'byams gcod 2
Resource ID | Sup28 |
---|---|
Title | 'byams gcod |
Topics | Dream Yoga |
Sub-Topics | 'byams gcod |
Link | BUDA MW2PD20238 |
༄༅། །འབྱམས་གཅོད།།
བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ།
རྨི་ལམ་འབྱམས་པ་བཅད་པ་ལ་སྤྱི་དང་བྱེ་བྲག་གོ །དེ་ལ་གཉིས། ཕྱིའི་བསོད་ནམས་བསག་པ་དང་། རྣལ་འབྱོར་ནང་གི་ཚོགས་སོག་གོ །དེ་མང་ཕྱག་ལེན་འདི་ལ་མཛད་དོ།
།རང་གི་སེམས་ཧཱུྃ་གི་རྣམ་པར་སྣ་བུག་ནས་འཐོན་ནས་པདྨ་དང་ཟླ་བའི་སྟེང་དུ་ཡི་དམ་གྱི་ལྷར་གྱུར་པར་བསམ། དེ་ནས་རང་གི་ཐོད་པ་ཕོག་ལ་དེར་རང་གི་ལུས་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་དུ་བྱིན་གྱིས་བརླབས་ལ། ཡི་དམ་ཀྱི་ལྷ་དང་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ལ་དབུལ་ལོ། །འདི་མ་ཆག་ན་དམ་ཚག་གི་ཉམས་པ་ཐམས་ཅད་སྐོངས་པ་དང་། རྨི་ལམ་གསལ་པོར་འཛིན་པ་ཡིན་ནོ། །བྱེ་བྲག་དུ་གཅད་པ་ལ་རྨི་ལམ་ལ་རྨི་ལམ་དུ་ཤེས་བཞིན་དུ་སྒྱུ་མར་མ་ཆོད་པར་འབྱམས་ན་སྒྱུ་མའི་རྒྱན་ཆུངས་པ་ཡིན་པས། སྣང་བ་ཐམས་ཅད་འཁྲུལ་པའི་སྣང་བ་ཡིན་པར་ཤེས་པར་བྱས་ལ་གཞན་འཁྲུལ་པའི་རྗེས་སུ་མི་བརྟག །རང་སྣང་སྒྱུ་མར་ཆོད་པར་བྱ། འདི་གོལ་པ་བྱ་བར་ཡང་འགྲོ་གསུང་། སད་འབྱམས་ལ་ནང་པར་སྙིང་གི་ནང་དུ་མར་མེ་སོར་བཞི་པ་ཅིག་ལ་མ་ཡེངས་པར་དམིགས་པ་གཏད་ལ། རྨི་ལམ་གྱི་འདུན་པ་དྲག་ཏུ་བཏང་། མཚན་མོ་གཉིད་དུ་འགྲོ་ཁར་བག་ཆགས་ཀྱི་མཚན་མ་རིམ་པ་ཅིག་འབྱུང་། དེ་མང་པོར་སྤེལ་ལ་རྨི་ལམ་ཡིན་སྙམ་པ་ཡང་ཡང་དུ་བཏང་། འོག་རླུང་བསྐུམ་བྱས་ལ་འཕུར་བ་ལ་སོགས་པ་བྱའོ། །མིག་མི་འབྱེད་པར་བྱའོ། །གཏུམ་མོ་སྒོམ་པ་ཡང་ཡིན་གསུང་། འདི་ལ་ཉམས་འཆར་རོ། །སེད་འབྱམས་ལ་རྐང་པ་གཞིན་ནས་ལ་འོག་རླུང་འཐེན། ཁུ་ཚུར་བཅང་། མིག་ནམ་མཁའ་ལ་བཟློག །ལྕེ་རྐན་ལ་སྦྱར་ལ་ནོར་བུའི་རྩེར་ཧཱུྃ་མཇུག་མ་སྦྲེལ་བ་ཅིག་བསམ། སྤྱི་བོར་ཧཱུྃ་མགོ་ཐུར་ལ་ལྟས་པ་ཅིག་བསམས་ལ། དེ་ནས་ཧཱུྃ་ཞེས་བརྗོད་ཅིང་འཐེན་པ་བཞིན་ཡར་དྲང་བར་བྱའོ། །མཐར་ཧཱུྃ་ཧཾ་ལ་འབྱར་རྨི་ལམ་གྱི་འདུན་པ་བཏང་ངོ་། །སྤྱིར་ན་ཉིན་པར་གྱི་སྣང་བ་སྒྱུ་མར་མ་ཆོད་པར་བག་ཆགས་གྱི་དབང་དུ་སོང་ཡང་། དེ་དང་ཆ་མཚུངས་སུ་ནུན་མོ་ཡང་འབྱུང་བས་དེ་ཉིན་པར་གཅོད་པ་གལ་ཆེའོ། །དེ་དག་བྱེ་བྲག་དུ་གཅད་པའོ། །གཞན་ཡང་ཚིག་གཞན་གྱིས་བར་མ་ཆོད་པར་ཁྲིད་པ་དང་། མལ་ཅིག་དུ་བསྐྱེད་པ་དང་། གྲོགས་སུ་བླ་མ་དམ་པ་བརྟེན་པ་གསུམ་གྱིས་འབྱམས་པ་ཐམས་ཅད་རང་ཆོད་ལ་འགྲོ་གསུང་། ཡང་འཁྲུལ་འབྱམས་ལ་ཏིང་ངེ་འཛིན་གྱི་དབང་བསྐུར་དང་། རྣལ་འབྱོར་ནང་གི་ཚོགས་སོག་མང་དུ་བྱའོ།
།ཡང་སྒྱུ་མ་དཔེ་དོན་གཉིས་ལས། དཔེ་ནི་མེ་ལོང་གི་གཟུགས་བརྙན་ནམ། སྨིག་སྒྱུ་ལྟ་བུ་ཡིན་ལ། དོན་ནི་རང་གི་རྨི་ལམ་ཟིན། སྣང་བ་མ་འགགས་ལ་རང་བཞིན་མེད་པར་ཤེས་པ་དེ་ཡིན་ནོ། །འདི་དག་ནི་ཕྱི་བག་ཆགས་རྐྱེན་ལས་བྱུང་ལ་ནང་འཛིན་པ་རྣམ་རྟོག་འཁྲུལ་པ་ཡིན་ནོ། །རང་ལྷ་སྐུའི་ངང་ལས་བརྒྱན་ལ་སོགས་པ་སྤྱན་ཕྱིན་འདི་ལྟ་བུ་ཡིན་སྙམ་པས་སྦྱང་ངོ་། །གསང་བར་བྱའོ།