Mkhas grub gtsang ma shangs ston gyi rnam thar

From Shangpa Resource Center








Resource ID SCv1p455
Title mkhas grub gtsang ma shangs ston gyi rnam thar
Topics Biography
Author Rigpé Dorjé
Associated Person Tsangma Shangtön

༄༅། །མཁས་གྲུབ་གཙང་མ་ཤངས་སྟོན་གྱི་རྣམ་ཐར་བཞུགས་སོ།།

༈ མཁས་གྲུབ་བླ་མའི་ཞབས་ལ་ཕྱག་འཚལ་ལོ།
།མཁྱེན་པས་ཤེས་བྱའི་དཀྱིལ་འཁོར་ཐམས་ཅད་མངོན་སུམ་གཟིགས། །ཐུགས་རྗེས་འགྲོ་ཀུན་བྱང་ཆུབ་མཆོག་ལ་འགོད་མཛད་ཅིང་། །ནུས་པས་བདུད་དང་མུ་སྟེགས་མ་ལུས་ཚར་གཅོད་པའི། །མཉམ་མེད་མཁས་གྲུབ་ཤངས་སྟོན་ཞབས་ལ་སྤྱི་བོས་འདུད།
།འདི་ནི་མཁས་གྲུབ་ཤངས་སྟོན་གྱི། །རྣམ་པར་ཐར་པ་མདོར་བསྟན་ཡིན། །གསུང་ལས་དངོས་སུ་ཐོས་པ་རྣམས། །ལེགས་པར་བཤད་ཀྱི་གུས་པས་ཟུངས། །འཇིག་རྟེན་བློས་བཏང་བསྟན་ལ་དད་པས་རབ་བྱུང་སྟེ། །ལུང་དང་རིགས་པ་མན་ངག་ཀུན་ལ་ཐོས་བསམ་མཛད། །མཁས་གྲུབ་བླ་མ་མཉེས་བྱས་ཏེ། །ཟབ་མོའི་དོན་རྣམས་མ་ཡེངས་བསྒོམས། །ཉམས་རྟོགས་མ་ལུས་མཐའ་རུ་ཕྱིན། །ཡོན་ཏན་ཕུན་ཚོགས་སྦས་ཚུལ་གྱིས། །ཡང་དག་ཆོས་རྣམས་འགྲོ་ལ་བསྟན། །སྐལ་ལྡན་མ་ལུས་སྨིན་པར་མཛད། །བདུན་ཅུ་རྩ་དྲུག་དུས་སུ་ཞིང་འདིར་འདས་ཏེ་ངོ་མཚར་ལྟས་དང་བཅས་ནས་ཤར་ཕྱོགས་ཞིང་དུ་སངས་རྒྱས་སོ།
།དེ་ལ་རིན་པོ་ཆེ་མཁས་གྲུབ་ཤངས་སྟོན་ཆོས་རྗེའི་འཁྲུངས་ཡུལ་གཡས་རུ་ཤངས་ཀྱི་ལུང་པ་ཁོང་རྒྱ། གྲོང་ཡང་སྒང་། གདུང་རུས་ར། ཡབ་དཔོན་པོ་དཀོན་མཆོག །ཡུམ་ཇོ་དགེ། ཆོས་རྗེ་པ་ཡབ་ཡུམ་གྱི་ལྷུམས་སུ་ཞུགས་པ་ན་ཡབ་ཡུམ་ལ་བཀྲ་ཤིས་པའི་རྨི་ལམ་མང་པོ་བྱུང་། འཁྲུངས་ནས་ཡུལ་མི་རྣམས་ཀྱང་སྔར་བས་བདེ་སྐྱིད་ཆེར་སོང་། ཡབ་ཡུམ་ཡང་ཕྱུག་ཅིང་རྒྱས་སུ་སོང་། ཆོས་རྗེའི་དྲུང་ནས་བག་ཆགས་སད་པ་ཡིན་པར་འདུག །བུ་ཆུང་གི་དུས་ན་ཟས་ལ་སྲེད་པའང་མེད། འཁོར་བའི་ཉེས་དམིགས་རྟག་ཏུ་དྲན་ཏེ་འཁོར་བ་ལ་སྐྱོ་ཤས་དྲག་པོ་སྐྱེས། ནམ་འཆི་ཆ་མེད་འདུག་སྙམ་པ་དང་། རི་ཁྲོད་དགོན་པ་མཐོང་ཙ་ན་དགའ་ཡལ་ཡལ་བ་བྱུང་། དེ་ཚེ་སྔོན་ཡང་རི་ཁྲོད་འགའ་རེ་འགྲིམ་པའི་རྟགས་སུ་གདའ་བ་ཧེ་ཧེ་གསུངས། ཆོས་རྗེའི་ཞལ་ནས། ངས་ལོ་བརྒྱད་དགུའི་དུས་སུ་འབྲི་ཀློག་ལེགས་པར་ཤེས། ལོ་བཅུ་གསུམ་ལ་བླ་མ་ཉི་ཐོག་པ་ལ་མཁན་པོ་ཞུས། སློབ་དཔོན་ཤངས་པ་ཚུལ་ཤེ་ལ་སློབ་དཔོན་ཞུས་ནས། ད་ལྟའི་བར་དུའང་ཉན་ཐོས་ཀྱི་བཅས་པ་དང་འགལ་ཙམ་མ་མྱོང་། དེ་ནས་ལོ་བཅོ་བརྒྱད་ལ་པོ་ཏི་གཉིས་ལ་བཤད་གསར་བྱས། དེ་ནས་སློབ་དཔོན་ཚུལ་ཤེའི་གསུང་ནས། ཁྱོད་ཀྱི་བློ་འདི་ཚད་མ་གོ་བའི་བློ་རིག་ཡིན་པ་འདྲ་བས་སློབ་གསུངས། རྣམ་ངེས་ཀྱི་གཞུང་གཅིག་གནང་། ཚད་མ་ཉན་མ་ཐག་ནས་སློབ་དཔོན་གྱིས་ས་བཅད་བཏབ་བྱུང་བ་དང་། ངས་ཤོག་ལོགས་དེའི་དོན་སིལ་སིལ་གོ་བ་བྱུང་ཏེ། ཚད་མ་ཡང་མཁས་པར་བསླབ། སྟོན་པའང་དབུས་གཙང་ན་ང་རང་བཟང་སྙམ་པ་བྱས། ཡང་སློབ་དཔོན་ཚུལ་ཤེ་ལ་བྱམས་པའི་ཆོས་ལྔ། རྒྱས་པའི་བསྟན་བཅོས་ས་སྡེ་ལྔ། བསྡུས་པའི་བསྟན་བཅོས་སྡོམ་རྣམ་གཉིས། དབུ་མ་རིགས་པའི་ཚོགས་དྲུག་ལ་སོགས་པ་ཞུས། ཡང་གཤིན་རྗེ་གཤེད་དམར་ལྷ་ལྔའི་དབང་རྒྱུད། སྒྲུབ་ཐབས་ལས་ཚོགས་དང་བཅས་པ་དང་། སྒྲོལ་མའི་དབང་། རྣམ་འཇོམས་ཀྱི་དབང་། སྒྲུབ་ཐབས་དང་བཅས་པ་ཞུས། བླ་མ་མདའ་སྟོན་ལྷ་རིན་ལ་ཀྱཻ་རྡོ་རྗེའི་དབང་། རྒྱུད་སྒྲུབ་ཐབས་དང་བཅས་པ། དྲིལ་བུ་པའི་དབང་། སྒྲོལ་མ་དང་ཀུན་རིག་གི་དབང་། ཕྱག་ན་རྡོ་རྗེ་མདོ་ལུགས་ཀྱི་དབང་། སྒྲུབ་ཐབས། དེ་ཉིད་འདུས་པའི་རྒྱུད་རྡོ་རྗེ་རྩེ་མོ། དཔལ་མཆོག་དང་པོ། ངན་སོང་སྦྱོང་རྒྱུད། རྡོ་རྗེ་འབྱུང་བ། གཙུག་དགུ། རྡོ་རྗེ་རྣམ་འཇོམས། གཙུག་ཏོར་རྣམ་རྒྱལ། ཐུགས་རྗེ་ཆེན་པོ། གུར་མགོན། སེང་གེ་སྒྲ་ཡི་དབང་ལ་སོགས་པ་མང་པོ་ཞུས་གསུངས། གཡའ་ལུང་དགོན་གསར་པའི་དྲུང་དུ་ལམ་རིམ། བློ་སྦྱོང་། གནས་བརྟན་བཅུ་དྲུག་གི་གསོལ་འདེབས་དང་། ཤེར་སྙིང་མདོ་སྒྲུབ་ལ་སོགས་པ་མང་དུ་ཞུས། ཡང་མདོ་བོ་རུ། ཀརྨ་པ་ལ་རྒྱལ་བ་རྒྱལ་མཚོ། སྐུ་གསུམ་ངོ་སྤྲོད། བསམ་གཏན་ཐུན་འཇོག་རླུང་སེམས་དབྱེར་མེད་ལ་སོགས་པ་མང་དུ་ཞུས་གསུངས། ཡང་ཆོས་རྗེའི་ཞལ་ནས། ངས་དེ་དུས་ནས་བདེ་མཆོག་ལ་བསྙེན་པ་དུང་ཕྱུར་སོང་། བསྐྱེད་རིམ་བརྟན་པོ་ཡོད། ངས་བྱིན་རླབས་བྱས་པ་དང་། སྔགས་ཆུ་བྱིན་པས་གཞན་གྱི་ནད་གདོན་སེལ་ནུས་པ་བྱུང་ཡང་། ད་རུང་འདིས་མི་ཕན། གྲུབ་ཐོབ་ཀྱི་བླ་མ་ཞིག་བཙལ་ལ་བསྒོམ་དགོས་སྙམ་སྟེ། སློབ་དཔོན་ཚུལ་ཤེ་ལ་དེ་ཞུས་པས། སློབ་དཔོན་ན་རེ། ང་ཡང་དེ་འདྲ་ཞིག་སྙམ་ནས་ཡོད། རང་རེ་གཉིས་རྒྱ་གར་ལ་འདེངས། ངས་སྔོན་མ་འགྲོ་ཡིས། ཁྱོད་རང་ཡུལ་ནས་གསེར་དུམ་པ་གཅིག་ཁྱེར་ལ་ཕྱི་ལ་ཤོག །ངས་གླང་སྐོར་དུ་བསྒུག་ཀྱིས་གསུངས། དེར་ངས་ཕྱིན་པས་མར་ལ་ཐང་དུ་སློབ་དཔོན་དང་། སློབ་དཔོན་གྱི་གྲྭ་པ་རྣམས་གླང་སྐོར་ནས་ལྡོག་ནས་སླེབ་བྱུང་སྟེ། ཡུལ་གཞིས་ཡོད་པ་ཐམས་ཅད་གཙོང་། ལུང་པ་ལ་ནས་ཁལ་འགྱེད་བྱས། སློབ་དཔོན་ལ་འབུལ་བས་མཉེས་པར་བྱས། ཉེ་འབྲེལ་རྣམས་དང་། ལོངས་སྤྱོད་བན་བུན་འདུག་པ་བློས་བཏང་། ཡོལ་ཕུ་རི་གོང་ན་སངས་རྒྱས་སྟོན་པ་བྱ་བའི་གྲུབ་ཐོབ་ཅིག་བཞུགས་ཟེར་བའི་སྙན་པ་ཐོས་ནས། དབུས་སུ་རི་གོང་དུ་སངས་རྒྱས་སྟོན་པ་དང་མཇལ། ཚེ་སྔོན་གྱི་བླ་མ་ཡིན་པ་འདྲ་བས། རང་དབང་མེད་པའི་མོས་གུས་སྐྱེས། མཆི་མ་ཤོར། དུས་དེར་དགེ་སྦྱོར་བཟང་པོ་བྱུང་། དེ་ནས་སྒྱུ་མ་རྨི་ལམ་སྤྱིའི་དབང་བསྐུར་ཞུས་ནས་ཆོས་དྲུག་གི་ཁྲིད་བསྐྱངས་པས། ཐབས་ལམ་གྱི་སྔོན་འགྲོ་རང་ལ་ཞག་བདུན་ལ་དྲོད་མེ་བཞིན་ཏུ་འབར་ནས་རས་ཐུབ་པ་བྱུང་། སྒྱུ་ལུས་དབང་པོ་འབྲིང་གི་དམིགས་པ་བསྒོམས་པས་ཞག་གསུམ་གྱི་ནུབ་མོ་ལྷ་སྐུ་རང་ཤར། དེ་རྨི་ལམ་དུ་ཤེས། དེ་སྒྱུ་མར་ཤེས་ནས། སྦྱོངས་སྤེལ་སྤྲུལ་སྒྱུར་ནུས་པ་དང་། ཡུལ་སྣང་འདྲེས་པའི་གསལ་ཆ་ལ། །དབུས་གཙང་གི་ས་རྡོ་རི་བྲག་ཆེ་ཆུང་མེད་པར་ཐམས་ཅད་རྗེན་ནེ་མཐོང་པ་བྱུང་། དེ་བླ་མ་ལ་ཞུས་པས། ང་བས་ཀྱང་ཁྱོད་དགེ་སྦྱོར་གྱི་སྐྱེ་ཚུལ་བཟང་བར་འདུག །དོན་ཁྲིད་ལེགས་པར་ཐོབ་པ་ཡིན། ད་ཆོས་དྲུག་བཤད་པས་ཆོག་པར་འདུག་གསུངས། ད་རུང་རིམ་པ་ལྟར་ག་ལེ་སྐྱོང་བ་ཞུ་ཞུས་ནས་བསྒོམས་པས། སྣང་བ་ཐམས་ཅད་བདེན་མེད་སྒྱུ་མར་ཤར། ནུབ་མོ་རྨི་ལམ་གྱི་སྟོབས་ཆེན་པོ་བྱུང་། ཡུལ་སྣང་ཡང་སངས་རྒྱས་ཀྱི་ཞིང་ཁམས་འགའ་རེ་བལྟ་ནུས་པ་བྱུང་གསུངས། ཡང་ཆོས་རྗེའི་ཞལ་ནས། ནུབ་གཅིག་རྨི་ལམ་ན། རྟ་ཞོན་པ་གཅིག་གིས་ངའི་སྙིང་ཁར་མདུང་རྒྱབ་ནས་ང་བསད་པར་རྨིས། དེར་ང་ཤི་འདུག །བར་དོ་འདུག་སྙམ་དུ་ཤེས་བྱུང་། དེ་ནས་ཞག་མང་དུ་བར་དོ་འཁོར་མར་ཟིན་པ་བྱུང་། དེ་བླ་མ་ལ་ཞུས་པས། རྟ་པ་དེ་ཆོས་སྐྱོང་ཡིན། ཁྱོད་ཀྱི་བར་དོ་ཟིན་པའི་གྲོགས་བྱས་པ་ཡིན་གསུངས། སྤྱིར་རྨི་ལམ་བས་བར་དོ་ཟིན་དཀའ་བ་ཡིན་ཀྱང་ང་ལ་བར་དོ་ཟིན་སླ་བ་བྱུང་། ང་ལ་སྒྱུ་ལུས་དབང་པོ་འབྲིང་གི་སྐབས་སུ་དགེ་སྦྱོར་གཤའ་མར་ཐག་ཆོད་པ་ཞིག་བྱུང་། བླ་མའི་ཞལ་ནས་ཀྱང་། ཁྱེད་མཁས་བཙུན་གཞོན་ནུ་གྲུབ་གཉིས་ཀྱིས་སྐྱེ་ཚུལ་འདི། དབང་པོ་ཡང་རབ་ཀྱི་སྐྱེ་ཚུལ་ཡིན་ཁྱོད་གཉིས་ཀྱིས་ཁྱོ་ག་རེ་བྱེད་པ་འདྲ་བ་འདུག་གསུངས་ནས་མཉེས་པར་བྱུང་།
ཡང་ནུབ་གཅིག་གི་རྨི་ལམ་ན་ནམ་མཁའ་ཐམས་ཅད་ལྷ་སྐུ་ཤིག་གེར་སོང་འདུག་དེ་ཚོའི་གསེབ་ན། རྡོ་རྗེ་ཕག་མོ་གཅིག་ཁྱུག་གིས་བྱུང་ནས། དེས་ང་ལ་འཁྱུད་པས་ཟག་པ་མེད་པའི་བདེ་བ་དཔག་ཏུ་མེད་པ་སྐྱེ་བ་བྱུང་། དེ་བླ་མ་ལ་ཞུས་པས་བླ་མའི་ཞལ་ནས་དབང་བསྐུར་མཚན་ཉིད་པ་བྱ་བ་དེ་རུ་ཐོབ་འདུག་པ། ནམ་མཁའ་ཐམས་ཅད་ལྷ་སྐུར་སོང་བ་དེ་བུམ་དབང་པའི་ངོ་སྤྲོད་ཡིན། རྡོ་རྗེ་ཕག་མོས་རང་ལ་འཁྱུད་པ་དེ་གསང་དབང་གི་ངོ་སྤྲོད་ཡིན། ཟག་མེད་ཀྱི་བདེ་བ་སྐྱེས་པ་དེ་ཤེས་རབ་ཡེ་ཤེས་ཀྱི་ངོ་སྤྲོད་པ་ཡིན། སྣང་བ་མ་འགགས་པ་གང་དུ་ཡང་གྲུབ་པ་མེད་པའི་མི་རྟོག་པ་དེ་དབང་བཞི་པའི་ངོ་སྤྲོད་ཡིན་གསུངས། ཡང་སེམས་འཆི་མེད་ལ་ཡུན་ཟླ་བ་ལྔ་བྱས་ནས་ཞུས་པས། དེ་ནས་བཟུང་ཏེ་ལྷ་སྐུ་རང་ཤར་དུ་ཕལ་ཆེར་བྱུང་གསུངས། ཡང་རི་གོང་དུ་དབྱར་གཅིག་དགེ་སྦྱོར་འཇུར་པོ་བྱས་པས་ལུས་པོ་ཐམས་ཅད་སྐྲང་ནས། རླུང་རྐྱ་རྦབ་བྱུང་བ་ལ། བླ་མའི་ཞལ་ནས་འཁྲུལ་འཁོར་གྱིས་དང་ཕན་ཡོང་། ངས་འཆི་མེད་བྱིན་གྱིས་གསུངས་ཏེ་ལུས་འཆི་མེད་ཀྱི་བཀའ་གནང་། འཁྲུལ་འཁོར་བྱས་པས་ཞག་འགའ་ནས་ནད་དེ་ཡང་སོས། ལུས་ལ་ཡང་བདེ་ཉམས་ཁྱད་པར་ཅན་སྐྱེ་བ་བྱུང་། ལུས་འཆི་མེད་ལ་ངེས་ཤེས་ཐོབ། བླ་མའི་དྲུང་དུ་འཁྲུལ་འཁོར་བྱས་པས། ཨང་གྲོལ་གྱི་ཆུན་ཆེ་བས། གཟིམ་ཁང་མེར་མེར་པ་བྱུང་བས། ད་ཞོག་ཁང་པ་ཡང་འཇིག་ཉེན་ཆེ། ཁྱེད་ཀྱི་འཁྲུལ་འཁོར་འདི་ལས་བདེ་བ་ཆུན་ཆེ་བ་མ་མཐོང་ཁྱོད་བིར་ཝ་པ་ཆུང་ངུར་འདུག་གསུངས། ཕྱིས་མཆེད་གྲོགས་གཅིག་ལ་བསླབ་པས་དགེ་སྦྱོར་ལ་གནོད་པར་བྱུང་བས་རང་ཉམས་སུ་ལེན་པ་ཁེ་ཆེ་བར་འདུག་གོ་གསུངས། དེ་ནས་ཆོས་དྲུག་སྒོ་སྒོའི་དབང་དང་། མཁའ་སྤྱོད་དཀར་དམར་དང་། བདེ་མཆོག་ལྷ་ལྔའི་དབང་ཞུས། ཡང་རྒྱུད་སྡེ་ཆེན་པོ་བཞིའི་དབང་སྒྲུབ་ཐབས་དང་བཅས་པ་དང་། ཚེ་དཔག་མེད་ཀྱི་དབང་སྒྲུབ་ཐབས་དང་བཅས་པ་དང་། ཐུགས་རྗེ་ཆེན་པོ་སྐྱེར་སྒང་པའི་ཕྱི་ནང་གི་དབང་བཀའ་སྒྲུབ་ཐབས་ལས་ཚོགས་དང་བཅས་པ། ཕྱག་རྒྱ་ཆེན་པོ་གའུ་མའི་ཁྲིད། འཆུག་མེད་རྣམ་གསུམ་གྱི་ཁྲིད་དབང་བཀའ་དང་བཅས་པ་ཞུས། གཅོད་བཀའ་བརྒྱུད། ཉམས་བརྒྱུད། འཕྲུལ་གཅོད། ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་དབང་དང་སྒྲུབ་ཐབས་སྐོར། བླ་མ་མགོན་པོ་དབྱེར་མེད། བྱིན་གྱིས་བརླབས་པ་ལྷ་བཞིའི་དབང་དང་། སུ་ཀ་མ་སིདྡྷི་དབང་བསྐུར་སྐོར། སྡོམ་གསུམ་རང་གིས་བླང་བའི་ཆོ་ག །ནཱ་རོ་པའི་བདེ་མཆོག་རིག་འཛིན་མ། བདག་མེད་མའི་ཞལ་ཁྲིད། གསང་བསྒྲུབ་ལྟེ་བ་སྤྲུལ་འཁོར། རྣམ་འཇོམས་ཀྱི་གསང་སྒྲུབ། ཕྱག་རྒྱ་ཆེན་པོ་རྟོག་མི་རྟོགས་བཀའ་རྒྱ་མའི་སྐོར་ལ་སོགས་པ་མང་དུ་ཞུས། རྔོག་པ་ནས་བརྒྱུད་པའི་འཇམ་དཔལ་གསང་ལྡན་གྱི་དབང་སྒྲུབ་ཐབས་ཡང་ཞུས། འགྲོ་མགོན་སངས་རྒྱས་སྟོན་པ་འདིས་ཤིན་ཏུ་ཐུགས་རྗེས་འཛིན་པ་བྱུང་། ཆོས་ཞུ་དུས་བླ་མ་ཨ་ལ་སོགས་པ་ལ་བརྒྱུད་ནས་ཞུས་པས་བླ་མའི་ཞལ་ནས། ཁྱོད་ལ་གཞན་གྱི་ཞུ་སྣ་མི་དགོས། ཆོས་གང་དགོས་ཞུས་པས་ཆོག་གསུངས། ངོས་ལྐོག་ཐམས་ཅད་དུ་བསྟོད་ར་མང་པོ་མཛད། འབྲི་གུང་ཁྲི་ཚོ་བཅོ་བརྒྱད་ཀྱི་གསེབ་ནའང་། ངའི་ཤངས་སྟོན་ཙམ་ཞིག་ཡོད་དམ་མེད། དེ་ཡང་མེད་ལས་ཆེ་ཡང་ཡང་གསུངས། ང་ལ་ཡང་བླ་མ་རྡོ་རྗེ་འཆང་ཡིན་ངེས་སྙམ་པ་ལས་ཕལ་པའི་རྣམ་རྟོག་སྐད་ཅིག་ཀྱང་སྐྱེ་མ་མྱོང་། དེའི་སྟོབས་ཀྱིས་ང་ལ་ཡང་ཉམས་རྟོག་ཀྲག་ཀྲིག་འདི་བྱུང་བ་ཡིན། ནང་དུ་ཡོན་ཏན་འདོད་ན་བླ་མ་ལ་མོས་གུས་ཕུར་ཚུགས་སུ་དགོས་པར་གདའ་གསུངས། ཆོས་རྗེའི་ཞལ་ནས། ང་རི་གོང་ན་སྒོམ་གྱི་ཡོད་ཙ་ན། སངས་རྒྱས་གཉན་སྟོན་གྱི་རྗེས་སུ་ཟིན་པའི་གཞུང་བྲག་དམར་བའི་བླ་མ་རི་ཁྲོད་རས་པ་ཁོང་སངས་རྒྱས་སྟོན་པ་ལ་ཆོས་ཞུ་རུ་བྱོན་པ་ལ། ངས་རྫོགས་ཆེན་སྙིང་ཐིག་ཞུས་པས། ལྟ་སྟངས་བྱས་མ་ཐག་ནམ་མཁའ་ཐམས་ཅད་ཁྲས་མིག་དུ་ཤིག་གེ་སོང་བའི་ཁྲས་མིག་རེའི་ནང་ན་ཐུགས་རྗེ་ཆེན་པོ་རེ་རེ་བཞུགས་པ་མཐོང་། དེ་རས་པ་ལ་ཞུས་པས། དགེ་སྦྱོར་བཟང་པོ་བྱུང་འདུག་དགའ་བ་སྒོམ་གསུངས། ངས་ཆོས་ཐམས་ཅད་སྒྱུ་མ་དེ་ཐམས་ཅད་སྤྲོས་བྲལ་རྗེན་པར་ཤེས་པས། ཉམས་སྣང་ལ་ཞེན་པ་ཙམ་མི་གདའ་ཞུས་པས། ཁོང་ན་རེ། དགེ་སྦྱོར་བཟང་པོ་སྐྱེ་བར་བྱུང་ཡང་སློབ་དཔོན་ངན་པའི་ཆོས་ལ་ངེས་ཤེས་མི་སྐྱེ་བ་ཡིན་མོད་གསུངས། དེ་ནས་ངས་བླ་མ་ལ་ཙཱ་རི་ལ་འགྲོ་བར་ཞུས་པས་གནང་ཏེ་ཙཱ་རིར་ཕྱིན། མ་ཆེན་དུ་ལྷ་སའི་གླིང་ལ་བསྡད། ཉིན་མཚན་ཡེངས་མེད་དུ་བསྒོམས་པས་དགེ་སྦྱོར་གྱི་སྟོབས་ཆེན་པོ་བྱུང་། རྨི་ལམ་བཟུང་ནས་པོ་ཏ་ལ་ཕྱིན། ཐུགས་རྗེ་ཆེན་པོ་མཇལ་ནས་ཆོས་ཞུ་བ་དང་། ལྕང་ལོ་ཅན་དང་རྡོ་རྗེ་གདན་ལ་སོགས་པ་བལྟ་བ་དང་། ཇི་ཞིག་ན་ཐོ་རངས་ཀྱི་ཆ་ལ་འོད་གསལ་གྱི་མཐོང་རྒྱ་ཆེན་པོ་ཤར་ཏེ་སངས་རྒྱས་ཀྱི་ཞིང་ཁམས་འགའ་རེ་གཟིགས་པ་ཡང་བྱུང་། ཡང་རེས་འགའ་ས་གཞི་བར་སྣང་ཐམས་ཅད་བུང་བའི་སྒྲ་ལྟ་བུ་གཟིར་གཟིར་བེར་བེར་བ་དང་། དེའི་དུས་སུ་ཡང་ལུས་ལ་བདེ་བ་ཆིལ་ཆིལ་བ་སྐྱེ་བ་དང་། ཡང་ནུབ་གཅིག་རྨི་ལམ་དུ་བུད་མེད་མང་པོས་ཚོགས་འཁོར་འདྲེན་པ་དང་། ཡང་རེས་འགའ་རིགས་དྲུག་གི་གནས་སྦྱོང་མང་པོ་གཅིག་ཤར་ཅིང་བྱུང་། དེས་རྐྱེན་བྱས་ནས་སྙིང་རྗེ་བཟོད་ཐབས་མེད་པ་སྐྱེས། ཁམས་འདུས་པ་ལྟ་བུའི་སྣང་བ་ལ་ཤིག་ནད་དྲག་པོ་དང་། མཛེ་དང་། སྙིང་རླུང་བཟོད་ཐབས་མེད་པ་དང་། ས་ཐོག་ན་མི་ང་ལས་སྡུག་པ་མེད་སྙམ་པ་དང་། ས་རྡོ་མི་རུ་སྣང་བ་དང་། དེ་རྣམས་ང་ལ་འབར་བ་དང་། མཐོ་མནོན་བྱེད་པ་དང་། སྣང་བ་སྣ་ཚོགས་པ་བྱུང་། མི་ལའི་ཞལ་ནས་ཀྱང་།
དབྱར་ཀའི་ས་ལ་གང་ཡང་སྐྱེ། །དཔག་ཤའི་ཁ་ནས་ཅི་ཡང་ཡོང་། །རྣལ་འབྱོར་ཉམས་ལ་ཅི་ཡང་འཆར།
།གསུངས་པ་དེ་བདེན་པར་གདའ། ཉམས་ལ་འདི་ཡོང་དང་འདི་མི་ཡོང་མི་གདའ་གསུངས། ཆོས་རྗེའི་ཞལ་ནས། ཁམས་འདུས་དེ་ཡང་ཆུང་དུ་མ་སོང་། བླ་མ་དང་མཇལ་སྙིང་འདོད་ནས་ཡང་རི་གོང་དུ་ཡོང་ཏེ། དེར་སྔར་གྱི་རྣམས་བླ་མ་ལ་ཞུས་པས། ཙཱ་རིའི་གླན་ཚད་དང་དགེ་སྦྱོར་གྱི་སློངས་གཉིས་གཅིག་ཡིན། ད་མྱུར་དུ་བོག་དུ་ཐོན་འགྲོ་གསུངས། དེར་བླ་མ་མཁས་གྲུབ་ན་རེ། ངེད་ཀྱི་བླ་མ་ཡིན་གེགས་སེལ་ཁོང་ལས་ལྷག་པ་མེད། བླ་མ་རྒན་མོ་ལྷས་པའི་དྲུང་དུ་ཕྱིན་པ་འཐད་གསུངས། དེར་ཕྱིན་བླ་མ་ལ་ལམ་འབྲིང་པོ་ཞུས་ནས་ཧ་ཞག་ཉི་ཤུ་རྩ་ལྔ་སྟོན་པས་ཁ་ནས་ཁྲག་རུལ་མང་པོ་ཞག་འགའ་རེའི་བར་དུ་བྱུང་། ཆུ་ལམ་ནས་ཀྱང་ཁྲག་རྟ་རྔ་ཙམ་ཟུག་ཆེན་པོ་དང་བཅས་ནས་ཐོན་བྱུང་སྟེ། ཁམས་འདུས་དེ་ཡང་སངས་ནས་འདུག །ཧའི་རྗེས་ལ་ཚོགས་དྲུག་གི་སྣང་བ་བན་བུན་ལང་ལོང་དུ་སོང་། གང་ལ་ཡང་ཆེད་འཛིན་མེད་པ། སྔར་གྱི་སྙིང་རླུང་ལ་སོགས་པ་སྡུག་བསྔལ་ཐམས་ཅད་བདེ་བར་ཤར། དགེ་སྦྱོར་ཉིན་མཚན་ཁྱད་མེད་མཉམ་རྗེས་ལ་དབྱེ་རུ་མེད་པ་བྱུང་། དེ་བླ་མ་ལ་ཞུས་པས། གཞི་བད་ཀན་སྨུག་པོ་ཞིག་གིས་བྱས་འདུག །ད་གེགས་སེལ་བ་དང་བོགས་ཐོན་པ་མཉམ་དུ་བྱུང་། ཧ་བཏོན་པའི་དགོས་པ་དགེ་སྦྱོར་སྐྱེས་པ་དེ་ཡིན། ད་རྟོགས་ལྡན་ཆེན་པོ་གཅིག་བྱུང་གདའ། སངས་རྒྱས་སྟོན་པའི་དྲུང་དུ་སྒོམ་ཉིན་མཚན་མ་འདྲེས་པ་ངའི་ཧས་འདྲེས་པ་ཡིན། ངའི་ལམ་འབྲས་ཀྱི་ཡང་ཆེ་བ་བཏོན་གསུངས་ནས་མཉེས་པར་བྱུང་། དེར་བླ་མ་སྟོན་པ་ཞག་འགའ་གཉན་ཁྲོད་ལ་བྱོན་ནས་འཁོར་བྱུང་། ཁྱེད་ཞུ་སྟོན་གཉིས་པོས་བླ་མ་ལ་ལམ་འབྲས་ཞུས་སམ། ཧ་བཏོན་ནམ། ཁྱེད་གཉིས་ལམ་འབྲས་ལ་སུ་མཁས་པར་ཡོད་གསུངས། ངས་ཧ་གཅིག་པོ་བཏོན། ཁོས་དཔེ་གཅིག་པོ་བྲིས་ང་ལ་དཔེ་ཆ་མི་འདུག །ཁོ་ལ་ཉམས་མྱོང་མི་འདུག །ལམ་འབྲས་སུ་མཁས་ཆ་མེད་ཞུས་པས། འདུག་གི་དཔེ་ལ་སྐྱག་གཏད་མེད། ཉམས་མྱོང་བྱུང་བ་དེ་མཁས་པ་ཡིན་གསུངས། དེ་ནས་ལམ་འབྲིང་པོའི་དབང་བཀའ་དང་། གཞུང་ཁྲིད་དབང་བཞིའི་ཁྲིད། གེགས་སེལ་གྱི་ཁྲིད། ཐུགས་བརྒྱུད་སྐོར་གསུམ། ཧ་དམིགས་རྒྱ་མཚོ། གེགས་སེལ་བསྡུས་པ་རྣམས་ཞུས། ཕྱག་ན་རྡོ་རྗེ་འཁོར་ཆེན་གྱི་དབང་། རྒྱུད་དྲག་པོ་གསུམ་འདུལ། རྒྱུད་ཕྱི་མ། སྒྲུབ་ཐབས་ལས་ཚོགས་དང་བཅས་པ་ཞུས། ཡང་ཆོས་སྐྱོང་ཕྱག་བཞི་པའི་སྐོར་དང་། གཟེར་ལྔ་སྙན་བརྒྱུད་རྣམས་ཞུས། བླ་མ་ཁམས་པ་འདི་བཀའ་དྲིན་ཆེ་བར་ཡོད་གསུངས་སོ། །ཡང་ཆོས་རྗེའི་ཞལ་ནས། དེ་ནས་འཇག་ཆུང་གི་བྲག་ཕུག་ཏུ་ཡོང་ནས་སྒྲུབ་པ་བྱས་པ་ཡིན། སྔ་གོང་གཅིག་ཏུ་འགྲོ་མགོན་སངས་རྒྱས་སྟོན་པའི་ཞལ་ནས། ཤངས་སྟོན་ཁྱེད་རང་སྒོམ་གཅིག་གྱིས། དེ་ཡང་དགོན་པ་འུད་ཡུག་གི་རི་ཁྲོད་གཅིག་ཏུ་གྱིས། འུད་ཡུག་འདི་རིག་པ་དྭངས་བ། ས་གཙང་བ་གཅིག་འདུག །དེའི་ལྷ་འདྲེ་རྣམས་ཀྱང་གཞན་པས་ཆོས་ལ་དཀར་བ་ཞིག་འདུག །ངས་སྦུ་མར་བརྡད་པས། དེའི་ལྷ་འདྲེ་རྣམས་ཀྱང་ངས་ཕལ་ཆེར་ཆོས་ཞུ་རུ་བྱུང་གསུངས་པ་ཡིན་ཏེ། ངས་འཚོ་བའི་སྟབས་ཀ་གཅིག་གིས་འཇག་ཆུང་དུ་བསྡད། བླ་མའི་གསུང་དེ་ཀ་ལས་གཅོག་མ་མྱོང་། བྲག་ཕུག་རྡོ་ལུང་ཅན་དུ་བསྡད་ནས་སྒྲུབ་པ་བྱས་པས། སྔར་མེད་པའི་ཆུ་མིག་ཅིག་ཡང་རྡོལ་ནས་བྱུང་བ་ཡིན། དེར་ངས་མི་ཟས་ཀྱང་མ་ཟོས། མི་དང་གདོང་ཡང་མ་འཕྲད་པར་སྒྲུབ་པ་བྱས་པས་ངའི་ལུས་པོ་འདི་ལུང་པར་མི་ཤོངས་པར་ལུས་སྨད་ལུང་པས་བསྡམས་ནས། རོ་སྟོད་ནམ་མཁའ་ལ་རྒྱང་ངེ་ཐོན་པའི་སྣང་བ་བྱུང་། ཁོང་པའི་ནང་ནས་ཡར་ལ་ཐིག་ལེ་དམར་པོ་སྲན་མ་ཙམ་ཚ་རིལ་རིལ་སྤྱི་བོ་ནས་གསང་གནས་ཀྱི་བར་དུ་ཡར་རྒྱུག་མར་རྒྱུག་བྱས་པས་གྲང་དྲགས་ཁ་འདར་མི་ཐུབ་པ་ཀ་འདྲ་བ། གྲང་ཡེད་ཡེད་པ་བྱུང་། དེ་ཁམས་དཀར་དམར་དྷཱུ་ཏིར་འདུ་བའི་རྟགས་སུ་འདུག །ཡང་སྣང་བ་ཐམས་ཅད་སྟོང་པར་སོང་འདུག་ཀྱང་། ལུས་འདི་སྟོང་པར་མ་སོང་བར་ནམ་མཁའ་ལ་ལིང་ལིང་། ཕྱད་ཕྱད་པ། རྟེན་གཞི་གང་ཡང་མེད་པ་བྱུང་ཏེ་དེ་ཀ་ཉན་པ་བྱུང་། རེས་འགའ་མདུན་གྱི་དམིགས་ཡུལ་གང་ལྟས་པ་དེ་མེད་པར་སོང་ནས། མྱུར་པོར་ཡུལ་གཞན་དེ་ལ་སྤོས་པ་དང་སྟོང་ཉམས་སྟོང་པ་དེ་ཡལ་ནས་ཟུང་འཇུག་ཏུ་འགྲོ་བ་ཡིན་འདུག །དེ་ཀུན་ནམ་མཁའི་རླུང་གིས་བྱེད་པར་མངོན། བང་སོ་འདག་ཆར་བ་དེ་ཡང་དེ་འདྲ་མང་པོ་བྱུང་འདུག་གསུངས། ཡང་འབྲུག་གི་སྒྲ་ལྟ་བུ་དང་། གློག་གི་འོད་ལྟ་བུ་རྒྱུན་ཆད་མེད་པ་ཡུན་རིང་པོ་བྱུང་། དེ་རྣམས་ནང་དུ་འབྱུང་བ་འཁྲུགས་པར་འདུག །རྩ་མདུད་ཀྱང་འགའ་རེ་གྲོལ་བ་ཡིན་པ་འདྲ་གསུངས། ཡང་རེས་འགའ་ས་གཞི་བར་སྣང་ཐམས་ཅད་ལྷ་སྐུ་ཁྲུ་རེ་ཙམ་པས་ཁྲིག་གིས་ཁེངས་ནས་འདུག །དེ་ལ་བདེ་མཆོག་ལྷན་སྐྱེས་དང་། ཤཱཀྱ་ཐུབ་པ་ཆུ་ལོན་མའི་རྣམ་པ་དེ་མང་བར་འདུག །གཞན་ཡང་རྒྱུད་སྡེ་ཆེན་པོ་སེངྒེ་སྒྲ་དང་། འཇམ་དབྱངས་དཀར་སེར་དང་། ཕྱག་ན་རྡོ་རྗེ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་འདུག །ཆུ་ལེན་དུས་སུ་རྡོག་པའི་འོག་ཏུ་འགྲོ་ལས་ཆེ་སྙམས་ཙ་ན་ཕར་ཡོལ་ཚུར་ཡོལ་འགྲོ་བ་དང་། ཚ་བ་བསྐོལ་བའི་དུས་སུའང་ཤིང་གི་ཁར་འདུག་མེ་གསེབ་ཏུ་འགྲོ་ལས་ཆེ་སྙམ་ཙ་ན། རྡུལ་ཁེབས་ཀྱི་སྟེང་དུ་ཡོལ་གྱིས་འགྲོ་བ་དང་། དེ་འདྲ་བ་ལོ་གསུམ་བཞིའི་བར་དུ་བྱུང་གསུངས་སོ། །ཆོས་རྗེའི་ཞལ་ནས་ཇི་ཞིག་ལྟར་ལ། རྩ་དབུ་མ་མཐོང་བ། དེ་ནས་འཁོར་ལོ་བཞི་རྩ་བྲན་རྣམས་ཀྱི་གྱེས་ལུག །རྩ་མདུད་ཀྱི་དབྱིབས། རྩ་ནང་ན་ཁམས་གནས་ཚུལ། རླུང་གི་རྒྱུ་ཚུལ་ཇི་ལྟ་བ་བཞིན་མཐོང་བ་བྱུང་། གསང་གནས་ཀྱི་འཁོར་ལོ་མཐོང་ནས་བདེ་བ་རྒྱུན་ཆད་མེད་པར་བྱུང་གསུངས་སོ།
།ཡང་གཏོར་མ་གཏོང་དུས་སྔར་མེད་པའི་དྲི་བཟང་པོ་དང་། སིལ་སིལ་བའི་སྒྲ་དང་ཟིལ་ཆེ་བར་ཡོང་ཞིང་འདུག །དེ་མཁའ་འགྲོ་རྣམས་འདུ་བའི་རྟགས་སུ་འདུག །རེས་འགའ་ལུས་ཀྱང་མེད་པ་སྙམ་བྱེད། རླུང་ཕྱི་ནང་གི་འགྱུ་བ་ཡོལ་ནས་འགྲོ་བ་ཞག་བཅུ་སྐོར་རེ་ཙམ་བྱུང་། དེ་དུས་ཁམས་བཟང་རིག་པ་དྭངས་བ་བྱུང་། ཡང་ངས་མཚམས་ཁོག་གཅིག་ནས། ཨཱ་ཡུ་དང་བདེ་འཁྲིས་ཀྱི་བྲག་ལ་གཉན་ཁྲོད་ལ་ཕྱིན་པས། སྟག་ལུང་བྲག་བཙན་གྱི་རྩར་ན་ཉལ་ཡོད་ཙ་ན། ནམ་མཁའ་ལ་འུར་སྒྲ་ཞིག་བྱུང་བ་དང་། མི་དཀར་པོ་ཞིག་ན་རེ། འདི་ན་ཡར་ལ་འདེང་ངོ་ཟེར་ནས་ཕྱིན་ཙ་ན། བྲག་གི་ལྟག་གསེབ་དེ་ན། རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཁང་ཞིག་འདུག་པའི་ནང་ན། རྗེ་བཙུན་མ་སྒྲོལ་མའི་གྲལ་ཁོར་མོ་གཅིག་འདུག །དེའི་དཀྱིལ་ན་གཙོ་མོ་དེ་བག་ཆེ་བ་གཅིག་འདུག །དེའི་ཙ་ན་ཡར་ཕྱིན་ཙ་ན། གཙོ་མོ་དེ་ན་རེ། ཁྱོད་ཀྱི་དགེ་སྦྱོར་གཞི་ཐོག་དུ་ཁེལ་འདུག་གིས། ད་ངས་བྱིན་གྱིས་བརླབས་ཀྱིས་གསུང་ནས་གཙོ་མོ་དེས་ཕྱག་གཉིས་ངའི་མགོ་ཐོག་ཏུ་བཞག་པ་དང་། དེ་ན་བཞུགས་པའི་རྗེ་བཙུན་མ་ཐམས་ཅད་ཀྱིས་ངའི་མགོ་ཐོག་ཏུ་ཕྱག་བཞག་ནས་བྱིན་བརླབས་མཛད་པས་ཉམས་རྟོགས་བཟང་པོ་བྱུང་ངོ་། །དགེ་སྦྱོར་ཉིན་མཚན་ཁོར་ཡུག་ལ་འགྲོ་བ་བྱུང་གསུངས་སོ། །ཡང་གལ་ལྗོང་དང་ཚུལ་ལུང་ལ་སོགས་པ་གཉན་ཁྲོད་ལ་ཕྱིན་པས་གལ་ལྗོང་འདི་ཆོས་ལ་གནག་པ་གདུག་རྩུབ་ཅན་གཅིག་ཏུ་འདུག །གཉན་ཁྲོད་བ་གཞན་ལ་དངོས་སུ་རྦབ་དང་རྡོ་ཆར་འབེབས་སྙིང་རླུང་བཟོད་བླག་མེད་པ་གཏོང་དུ་བྱུང་འདུག་ང་ལ་ནི་དང་པོ་ནས་བསུ་སྐྱེལ་བྱེད་ཅིང་བྲན་བཞིན་དུ་ཉན་པར་བྱུང་། ལར་ངས་གཉན་ཁྲོད་མང་པོ་བྱས། དང་པོ་ལྷ་འདྲེའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་བྱས་བྱུང་ཡང་། ཕྱིས་ལྷ་འདྲེ་དེ་རྣམས་དམ་ལ་ཐོགས། དགེ་སྦྱོར་ལ་བོགས་གཉན་ཁྲོད་རང་ཆེ་བ་འདུག །འདིས་བློ་སྣ་ཡང་ཐུང་དུ་འགྲོ་ཡིན་འདུག་གསུངས་སོ། །སངས་རྒྱས་སྟོན་པའི་སློབ་མ་རྣམས་ཀྱིས་ཀྱང་། བླ་མ་ཐུགས་རྗེ་ཆེན་པོའི་ཞལ་གཟིགས་སུ་གྲགས་གདའ་བ་གཟིགས་ལགས་སམ། ཐུགས་དམ་གྱི་གཙོ་བོ་རང་གང་ལ་མཛད་ལགས་ཞུས་པས། དང་པོ་བདེ་མཆོག་ལ་བྱས། ཞག་རེ་ལ་ཡི་གེ་བདུན་པ་ཁྲི་ཚོ་གསུམ་བཞི་རེ་སྐྱོལ་ཀྱིན་འདུག །དེ་རིང་ངས་རྨི་ལམ་བཟུང་ནས་རང་ཡི་དམ་བསྒོམ་པའི་སྤྱི་བོར་བླ་མ་སྒོམ་ནས། སེམས་ཅན་ཐམས་ཅད་བླ་མ་ལ་གསོལ་བ་མགྲིན་གཅིག་ཏུ་འདེབས་པར་བསམ་ནས་བདག་གི་ཡི་དམ་གྱི་ལྷ་གང་ཡིན་བསྟན་དུ་གསོལ་ཞེས་གསོལ་བ་བཏབ་པས། མདུན་གྱི་ནམ་མཁའ་ལ་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པ་བྱོན་ནས། བཙུན་པའི་ལྷ་ཐུགས་རྗེ་ཆེན་པོ་ཡིན་མོད་གསུངས། དེ་ནས་ཐུགས་རྗེ་ཆེན་པོ་ལ་ཡི་དམ་གཙོ་བོར་བྱས། དང་པོ་རྨི་ལམ་དུ་ཞལ་མཐོང་། ཕྱིས་མངོན་སུམ་དུ་ཡང་ཞལ་མཐོང་ཞིང་འདུག །ཕྱིས་སེམས་ཅན་ཕལ་པ་མཐོང་བ་རྣམས་ཀྱང་ཐུགས་རྗེ་ཆེན་པོར་འཆར་བ་ཡུན་རིང་པོ་བྱུང་། དེ་རྣམས་ལས་ཀྱང་ཨོཾ་ཏིག་པ་ལ།སེམས་ཅན་མགོན་མེད་སྐྱབས་མེད་སྡུག་བསྔལ་མཐོང་ཙ་ན་བཟོད་ཐབས་མེད་པའི་སྙིང་རྗེ་ལྷག་ལྷག་པ་སྐྱེ་ཞིང་འདུག་ཐུགས་རྗེ་ཆེན་པོ་གཤའ་མ་མཐོང་བ་རང་དེ་ཡིན་པའི་རིགས་སུ་འདུག །བདེ་མཆོག་དང་ནི་གུ་མ་ལ་སོགས་པའང་རང་རེས་མཐོང་ཞིང་གདའ་སྟེ་གཏད་པ་ཙམ་གདའ་ཡེ་གསུངས། ཡང་ཆོས་རྗེའི་ཞལ་ནས་ངས་མགོན་པོ་འདི་སྔར་འགའ་རེ་ལ་བྱིན་པ་ཡིན་ཏེ། ནུབ་གཅིག་མགོན་པོའི་འཁོར་ཡིན་པ་འདྲ། ཨ་ཙ་ར་བཞི་བྱུང་ནས་ཁོང་པའི་ཁྲག་ཐམས་ཅད་ལ་སྟེར་བ་ཡིན་ནམ་ཟེར་བ་ཞིག་བྱུང་བ་དེ་ནས་ཆོས་བྱེད་ངོ་ཤེས་པ་རེ་མིན་པ་མ་བྱིན་པར་དམ་དུ་བཏང་བ་ཡིན། ཆོས་སྐྱོང་འདི་བྱིན་བརླབས་ཆེ་ལ་སྒྲུབ་ཐག་ཉེ་བ། མ་སྒྲུབ་ཀྱང་བྱིན་གྱིས་རློབས་པ་ཞིག་འདུག་སྟེ། འདིའི་འཁོར་གནོད་སྦྱིན་འདི་པ་མི་སྲུན་པ་གདུག་པ་ཅན་འདྲ་འདུག་པ། ཆོས་བརྒྱུད་འདི་ལ་ཉམས་ལེན་བྱེད་པ་མ་གཏོགས་གཞན་ལ་སྟེར་དུ་མ་གཏུབ་པ་དེར་འདུག །བྱིན་ན་རང་ལ་བར་ཆད་ཡོང་བའི་རིགས་སུ་འདུག་གསུངས། ཡང་རབ་གནས་དང་བདེན་ཚིག་བྱེད་པ་འདི་ལ་ཡང་རྨི་ལམ་དང་བར་དོ་ཟིན་པ་ཞིག་དགོས་པར་འདུག །ངས་རབ་གནས་བྱེད་པས་དུས་ཆོ་ག་རྣམས་ཉིན་པར་བྱས། ནུབ་མོ་རྨི་ལམ་བཟུང་ནས། གསུང་གི་རྟེན་ལ་སྣག་ལམ་རེ་རེ་ལ་ལྷ་སྐུ་རེ་རེའི་ཡེ་ཤེས་པ་བཅུག །སྐུའི་རྟེན་ལ་ལྷ་སྐུ་དཔག་ཏུ་མེད་པ་བསྟིམ་ནས་རབ་གནས་བྱས་བཞག་པས། རབ་གནས་ལ་ཉེས་པ་བྱ་བ་མི་སྲིད། གསོན་གཤིན་འདི་གཉིས་ཀྱང་གཤིན་པོ་མགོན་སྐྱབས་མེད་པས་སྙིང་རྗེ་བར་འདུག་པས། གསོན་པོ་ལ་ཕྲད་ཀ་མི་གཏོང་ཡང་གཤིན་པོའི་བདུན་ཚིག་རེ་རེ་ཙམ་བྱེད་དགོས་པ་བྱུང་དུས་སུ། བར་སྲིད་ག་ན་འདུག་ངས་ཤེས་ཤིང་ཡོད་པས་དམིགས་སུ་འགྲོ་བའི་ཆོ་ག་རེ་ཙམ་བྱས་པ་ཡིན། གཞན་ཡང་ངའི་སྔགས་འདག་བསྐུས་པ་དང་སྔགས་ཆུ་འཐུང་བས་མཛེ་དྲག་པ་དང་ངའི་དྲི་ཆུ་འཐུངས་པས་གཅོང་ནད་ཚབ་ཆེན་སོས་པ་དང་། མི་ཕྱུགས་ཀྱི་རིམས་ནད་རྒྱུན་ཆད་པ་བྱུང་། ང་རང་ཡང་བློ་སྣ་ཐུང་བ་དང་། ངའི་བླ་མ་དང་ཆོས་བརྒྱུད་འདི་ཡང་གཞན་ལས་ལྷག་པའི་བྱིན་རླབས་ཀྱིས། ངའི་རྩར་ཆོས་ཞུ་བའི་བློ་སྐྱེས་པ་དང་། ལམ་དུ་ཞུགས་པ་དང་། ངའི་བྱད་མཐོང་བ་དང་། དབང་བཀའི་ནུབ་མོ་དགེ་སྦྱོར་སྐྱེས་པའང་འགའ་རེ་བྱུང་བ་ཡིན་ཏེ། དེ་འདྲ་ལ་བསམ་ན་རེ་རེ་ཙམ་ལ་ཡང་ཆོས་བཤད་ན་ཕན་པར་འདུག་སྟེ། འོན་ཀྱང་རང་རེ་ལ་འཁོས་ཀ་ཡོད་ན་འགྲོ་དོན་ཕྱི་མ་ཕན་ཆད་དུ་བྱ་ལོང་ཡོད། སངས་རྒྱས་སྟོན་པའི་དྲུང་དུ་ངེད་དང་བླ་མ་མཁས་གྲུབ་པ་གཉིས་ཡོད་ཙ་ན། འགྲོ་མགོན་སྟོན་པའི་ཞལ་ནས། ཁོང་ལ་ཁྱོད་བློ་སྣ་མ་ཐུང་འགྲོ་དོན་གྱིས་ང་ལ་ཤངས་སྟོན་སྒོམས་ཤིག་སྒོམས་ཤིག་སྒོམ་དགོས་པ་ཡིན་གསུངས་པས། ད་ནི་ང་ལ་ཡང་སྐྱག་གཏད་མེད། དུས་ད་ནས་བཟུང་ནས་མ་ཤིའི་བར་དུ་གཅིག་པུར་བསྒོམ་པ་ཡིན། སྟེར་སློང་གི་རྒྱུན་ཆོད། ཕྱི་ནང་གི་འགྲུལ་གཅོད་པ་ཡིན་གསུངས་སྟེ། སྐུ་མཚམས་ལ་བཞུགས་ནས་སུ་ལ་ཡང་མཇལ་ཁ་མེད་དོ།
།དུས་ཕྱིས་བྱའི་ལོ་ལ། ཕྱོགས་ཕྱོགས་ནས་དགེ་བའི་བཤེས་གཉེན་མང་པོ་འདུས་ནས་གསོལ་བ་བཏབ་པས་མཚམས་ཁོངས་ནས་དགེ་བཤེས་རྣམས་ལ་ཆོས་དྲུག །ཕྱག་རྒྱ་ཆེན་པོ་གའུ་མ། སེམས་འཆི་མེད་འཆུག་མེད། ལམ་ཁྱེར་རྣམ་གསུམ། ཆོས་སྐྱོང་། ལུས་འཆི་མེད། གཅོད་ལ་སོགས་པ་མང་དུ་གནང་། ད་རེས་ངའི་ཆོས་བཤད་ཀྱི་ཐ་མ་ཡིན། ཁྱེད་རང་ཚོ་ཡང་ཆོས་ཐོབ་པ་ལ་མ་བཞག་པར་དབེན་པའི་གནས་སུ་སྒོམས་ཤིག་གོ་འམ་གསུངས། ཡང་ཆོས་རྗེའི་ཞལ་ནས། ཁར་སང་བར་ཁྱེད་རྣམས་ཀྱིས་ཕུལ་བའི་ཟང་ཟིང་འདི་རྣམས་དགྲ་ཚོལ་བ་མིན་པ་གཅིག་ཀྱང་མེད། འདི་ན་བཞུགས་པ་རྣམས་དང་གདན་ས་རྣམས་ལ་ཁྱེར་ཅིག །ཨ་རུ་ར་གཅིག་ཀྱང་མ་ལུས་པར་གྱིས་ཤིག་གསུངས་ཏེ། དེ་ན་བཞུགས་པ་རྣམས་ལ་བཞི་ནམ་མིའི་འགྱེད་བྱས། དེ་ལྷག་རྣམས་སེ་བ་གཅིག་ཀྱང་མ་ལུས་པར་ཞོང་ཞོང་དང་། རྨོག་ལྕོག །རི་གོང་རྣམས་སུ་འབུལ་བ་བྱས། ད་ནི་ཆོས་བཤད་ཀྱང་དེ་ཙམ་ཡིན། ཁྱེད་རང་རྣམས་ཀྱང་རང་སར་གྱེས་ཤིག་གསུངས། ང་ཡང་སྒོ་བསྡམ་པ་ཡིན་ནོ་གསུངས། རྣམ་དག་སྤྲོས་བྲལ་དབྱིངས་ལས་མི་འགྱུར་སྐུ་མངའ་འཕོ་འགྱུར་འགྲོ་འོང་དང་བྲལ་ཡང་། སྤྲོས་པའི་ངེས་ལྡན་སྦྱོང་དང་སྤྲུལ་པའི་གར་མཛད་མ་ངེས་ཚུལ་སྟོན་སྐུ་གསུམ་དབྱེར་མེད་ཆོས་ཀྱི་རྒྱལ་པོ་མཁས་གྲུབ་ཤངས་སྟོན་ལགས། ཟླ་བ་གསུམ་པའི་ཚེས་གཅིག་གི་སྔ་དྲོ་ཆོས་རྗེའི་ཞལ་ནས། ད་རེས་བར་ཆད་གཅིག་ཡོང་བ་ཡིན་པ་འདྲ། ད་ནང་མི་དཀར་པོ་གཅིག་བྱུང་ནས་ང་ལ་ཙེ་རེ་བ་གཅིག་བལྟས་ནས་ཁྱོ་ག་རང་སྙིང་དུ་སྡུག་ཁོ་ཏེ། ཁྱོད་ལ་བར་ཆད་གཅིག་ཡོང་དོགས་འདུག་པས་འབུམ་ཐོན་ཟེར་དུ་བྱུང་གསུངས། དེ་ཅི་ལགས་ཞུས་པས། མི་དཀར་པོ་དེ་སྤྱན་རས་གཟིགས་ཡིན། འབུམ་ཐོན་ཟེར་བ་དེ་ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་ལས་མ་གཡོས་པ་གྱིས་བྱ་བ་ཡིན་གསུངས། དེ་ནས་གསོལ་ཡང་ཅུང་མི་བདེར་སོང་། སྙུང་ཟུག་གི་རྣམ་པ་ནི་གང་ཡང་མེད་པའི་ཟིང་སེ་བ་གཅིག་དུ་བྱུང་། དེ་ནས་ངེད་དྲུང་ན་ཡོད་པ་ཚོས་ལྷ་རྗེ་འབོད་པར་ཞུས་པས། ངའི་ཁམས་འདི་ང་རང་གིས་མ་ཕན་ན། ལྷ་རྗེ་རང་གིས་མི་ཕན་གསུངས། དེ་ལྟར་ལགས་ཀྱང་ངེད་རྣམས་བློ་བདེ་བ་ལགས་པས་འབོད་པར་ཞུ་ཞུས་ཏེ། བསམ་ལྡིང་ནས་ལྷ་རྗེ་རིན་བསོད་བོས་ཏེ། ངེད་གསུམ་ལྷ་རྗེ་དང་བཞིས་ཞབས་ཏོག་བྱས། ལྷ་རྗེ་ཡང་ཕྱག་རྩ་ལ་བྲེད་པར་འདུག་ནས། ངེད་རྣམས་ཀྱིས་ད་སྐུ་ཁམས་ཅི་འདྲ་བདོག་ལགས་ཞུས་པས། རྟེན་འབྲེལ་འདྲ་བསྒྲིགས་པར་ཞུ་ཞུས་པས། ད་དེ་འདྲ་ཡིན་མོད་གསུངས། འོ་ན་ཆོས་རྗེ་བ་ཞིང་ཁམས་གང་དུ་གཤེགས། གསོལ་བ་གང་དུ་གདབ། ངེད་རྣམས་ལ་ཡང་འདི་ལྟར་གྱིས་གསུངས་པའི་ཞལ་བཀོད་གསུངས་བར་ཞུ་ཞུས་པས། ངའི་མཆེད་གྲོགས་མཁས་གྲུབ་པ་ཁོང་བདེ་བ་ཅན་དུ་བཞུགས། ང་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ་སངས་རྒྱས་སྟོན་པའི་ཞབས་དྲུང་དུ་འགྲོ། མཆེད་གྲོགས་སུ་སྒོམ་ཡང་དེར་སོང་ཡོད། ཁྱེད་རང་རྣམས་ཀྱང་དེར་གསོལ་བ་ཐོབ།
ཞིང་ཁམས་འདི་རུ་དེ་ཙམ་ཡིན། །ད་ནི་དག་པའི་ཞིང་དུ་འགྲོ། །ཤར་ཕྱོགས་ཞིང་དེར་ཕྱིན་ནས་ཀྱང་། །སྐལ་ལྡན་མང་པོ་སྨིན་པར་བྱེད།
།ངའི་ཕུང་པོ་འདི་མི་གྲིབ་ཅན་གྱིས་མ་མཐོང་བར་ཁྱེད་རང་རྣམས་ཀྱིས་བསྲེག་སྦྱངས་གྱིས་ལ། རུས་པ་རྣམས་ལ་སཙྪ་ཐོབ་ལ་ཤངས་ཆུ་ལ་ཕོས། ང་ལ་ཕྱི་རྟེན་ནང་བརྟེན་གང་ཡང་མ་བཞེངས། སྤྱིལ་པོ་རྣམས་བཤིག །ཆུ་མིག་བསུབ། ཤངས་སྟོན་གྱིས་བསྡད་པའི་ཤུལ་ཡིན་ཟེར་བ་ཞིག་གྱིས་ཤིག །རྗེ་བཙུན་མི་ལའི་ཤུལ་འདྲ་བ་ཞིག་དགོས་པ་ཡིན། ཁྱེད་རང་རྣམས་ངའི་རུས་པ་དུམ་རེ་ཁྱེར་ལ་ལུང་སྟོང་རེར་ཚེ་དང་སྒྲུབ་པ་སྙོམས་ཤིག །ཚེ་བློས་བཏང་བའི་སྒྲུབ་པ་རེ་མ་གྲུབ་ན་གཞན་གང་ལ་ཡང་གཏད་སོ་མེད་དོ་གསུངས་སོ། །དེ་ནས་ཞག་འགའ་ནས། མདང་ལྷ་འདྲེ་མང་པོ་ཆོས་ཞུ་ཟེར་ཞིང་ཟ་ད་ཟི་ད་མང་པོ་འདུག །ངའི་རྩར་ཕྱི་མི་གཅིག་ཀྱང་མ་གཏོང་། ཁྱེད་རང་རྣམས་ཀྱང་རྒྱུ་འགྲུལ་མང་པོ་མ་བྱེད། འོད་གསལ་གྱི་ངང་ལ་སྡོད་པ་ཡིན་ནོ་གསུངས་ཏེ། དེ་ནས་གསུང་ཡང་མི་འབྱོན། གསོལ་ཡང་མི་བཞེས། གཟིམ་མལ་ས་སྤོ་བྱས་ཀྱང་དེ་ཀ་ལ་ཞོག་གསུང་པའི་བརྡ་རེ་མཛད་ནས་མི་གནང་བར་ལྟ་སྟངས་རེ་མཛད་ནས་ཐུགས་དམ་ལ་བཞུགས་ཤིང་འདུག །ངེད་ཞབས་ཏོག་པ་ཡོད་པ་རྣམས་ཀྱིས་ཀྱང་། གེགས་བོགས་འདོན་དུ་རིག །འབྱུང་འཁྲུགས་ཀྱིས་མི་བསྐྱོད། ནད་དང་ཆོས་ཉིད་དབྱེར་མེད་ཀྱི་ངང་དུ་བཞུགས་པར་རིག་གོ །ངེས་ཤེས་གཏིང་ནས་སྐྱེས། ང་རང་ཡང་རྩེ་གཅིག་དགེ་སྦྱོར་བྱེད་སྙམ་པ་བྱུང་། དེའི་བར་ལ་དྲུང་དུ་ཡོད་པ་རྣམས་རིག་པ་དྭངས་ཤིང་སྔར་མེད་པའི་ཉམས་མྱོང་མང་པོ་ཤར་བ་དང་། ཐ་མལ་གྱི་གཉིད་ཙམ་མེད་པར་འོད་གསལ་དུ་འགྲོ་བ་བྱུང་། ནུབ་མོ་ཆོས་རྗེ་བུད་མེད་མང་པོས་ཤར་ཕྱོགས་ཀྱི་ནམ་མཁའ་འོད་ཀྱི་དཀྱིལ་ནས་གདན་དྲངས་འགྲོ་ཡིན་འདུག་པ་དང་། ཆོས་རྗེ་སར་ཚོགས་འཁོར་འདྲེན་པ་ཡིན་ཟེར་བའི་བུད་མེད་མང་པོས་བླ་ཡེ་ཁྲིག་གིས་ཁེངས་པའི་ཉམས་སྣང་དང་། རྨི་ལམ་དུ་ཡང་མཐོང་བ་བྱུང་ངོ་།
།དལ་འབྱོར་ཆུ་སྐྱེས་མཁྱེན་རྟོགས་ཟེ་འབྲུའི་སྙིང་པོ་ཅན། །ན་རྒས་སྐྱེ་འཆི་མེད་ཀྱང་འགྲོ་ལ་དེ་ཉིད་སྟོན། །ཐབས་མཁས་འགྲོ་བ་རྣམ་འདྲེན་རྡོ་རྗེའི་སྐུ་དེ་ཉིད། །ལེ་ལོ་ཅན་ལ་བརྩོན་འགྲུས་བསྐུལ་མ་མཛད་ལགས་སོ། །སྙུང་ཟུག་ལ་སོགས་གང་ཡང་མི་གདའ་ཡང་། །ཟླ་བ་ལྔ་པའི་ཚེས་པ་བཅོ་ལྔ་ཡི། །ཉི་མ་རི་མཐོའི་རྩེ་ལ་ཤར་བའི་ཚེ། །ཕྱི་ནང་དབུགས་ཀྱི་འགྲོ་འོང་བཏུལ། །བདེ་དྲོད་གཏུམ་མོའི་ནུས་པ་ཡལ། །གསལ་དྭངས་དབང་པོའི་མཇུག་མ་བཅད། །འོད་གསལ་ངང་དུ་འདས་ལགས་སོ།
།དེ་ནས་ཞག་གསུམ་གྱི་བར་དུ་ཞལ་གཟི་མདངས་སྔར་བས་ཆེ་བ། ནམ་མཁའ་ཡང་སྒྲ་དང་འོད་དང་། དབང་པོའི་གཞུ་ཁ་དོག་གཅིག་ལྡན་གཉིས་ལྡན་ལྔ་ལྡན་ལ་སོགས་སྐྱེ་བོ་རྣམས་དང་ཐུན་མོང་དུ་མཐོང་།
ཐུབ་པའི་དབང་པོའི་རྩྭ་མཆོག་བསྟན་པ་བཞིན། །བསྟན་པའི་རྒྱལ་མཚན་སྲོག་ཤིང་དེར་ཆག་གོ །ཡེ་ཤེས་སྒྲོན་མེ་འཆི་བདག་བདུད་ཀྱིས་མནལ། །འགྲོ་བའི་རྣམ་འདྲེན་ཐུབ་དབང་གདན་ས་སྟོང་། །ཀྱེ་མ་མང་དུ་སྨོས་ཀྱང་ཅི་ཞིག་འཚལ། །མཁས་བཙུན་རྣམས་ཀྱི་ཆོས་གཏེར་ནུབ་ནས་ཐལ། །བྱ་བཏང་སྤྲང་པོའི་རེ་ས་ཐག་པ་ཆད། །དད་ལྡན་བསོད་ནམས་ཞིང་མཆོག་ཡལ་ལགས་སོ།
།དེ་ནས་ཚེས་བརྒྱད་ཀྱི་ཐོ་རང་སྤུར་ཞུགས་ལ་ཕུལ་བས། །ལྷ་སྐུ་དང་རིང་བསྲེལ་བསམ་གྱིས་མི་ཁྱབ་པ་བྱོན།
ནམ་མཁའ་ལ་ཡང་ལྷ་རྣམས་ཀུན་གྱིས་ནི། །སྔར་མེད་སྤོས་ཀྱི་དྲི་བསུང་འབུལ་བ་དང་། །རོལ་མོའི་སྒྲ་སྐད་དག་གིས་མཆོད་པ་ནི། །དེར་བཞུགས་རྣམས་ཀྱི་མངོན་གསུམ་མཐོང་སྣང་ལགས།
།བྱ་ཡི་ལོ་དེ་ཉིད་ཀྱི་ཟླ་བ་བཅུ་པ་ལ། བཙུན་པ་རིག་པའི་རྡོ་རྗེས་ཆོས་རྗེའི་དབུ་ཐོད་ཀྱི་དུམ་བུ་གཅིག་འཕགས་པ་ཤིང་ཀུན་གྱི་དྲུང་དུ་གདན་དྲངས། གྲུབ་ཐོབ་ཆེན་པོ་ཡེ་རང་པཎྜི་ཏ་ལ་སོགས་པས་མཆོད་པ་ཕུལ་བས། དེ་ནུབ་རང་ལ་རིང་བསྲེལ་བདུན་ཅུ་ཙམ་བྱོན་ནས་གདའ། གྲུབ་ཐོབ་ཡེ་རང་པའི་ཞལ་ནས། ཁྱེད་ཀྱི་བླ་མ་དེ་པཎྜི་ཏ་བཟང་པོ་ཞིག་ཡིན་པར་འདུག །ང་ལ་ཡང་ཁོང་གི་གདུང་རུས་འདི་ཡོང་བའི་ལྟས་ངོ་མཚར་བ་མང་པོ་བྱུང་གསུངས། གདུང་དུམ་གཅིག་ཤིང་ཀུན་གྱི་མཆོད་རྟེན་ནང་དུ་བཞུགས། རིང་བསྲེལ་བོད་དུ་གདན་དྲངས་ཏེ། དབུས་གཙང་གི་མོས་གུས་ཅན་གྱི་ཕྱག་ཏུ་བཞུགས་སོ།
།འགྲོ་བའི་སྐྱབས་གཅིག་མཁས་གྲུབ་ཤངས་སྟོན་གྱི། །བཀའ་རྒྱ་མ་གཏོགས་རྣམ་ཐར་ཟུར་ཙམ་འདི། །འགྲོ་ལ་ཕན་ཕྱིར་གཞུང་པ་རིག་རྡོར་གྱིས། །ཡོས་བུའི་ལོ་ལ་གཡའ་སྐྱེའི་མགུལ་དུ་བྲིས། །འདི་བྲིས་དགེ་བས་མ་རྒན་སེམས་ཅན་ལ། །བླ་མ་དམ་པའི་ཐུགས་རྗེས་ལྕགས་ཀྱུ་ཡིས། །ངན་སོང་གནས་ནས་མ་ལུས་དྲངས་ནས་ཀྱང་། །མྱ་ངན་འདས་པའི་གོ་འཕང་ཐོབ་པར་ཤོག །དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་བརླབས་སེམས་ལ་འཇུག་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །དཔལ་ལྡན་བླ་མའི་གོ་འཕང་མྱུར་ཐོབ་ཤོག །དཔལ་ལྡན་བླ་མ་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བ་ཤོག །དཔལ་ལྡན་བླ་མ་མཁས་གྲུབ་ཤངས་སྟོན་ཁྱེད། །ཤར་ཕྱོགས་མངོན་དགའི་ཞིང་དུ་སངས་རྒྱས་ནས། །བདག་སོགས་མཁའ་མཉམ་སེམས་ཅན་མ་ལུས་པ། །ཁྱེད་ཀྱི་མྱུར་དུ་དྲངས་ནས་སངས་རྒྱས་ཤོག །ཞལ་དྲོ། དགེའོ།། །།