གསུམ་སྟེ། སྔོན་འགྲོ། དངོས་གཞི། རྗེས་སོ།
།དང་པོ་༼སྔོན་འགྲོ་༽ལ་བཞི་སྟེ། རྩ་བ་༼འཆི་བ་༽མི་རྟག་༼པ་དང་༽སྐྱོ་ཤས༼བསྐྱེད་པའོ༽། ཡལ་༼ག་དམ་ལ་ཁ་ཟས་སྣུམ་པ་༽སྤྱོད་ལམ་༼ཀཱ་པ་ལ་༽དམ་རྫས༼ཚོགས་དང་༽། ལོ་འདབ་༼བསྒོམས་པས་རིགས་པ་༽ཐབས་ལམ་རང་དངས། མེ་ཏོག་༼བླ་མའི་༽གསོལ་འདེབས་༼ཀྱི་འོད་གསལ་༽འཆར་བྱེད་དོ།
།གཉིས་པ་༼དངོས་གཞི་༽ལ་བཞི་སྟེ། འོད་གསལ་བཟུང་བ༼དང་༽། ལམ་ཁྱེར་༼དང་༽བསྲེ་བ༼དང་༽། མཐར་ཐུག་གི་༼རང་ཤར་གྱི་༽འོད་གསལ་ལོ།
།དང་པོ་༼བཟུང་བ་༽ལ་དགུ་སྟེ། དུས་༼ཉི་ཤར་ཐོ་རངས་ནམ་ལངས་པ་༽ཀྱི་གནད་གསུམ། ལུས་༼དཀྱིལ་དཀྲུང་ཙོག་པུ་སེང་གེའི་ཉལ་ཐབས་༽ཀྱི་གནད་གསུམ། དམིགས་པའི་གནད་༼ཨའི་བདག་མེད་མ་བླ་མའི་༽གསུམ་མོ།
།གཉིས་པ་༼ལམ་ཁྱེར་༽ལ་གཉིས་ཏེ། ཉིན་པར་སྐུ་གསུམ་ལམ་ཁྱེར། ༼རྨི་ལམ་དུ་༽མཚན་མོ་སྐུ་གསུམ་རང་ཤར་རོ།
།གསུམ་པ་ལ་༼བསྲེ་བ་ལ་༽བཞི་སྟེ། གསལ་སྟོང་བདེ་ཆེན་དུ་བསྲེ་བ༼དང་༽། ཉིན་མཚན་དབྱར་མེད་དུ་བསྲེ་བ༼དང་༽། ལྟ་སྟངས་༼གླང་པོ་ཆེའི་༽ཀྱིས་མཉམ་༼བཞག་དང་༽རྗེས་སུ་བསྲེ་བ༼དང་༽། ཤེས་རབ་༼མའི་བདེ་བ་༽བདེ་སྟོང་དུ་༼དབྱེར་མེད་དུ་༽བསྲེ་བའོ།
།བཞི་པ་མཐར་ཐུག་༼གི་འོད་གསལ་༽ལ་ལྔ་སྟེ། གསལ་སྟོང་རང་ཤར་གྱི་འོད་གསལ༼དང་༽། བདེ་སྟོང་རང་ཤར་གྱི་འོད་གསལ༼དང་༽། ཟབ་ཞི་སྤྲོས་བྲལ་གྱི་འོད་༼འདུས་མ་བྱས་དང་༽གསལ། དབྱེར་མེད་མཐར་༼བདེ་གསལ་མི་རྟོག་གསུལ་༽ཐུག་གི་འོད་གསལ༼རང་ཤར་དང་༽། དག་པ་༼ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག་པའི་༽གཉིས་ལྡན་གྱི་འོད་གསོལ་ལོ།
།གསུམ་པ་རྗེས་ལ་ལྔ་སྟེ། དམ་༼རྩ་བ་དང་ཡན་ལག་གི་༽ཚིག་སྤྱི་དང་བྱེ་བྲག༼ཟབ་ཞི་སྤྲོས་བྲལ་གྱི་འོད་གསལ་ལུས་མ་བྱས་འོད་གསལ་བདེ་གསལ་མི་རྟོག་གསུམ།༽ །གེགས་སེལ་༼དང་༽ཉེས་སྐྱོན་རང་གྲོལ༼དང་༽། བོགས་དོན་ཐེ་ཚོམ་གཅོད་བྱེད༼དང་༽། ཁྱད་འཕགས་འཆར་༼འོད་གསལ་གྱིས་༽སྒོ་ངོས་འཛིན། ཉམས་རྟོགས་༼འོད་གསལ་དང་༽ཉིན་མཚན་༼གཉིས་ཀྱི་༽ཁྱད་པར་རོ།
།ལྔ་པ་འཕོ་བ་ལ་བཞི་སྟེ། ཆོས་སྐུ་༼འོད་གསལ་༽དེ་བཞིན་ཉིད་ཀྱི་འཕོ་བ་དང་། གཟུགས་སྐུ་༼གསལ་སྟོང་དང་བདེ་སྟོང་༽ཟུང་འཇུག་གི་འཕོ་བ་དང་། བྱིན་རླབས་བླ་མའི་འཕོ་བ་དང་། འཆུགས་མེད་མཁའ་སྤྱོད་༼དཀར་དམར་༽ཀྱི་འཕོ་བའོ།
།དྲུག་པ་བར་དོ་ལ་བཞི་ལས། ༼དབང་པོ་༽རབ་བར་དོ་དང་པོའི་འོད་གསལ༼རང་ཤར༽། འབྲིང་རྒྱལ་བ་ལོངས་སྐུ༼རང་ཤར་བ་དང་༽། ཐ་མ་སྤྲུལ་སྐུ་འཆུག་མེད་རང་ཤར༼དང་༽། སྤྱི་གནད་འཆུགས་མེད་ལམ་ཁྱེར་རོ།
།ལམ་ལྔ་ས་བཅུའི་རིམ་པ་རྣམས། །མདོ་དང་རྒྱུད་ལས་གསུངས་པ་ལྟར། །རང་གིས་ཉམས་སུ་མྱོང་བྱས་ནས། །ཡིད་ཀྱི་ལུང་གིས་བརྒྱན་པར་བྱའོ།
།ཆོས་དྲུག་རྡོ་རྗེའི་ཚིག་རྐང་ལས་༼བདག་ཁྱུང་པོ་རྣལ་འབྱོར་པས་༽ཅུང་ཞིག་གསལ་བར་བྱས་པ་རྫོགས་སོ། སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག། །།