Chos 'byung bstan pa'i padma rgyas pa'i nyin byed
Resource ID | ... |
---|---|
Title | chos 'byung bstan pa'i padma rgyas pa'i nyin byed |
Topics | Biography |
Author | 'brug chen 04 pad+ma dkar po |
Link | W1KG4304 |
p.323
༈ ལེའུ་བརྒྱད་པ། བཀའ་བརྒྱུད་ཀྱི་སྐོར་བཤད་པ་ལས། ཤངས་པ་བཀའ་བརྒྱུད་ཀྱི་སྐོར།
དཔལ་ནཱ་རོ་པའི་ལྕམ་ནི་གུ་མའི་ལུགས་བོད་དུ་བྱུང་བ་ནི། ཡུལ་སྙེ་མོ་ར་མངས་སུ་རུས་ཁྱུང་པོ། བཙས་མ་ཐག་ཏུ་རྒྱ་གར་གྱི་གྲུབ་ཐོབ་ཨ་མོ་གྷ་བཛྲ་གྱིས་ལུང་བསྟན་པ། གཞོན་ནུ་ལ་ཀློག་དང་བོན། རྫོགས་ཆེན་སེམས་སྡེ་བསླབས། སྟོད་ལུང་ཤོ་མ་རར་ཀོང་ནི་རུ་པའི་ཆོས་མ་ལུས་པ་གསན། དེ་ནས་གསེར་མང་པོ་བསྣམས་ནས་བལ་པོར་པཎྜི་ཏ་སུ་མ་ཏི་ལས་ལོ་ཙཱ་བསླབས། ཀྲྀ་ཡོག་གི་ཆོས་གསན། ཨ་ཏུ་ལྱ་བཛྲ་གྱིས་གྲོགས་མཛད། རྡོ་རྗེ་གདན་པ་མཇལ། དགེ་ཚུལ་མཛད། དེ་ནས་ཤྲཱི་བྷ་དྲ་སཛྙཱ་ན། བཻ་རོ་ཙ་ན། ཁ་ཆེ་དགོན་པ་བ། མཻ་ཏྲི་པའི་སློབ་མ་ཞིང་གི་རྡོ་རྗེ། མི་མཉམ་རྡོ་རྗེ། རིན་ཆེན་རྡོ་རྗེ་གསུམ། དེ་ཝི་ཀོ་ཊའི་ཌཱ་ཀི་མ་ཀ་ན་ཤྲཱི། བྲམ་ཟེ་རཏྣ་ཕ་ལ་རྣམས་ལ་གསང་སྔགས་ཀྱི་ཆོས་མང་དུ་གསན། བོད་དུ་བྱོན། གུ་ལང་གི་གསེར་ཁ་རྡོལ་བ་དང་ཐུག །གསེར་མང་པོ་བྱུང་བས་སླར་བལ་པོར་བྱོན། ཕམ་མཐིང་པ་ལ་བདེ་མཆོག །ནཱ་ལནྡྲར་ནཱ་རོ་པའི་སློབ་མ་དཱ་ཆེན་པོ། མཻ་ཏྲི་པའི་སློབ་མ་ན་ཏྲེང་ཀ་བ་སོགས་མང་དུ་བསྟེན།
ལྷག་པར་མཻ་ཏྲི་པ་དང་མཇལ། དེའི་ཚེ་རྡོ་རྗེ་འཆང་དངོས་ལ་ཐུག་པ་སུ་ཡོད་དྲིས་པས། ནཱ་རོ་པའི་ལྕམ་ནི་གུ་མ་ཞེས་བྱ་བ་ཡོད། དེ་འཇའ་ལུས་བརྙེས་པས་སུ་རུང་གིས་མི་མཐོང་། སོ་ས་གླིང་གི་དུར་ཁྲོད་དུ་མཁའ་འགྲོ་མའི་ཚོགས་དཔོན་ལ་འབྱོན་པས་སེམས་དག་ན་དེར་མཐོང་སྲིད་ཟེར། སོ་ས་གླིང་དུ་བྱོན། ན་མོ་བུདྡྷ་ཡའི་གསོལ་བ་བཏབ་པས། ཏ་ལ་བདུན་སྲིད་ཙམ་གྱི་ནམ་མཁའ་ལ་མཁའ་འགྲོ་མ་སྐུ་མདོག་སྨུག་ནག་རུས་པས་བརྒྱན་པ། ཕྱག་ན་ཁ་ཊཱཾ་ག་དང་ཐོད་པ་བསྣམས་པ། གཅིག་དང་དུ་མ་ལ་སོགས་པའི་གཟུགས་སྟོན་པ་ཞིག་མཐོང་ནས། ནི་གུ་མ་ཡིན་པར་ངེས་ཏེ་ཕྱག་དང་སྐོར་བ་བྱས། ཡང་དག་པའི་གདམས་པ་ཞུ་འཚལ་ཞུས་པས། ང་ནི་ཤ་ཟའི་ཌཱ་ཀི་ཡིན་གསུངས། ཡང་བཏུད་དེ་ཞུས་པས། གསང་སྔགས་ཀྱི་གདམས་པ་ཞུ་ན་གསེར་དགོས། སྲང་ལྔ་བརྒྱ་ཕུལ་བས་ནགས་སུ་གཏོར། ཤ་ཟའི་མཁའ་འགྲོ་མ་ཡིན་ནམ་སྙམ་དུ་ཐེ་ཚོམ་ཟོས། སྤྱན་ནམ་མཁའ་ལ་གཟིགས་ནས་མཁའ་འགྲོ་མ་མང་པོ་འདུས་ནས་དཀྱིལ་འཁོར་སྤྲུལ། དེར་སྒྱུ་ལུས་རྨི་ལམ་གྱི་དབང་བསྐུར་གནང་། མཁའ་འགྲོ་མས་གསེར་གྱི་རི་བོའི་ཁར་བཞག
།དེར་རྨི་ལམ་དུ་ཆོས་དྲུག་ཚར་གཅིག །དངོས་སུ་ཚར་གསུམ། རྡོ་རྗེའི་ཚིག་རྐང༌། སྒྱུ་མ་ལམ་རིམ། གཞན་ཡང་རྒྱུད་སྒྲུབ་ཐབས་མང་པོ་གསུངས། བརྒྱུད་པ་བདུན་རྫོགས་པའི་བར་དུ་ཆིག་བརྒྱུད་གྱིས། ངས་བྱིན་གྱིས་རློབ་ཅིང་ལུང་ཡང་སྟོན་གསུང༌། དེ་ནས་སྦས་པའི་རྣལ་འབྱོར་པ་དང་། བི་རཱུ་པའི་སློབ་མ་མཁའ་འགྲོ་མ་སུ་ཁ་སིདྡྷི་མཇལ། ཁྱོད་ནས་བརྒྱུད་པ་རྣམས་ལའང་ངས་སྐུ་དངོས་སུ་སྟོན་ཅིང་བྱིན་གྱིས་རློབ་བོ་གསུངས།
ཚུར་བྱོན་གླང་རི་ཐང་པ་ལ་བསྙེན་པར་རྫོགས། འཕན་ཡུལ་འཇོག་པོར་འཆད་དཀར་དགོན་པ་བཏབ། དེར་རི་ནག་པོའི་ཁོང་སེང་གི་རྣལ་འབྱོར་པ་རཱ་ཧུ་ལ་གུཔྟ་བཛྲ་བྱོན། རྒྱུད་སྡེ་ལྔའི་དབང་སོགས་མང་དུ་གསན། དེ་ནས་ཤངས་སུ་བྱོན། ལོ་གསུམ་གྱི་ནང་དུ་ཞོང་ཞོང་ལ་སོགས་པའི་དགོན་གནས་བཏབ།
དེའི་སློབ་མ་རྨེའུ་སྟོན་པ། གཡོར་པོ་རྒྱ་མོ་ཆེ། རྔུལ་སྟོན་རིན་དབང་། ལ་སྟོད་པ་དཀོན་མཆོག་མཁར། རྨོག་ཅོག་པ། ཞང་སྒོམ་ཆོས་སེང་ཡིན། རྨོག་ཅོག་པ་དང་པོར་དེ་ཉིད་དང་། ཕྱིས་སྒམ་པོ་པར་གཏུགས་ནས་ཕྱག་རྒྱ་ཆེན་པོའི་རྟོགས་པ་ཤར་བ་ཡིན། དེའི་སློབ་མ་འཁྲུངས་ཡུལ་སྟོད་ལུང་གནམ་པ། གདུང་རུས་འབལ། སྐྱེར་སྒང་པར་གྲགས། རྨོག་ཅོག་པ་ལས་ཁྱུང་པོའི་ཆོས་ཡོངས་སུ་རྫོགས་པ་གསན།
དེའི་སློབ་མ་སངས་རྒྱས་གཉན་སྟོན་ཆོས་ཀྱི་ཤེས་རབ། འཁྲུངས་ཡུལ་ཡོལ་གྱི་མདའ། གདུང་རུས་གཉན། སྐྱེར་སྒང་པ་ལས་གདམས་ངག་རྫོགས་པར་ཐོབ། དེའི་སློབ་མ་སངས་རྒྱས་སྟོན་པ་སིལ་མར་བོན་གྱི་རྒྱུད་དུ་འཁྲུངས། སངས་རྒྱས་གཉན་སྟོན་ལ་ཐུག །དེ་ཡན་ལ་བརྒྱུད་པ་རིན་ཆེན་བདུན་བརྒྱུད་ཟེར། དེ་ལ་མཁས་གྲུབ་ཤངས་སྟོན་དང་། མཁས་བཙུན་གཞོན་ནུ་གྲུབ་གཉིས། དང་པོ་ལས་འཇག་པ་དང་། གཉིས་པས་དཔའ་སྣམ་བསམ་སྡིངས་བཏབ་པས་འཇག་བསམ་གཉིས་སུ་གྱེས་ལ། ཤངས་པ་བཀའ་བརྒྱུད་ཅེས་གྲགས་སོ།
།ཡང་ཇོ་བོ་མཻ་ཏྲི་པའི་སློབ་མ་རྣམས་ལས་ཕྱག་རྒྱ་ཆེན་པོ་བོད་དུ་འགྱུར་བ་ལ་སྔ་ཕྱི་བར་གསུམ། སྔ་མ་ཀོང་ནི་རུ་པ་ལས་བརྒྱུད་པ་སྟེ། དེའང་མཻ་ཏྲི་པའི་སློབ་མ་ཀ་རོ་པ། དེའི་སློབ་མ་མཆོག་ཏུ་གྱུར་པ་ནི་རུ་པ་ཏའི་རྣལ་འབྱོར་པ། དེ་བླ་མ་དང་མཁའ་འགྲོས་ལུང་བསྟན་པས་བོད་དུ་བྱོན་པའི་ལམ་བགྲེས་ཆེས་ནས་བལ་པོར་ཀོང་ཆུང་པ་འདས་པའི་རོ་ལ་གྲོང་འཇུག་མཛད་པ་ཡིན། ཟངས་གླིང་པས་པཎྜི་ཏའི་ཆ་བྱད་དུ་བྱས་ནས་བྱོན་པས་ཟངས་གླིང་པ་བྱོན་པར་གྲགས།
བར་པ་ལ་སྟོད་སྨད་གཉིས་ལས་སྟོད་འགྱུར། རྒྱ་གར་ཕྱག་ན་འབྲོག་ཇོ་སྲས་ཀྱིས་སྤྱན་དྲངས། གཙང་གི་ཆུ་སྒོར་བཞུགས་ནས་ལྷ་རྗེ་གཙང་ཤོད་པ་སོགས་བོད་སྟོན་ཆེན་པོ་སུམ་ཅུ་ལ་གདམས་པ་ཕྱི་མ་ཨ་སུ་སྟེ་བལ་པོ་སྐྱེ་མེད་དུ་གྲགས་པ་ལ། སློབ་མ་སྒོམ་ཀ་བ་བཞི། གདུང་དྲུག །ཡོར་པོ་བའི་བུ་གསུམ། དམག་པ་སྒང་པ་ལ་སོགས་པའོ།
།ཕྱི་འགྱུར་མངའ་རིས་པ་ནག་པོ་ཤེར་དད་ཀྱིས་རྒྱ་གར་དུ་བྱོན་ནས་ཕྱག་ན་སྐུ་བགྲེས་ཁར་ཐུག །ཕྱིར་ལོག་བོད་དུ་དར་བ་རྣམས་སོ། །དེ་ལྟར་ཉན་བཤད་ཡོད་པ་རགས་རིམ་སྟེ། གཞན་ལོ་ཙཱ་བ་དང་པཎྜི་ཏ་དུ་མས་བསྒྱུར་བཤད་མཛད་པ་དཔག་ཏུ་མ་མཆིས་སོ། །མདོ་སྡེ་ལུང་རྒྱུན་རྣམས་གྲོ་ལུང་པ་ཆེན་པོས་བསྐུལ་ནས་སྟེང་པ་ལོ་ཙཱ་བས་རྒྱ་གར་ནས་བཙལ་བ་དང་། ཕྱིས་འཕགས་པ་རིན་པོ་ཆེས་ཐུགས་རྩོལ་མཛད་པས་བཀའ་འགྱུར་རོ་ཅོག་གི་ལུང་རྒྱུན་ཡིད་ཆེས་པ་འདི་བྱུང་ངོ༌།།