Rgyud sde lnga'i lha gtso bor bsdus pa'i man ngag

From Shangpa Resource Center
Revision as of 13:13, 14 December 2018 by Sengue (talk | contribs)








Resource ID SCv4p115
Title rgyud sde lnga'i lha lnga gtso bor bsdus pa'i man ngag bla ma gong ma'i phyag len
Topics Five Tantra Classes
Sub-Topics Sadhana
Author Jetsün Taranatha

༄༅། །རྒྱུད་སྡེ་ལྔའི་ལྷ་ལྔ་གཙོ་བོར་བསྡུས་པའི་མན་ངག་བླ་མ་གོང་མའི་ཕྱག་ལེན་བཞུགས་སོ།།

།ཨོཾ་སྭ་སྟི།
།དཀྱིལ་འཁོར་མ་ལུས་ཀུན་འདུས་པ། །ཡེ་ཤེས་རྣམ་ལྔའི་ངོ་བོ་ཉིད། །དེ་ལ་གུས་པས་ཕྱག་བཙལ་ནས། །དེ་ཡི་སྒྲུབ་ཐབས་མདོ་ཙམ་བཤད།
།དེ་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་གྱིས་མཛད་པའི་སྒྲུབ་ཐབས་དང་། གྲུབ་ཆེན་ཁྱུང་པོ་རྣལ་འབྱོར་གྱིས་མཛད་པའི་སྒྲུབ་ཐབས་ཀྱི་མན་ངག་རྣམས་ནས། གཞི་ལུས་བདེ་མཆོག་ལྷན་སྐྱེས་དང་། དགྱེས་མཛད་ལྷན་སྐྱེས་ལ་སྦྱར་བ་ཅི་རིགས་པ་ཡོད་ཅིང་། བླ་མ་རྣམས་ཀྱི་ཕྱག་ལེན་ལ་ཡང་ཅི་རིགས་སུ་མཛད་པ་གཉིས་ཀ་ལྟར་རུང་ཞིང་ཡིད་ཆེས་ཅན་ཡིན་ནོ། །དེས་ན་འདིར་བདེ་མཆོག་ལྷན་སྐྱེས་ལ་བརྟེན་ནས་རྣལ་འབྱོར་བཤད་པར་བྱ་སྟེ། དེ་ལ་ཡིད་དང་མཐུན་པའི་གནས་སུ། ནང་མཆོད་མཆོད་གཏོར་སོགས་ཡོ་བྱད་རྣམས་ཚོགས་པར་བྱས་ནས། སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན་པར་བྱས་ནས། ནང་མཆོད་གཏོར་མ་བྱིན་གྱིས་བརླབས་ལ།
ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། པངྨ་དང་ཉི་མའི་སྟེང་དུ་ཧཱུྃ་སྔོན་པོ་ཡེ་ཤེས་ལྔའི་བདག་ཉིད་ཅན། ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པའི་འོད་ཟེར་གྱིས་སྣོད་བཅུད་མ་ལུས་པ་སྦྱངས་ནས། སླར་འདུས་ཏེ་འོད་དུ་ཞུ་བ་ཐིག་ལེར་གྱུར། དེ་ལས་རང་ཉིད་འཁོར་ལོ་སྡོམ་པའི་སྐུར་གྱུར་པའི་ཐུགས་ཀར་ཧཱུྃ། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ལན་གསུམ།
ཐུགས་ཀའི་ཧཱུྃ་ལས་རཾ་འོག་ཕྱོགས་སུ་ཆད་ཉི་མའི་དཀྱིལ་འཁོར་དུ་གྱུར། ཧཱུྃ་སྤྲོས་པ་ལས་སྣ་ཚོགས་རྡོ་རྗེའི་རང་བཞིན་གྱི་ས་གཞི་དང་། དེ་ལས་འཕྲོས་པའི་རྭ་གུར་དུ་གྱུར་ཅིང་ཧཱུྃ་ལས་ཧཱུྃ་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་རྡོ་རྗེ་རྩེ་གཅིག་པ་ནས་དགུ་པའི་བར་དུ་གྱུར་པས་བར་མཚམས་མེད་པར་གཏམས། ཉི་མ་ལས་འབར་བའི་མེས་རབ་ཏུ་ཞུ་སྟེ། རྭ་གུར་གྱི་ཕྱི་རོལ་དུམ་བུ་གཅིག་ཏུ་འདྲེས་ཤིང་ཕྱི་ནང་ཀུན་ཏུ་མེ་ལྕེས་གང་བར་གྱུར། སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ།
ཨཱརྒྷཾ་ནས། ཤབྡའི་བར་རྒྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ་བྱ།
རང་གི་ལུས་ངག་ཡིད་གསུམ་གྱི་དྲི་མ་མཐའ་དག་དག་སྟེ། མེ་ལོང་དང་གཟུགས་བརྙན་ལྟར་རང་དང་ཚོགས་ཞིང་དབྱེར་མེད་དུ་གྱུར། ཚད་མེད་བཞི་སྤྱི་དང་མཐུན་པར་བསྒོམ། ཨོཾ་སྭ་བྷཱ་ཝས་སྟོང་པར་སྦྱང་། གཟུང་བ་རང་བཞིན་མེད་པའི་བདག་ཉིད་དོ། །ཨོཾ་ཤཱུ་ནྱ་ཏཱ་སོགས།
འཛིན་པ་ཡང་རང་བཞིན་མི་དམིགས་ཏེ་ཆོས་རྣམས་ཐམས་ཅད་སྟོང་པ་ཉིད་དོ། །ཞེས་མཉམ་པར་བཞག
སྟོང་པའི་ངང་ལས་སྐད་ཅིག་གིས་སྲུང་འཁོར་གྱི་དབུས་སུ་སྣ་ཚོགས་པངྨ་འདབ་མ་བརྒྱད་པའི་ལྟེ་བར་འཇིགས་བྱེད་དུས་མཚན་གྱི་གདན། དེའི་སྟེང་དུ་བྱང་སེམས་ཟླ་བ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་མཉེས་པར་བྱས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཧེ་རུ་ཀ་ཡབ་ཡུམ་གྱི་གོ་འཕང་ལ་བཀོད། དེ་རྣམས་ཐམས་ཅད་ཧེ་རུ་ཀ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས་ཏེ། ཧཱུྃ་ཡིག་རྡོ་རྗེ་དང་བཅས་པ་ལ་ཐིམ་པས་ཡོངས་སུ་གྱུར་པ་ལས། རང་ཉིད་དཔལ་ཧེ་རུ་ཀ་འཁོར་ལོ་བདེ་མཆོག་སྐུ་མདོག་མཐིང་ག་ཨིནྡྲ་ནཱི་ལ་ལྟར་རབ་ཏུ་འབར་བའི་འོད་ཟེར་འཕྲོ་བ། ཞལ་གཅིག་ཕྱག་གཉིས་དམར་ལ་ཟླུམ་པའི་སྤྱན་གསུམ་གཡོ་བ་ཁྲོ་ཞིང་སྒེག་ལ་ཆགས་པའི་ཉམས་ཅན། མཆེ་བའི་མྱུ་གུ་ཅུང་ཟད་གཙིགས་པ། བཞིན་ཤིན་ཏུ་འགྱུར་བའི་ཁྲོ་གཉེར་ཅན། བུང་བ་ལྟར་གནག་པའི་དབུ་སྐྲ་རལ་པའི་ཐོར་ཅོག་སྤྱི་བོར་བཅིངས་པའི་རྩེ་མོར་རུས་པའི་འཁོར་ལོ་ལ་གནས་པའི་ནོར་བུ་དང་། རལ་པའི་ངོས་ལ་སྣ་ཚོགས་རྡོ་རྗེ་དང་། གཡོན་ངོས་སུ་ཟླ་བ་ཕྱེད་པས་བརྒྱན་པ། མི་རུས་ཀྱི་རྣ་ཆ་དང་། མགུལ་རྒྱན་དང་། གདུ་བུའི་ཚོགས་དང་། སྐ་རགས་དང་། མཆོད་ཕྱིར་ཐོགས་ཀྱིས་བརྒྱན་པ་ཐལ་བ་ཆེན་པོས་ཉེ་བར་བྱུགས་ཤིང་། མི་མགོ་སྐམ་པོ་ལྔའི་དབུ་རྒྱན། དཔའ་བོའི་དར་དཔྱངས་དང་བཅས་པ། མིའི་རྒྱུ་མ་ལ་བརྒྱུས་པའི་ཁྲག་འཛག་མགོ་བོ་ལྔ་བཅུའི་དོ་ཤལ་ཅན། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། ཕྱག་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཡོན་བསྐུམས་པས་འཇིགས་བྱེད་ནག་པོ་དང་། གཡས་བརྐྱངས་པས་དུས་མཚན་མ་དམར་མོ་མནན་པ། གར་གྱི་ཉམས་དགུ་དང་ལྡན་ཞིང་མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པའོ། །དེ་ལ་འཁྱུད་པའི་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་བསྐལ་པའི་མེ་ལྟར་གཟི་བརྗིད་འབར་བ། ཕྱག་གཡས་རྡོ་རྗེ་གྲི་གུག་དང་བཅས་པའི་སྡིགས་མཛུབ་ཀྱིས་ཕྱོགས་ཐམས་ཅད་གནོན་ཅིང་། གཡོན་ཐོད་པ་ཁྲག་གིས་གང་བ་འཛིན་པས་ཡབ་ལ་འཁྱུད་པ། གཅེར་བུ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། ཐོད་སྐམ་གྱི་དབུ་རྒྱན་དང་དོ་ཤལ་ཅན། ཞབས་གཡས་བསྐུམ་གཡོན་བརྐྱང་པས་ཡབ་ལ་འཁྱུད་པ། ཡབ་ཡུམ་གཉིས་ཀའང་ལང་ཚོ་གསར་དུ་བདོ་བ། མེ་ཕུང་འབར་བའི་དབུས་ན་བཞུགས་པའོ། །ཡབ་ཀྱི་སྐུ་ལ་རྩ་གསུམ་འཁོར་ལོ་ལྔ་དང་བཅས་པ་སྐད་ཅིག་གིས་གྲུབ་པའི་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་བཅུ་རྩ་བཞིའི་ལྟེ་བར་རྡོ་རྗེ་གསུམ་གཅིག་ཏུ་འདུས་པའི་ཡོན་ཏན་གྱི་ངོ་བོ་རང་དང་མཚུངས་པའི་འཁོར་ལོ་བདེ་མཆོག་ཡབ་ཡུམ། བདེ་ཆེན་འཁོར་ལོར་སྐུ་གསང་བ་འདུས་པ་སྐུ་མདོག་སྔོན་པོ་ཡིད་ཙམ་ཁྲོས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་མཚུངས་ཀྱི་ཡུམ་ལ་འཁྱུད་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་པད་ཉི་ལ་བཞུགས་ཤིང་དར་དང་རིན་པོ་ཆེས་བརྒྱན་པའོ། །ལོངས་སྤྱོད་འཁོར་ལོར་གསུང་མ་ཧཱ་མཱ་ཡཱ་མཐིང་ག་ཕྱག་གཉིས་ཀྱིས་མདའ་གཞུ་འཛིན་པས་ཡུམ་སངས་རྒྱས་མཁའ་འགྲོ་མ་དམར་མོ་རང་མཚུངས་ལ་འཁྱུད་པ། སྐྲ་སེར་གྱེན་དུ་བརྫེས་པ་གཡོན་བརྐྱང་གིས་པད་ཉི་ལ་མི་རོ་མནན་པའོ། །ཆོས་ཀྱི་འཁོར་ལོར་ཐུགས་དགྱེས་མཛད་རྡོ་རྗེ་མཐིང་ག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་བདག་མེད་མ་སྔོན་མོ་གྲི་ཐོད་འཛིན་པ་ལ་འཁྱུད་པ། སྐྲ་སེར་གྱེན་དུ་བརྫེས་པ་གཡས་བརྐྱང་གིས་པད་ཉི་ལ་ཚངས་པ་དང་དྲག་པོ་མནན་པའོ། །བདེ་སྐྱོང་འཁོར་ལོར་ཕྲིན་ལས་རྡོ་རྗེ་འཇིགས་བྱེད་མཐིང་ནག་མ་ཧེའི་ཞལ་ཅན་ཕྱག་གཉིས་ཀྱི་གྲི་གུག་ཐོད་ཁྲག་འཛིན་པས་ཡུམ་ཕག་མོ་གྲི་ཐོད་འཛིན་པ་ལ་འཁྱུད་པ། སྐྲ་སེར་གྱེན་དུ་བརྫེས་ཤིང་དུར་ཁྲོད་ཀྱི་ཆས་རྫོགས་པ། གཡོན་བརྐྱང་གིས་པད་ཉི་ལ་མ་ཧེ་མནན་པའོ།
།ཡང་ན་ཐམས་ཅད་ཧཱུྃ་ལས་བསྐྱེད་ཀྱང་རུང་བར་བཤད་དོ།
།རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས། རྒྱུད་སྡེ་ལྔའི་གཙོ་འཁོར་གྱི་ལྷ་ཚོགས་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་ཐིམ། རང་གི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ།
ཡང་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས། དབང་གི་ལྷ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཁྲོ་བོའི་དབང་པོ་བཙུན་མོར་བཅས་པ་ཐམས་ཅད་སྤྱན་དྲངས། ཕྱི་ནང་གསང་བའི་མཆོད་པ་ཐམས་ཅད་ཀྱིས་མཆོད་པར་གྱུར།
ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། གཙོ་བོའི་ཐུགས་ཀ་ནས་ཡུམ་ལྔ་བདུད་རྩིས་གང་བའི་བུམ་པ་ཐོགས་པ་སྤྲོས།
ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན།
ཨཱརྒྷཾ་སོགས་ནས། ཤབྡའི་བར་བརྗོད། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། གསང་མཆོད་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཡིད་ཀྱིས་དྲན་ཙམ་བྱ། དེ་ཉིད་ལྔ་པས་བསྟོད་པའམ།
ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཀྱང་། །ཐབས་ཀྱིས་ཁྲོ་བོའི་སྐུར་སྟོན་གདུག་པ་འདུལ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པ། །ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རྣམ་དག་རྡོ་རྗེ་དབང་ཕྱུག་མ། །རྗེས་ཆགས་ཆགས་པ་ཆེ་རྣམས་ཀྱི། །རྡོ་རྗེ་ཕག་མོ་དེ་ལ་འདུད། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རབ་རྫོགས་པ། །དཀྱིལ་འཁོར་ལྔ་པོ་ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་འཚལ་ལོ། །ཞེས་བསྟོད།
ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་གཙོ་བོ་བཟླ་ཞིང་།
ཨོཾ་ཨཱཿབཛྲ་དྷྲིཀ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཧྲཱིཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་དེ་བ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཧྲཱིཿཥྚིཿབིཀྲྀ་ཏཱ་ན་ན་ཧཱུྃ་ཕཊ། ཅེས་པ་རྣམས་ཀྱང་ཅི་རིགས་བཟླའོ།
།རྫོགས་པའི་རིམ་པ་ནི། འཁོར་ལོ་ལྔའི་ལྷ་རྣམས་ཐིག་ལེར་ཞུ་བ་དང་། དེ་ཡི་འོད་ཟེར་གྱིས་ལུས་གང་བ་སོགས་སྤྲོ་བསྡུ་ལ་སེམས་འཛིན་པར་བཤད་ཅིང་། གཙོ་བོར་ཆོས་དྲུག་ཉིད་བསྒོམ་པ་ཡིན་ནོ། །མཐར་དཀྱིལ་འཁོར་གྱི་འཁོར་ལོ་འོད་གསལ་གྱི་ངང་དུ་ཐིམ་པར་གྱུར། ཅེས་བརྗོད་ཅིང་ཅུང་ཟད་མི་རྟོག་པ་ལ་མཉམ་པར་བཞག
སླར་ཡང་རང་ཉིད་ཧེ་རུ་ཀ་ཡབ་རྐྱང་གི་ང་རྒྱལ་ལ་གནས་པས། གནས་གསུམ་བྱིན་གྱིས་བརླབས་ནས་ཐུན་མཚམས་ལ་འཇུག་གོ།
།གཏོར་མ། ཨོཾ་ཨ་མྲྀ་ཏས་བསང་། ཨོཾ་སྭ་བྷཱ་ཝས་སྦྱང་། ཡཾ་ལས་རླུང་རཾ་ལས་མེའི་སྟེང་དུ་ཨ་ལས་ཀ་པཱ་ལ་ཤ་ལྔ་བདུད་རྩི་ལྔས་ཡོངས་སུ་གང་བ་ཧཱུྃ་བྷྲཱུྃ་ཨཱཾཿཛྲིཾ་ཁཾ་རྣམས་ཀྱིས་མཚན་པ་རླུང་གཡོས་མེ་སྦར་རྫས་བཅུ་ཡི་གེ་དང་བཅས་པ་ཞུ། སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས་བདུད་རྩི་སྤྱན་དྲངས་ཏེ་བསྟིམ་པས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར།
ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ་གྱིས་བྱིན་གྱིས་བརླབས།
རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས།
གོང་དུ་བཤད་པའི་སྙིང་པོ་རྣམས་ཀྱི་མཐར། ཨོཾ་ཨ་ཀཱ་རོས་བཏགས་པ་ལན་གསུམ་གྱིས་ཕུལ། གོང་བཤིན་མཆོད་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ནས། ཀུན་འགྲུབ་ཤོག་གི་བར་གྱིས་འདོད་དོན་གསོལ་བ་བཏབ། ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ། སྨོན་ལམ་བཀྲ་ཤིས་རྣམས་བྱའོ། །གལ་ཏེ་དགྱེས་མཛད་ལྷན་སྐྱེས་ལ་བརྟེན་ནས་བསྒོམ་པར་འདོད་ན། གཞི་ལུས་དགྱེས་མཛད་ལྷན་སྐྱེས་ཉིད་དུ་བྱེད་པ་དང་། སྐུ་གསུང་ཐུགས་བྱིན་བརླབས་ཀྱི་རྗེས་སུ་སྐྱེ་མཆེད་དྲུག་བྱིན་རླབས་བྱ། བཟླས་པ་ཡང་དེ་ཝ་པི་ཙུ་བཛྲ་གཙོ་བོར་བྱེད་པ་རྣམས་ཁྱད་པར་རོ། །ཕྱིའི་དཀྱིལ་འཁོར་ལྷ་ལྔའི་ཚུལ་བསྒོམ་པར་འདོད་ན། པངྨ་འདབ་བརྒྱད་ཀྱི་ཤར་དུ་གསང་འདུས། ལྷོ་རུ་དགྱེས་མཛད། ནུབ་ཏུ་མཱ་ཡཱ། བྱང་དུ་འཇིགས་བྱེད། མཚམས་ཀྱི་འདབ་མ་རྣམས་ལ་བུམ་ཐོད་བཞི་གསལ་འདེབས། ཕྱི་དཀྱིལ་དུ་བསྒོམ་པའི་ཡིག་རྙིང་ཕལ་ཆེ་བ་ན། གཙོ་བོར་གསང་བ་འདུས་པ་ལ་བྱས་པ་ཉིད་མང་བ་ཡོད་ནའང་། རང་གང་ལ་མོས་པ་ཉིད་གཙོ་བོར་བྱས་པས་ཆོག །དེ་བཞིན་དུ་ཡིག་རྙིང་འགའ་ན་ཕྱི་དཀྱིལ་འཁོར་ལོ་བདེ་མཆོག་ལྷ་ལྔ་ལ་བརྟེན་པའང་ཡོད་དོ། །ཤིན་ཏུ་ཟབ་པའི་སྒྲུབ་ཐབས་འདི། །ཁྱུང་པོ་རྣལ་འབྱོར་ལ་སོགས་པ། །དེ་ཉིད་མཁྱེན་པའི་ལུང་གི་དོན། །ངག་འདོན་ཙམ་དུ་བསྒྲིལ་བ་ཡིན། །ཅེས་པའང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྨྲས་པའོ། །སརྦ་ཛ་ག་ཏཾ།།
༈ ཡེ་ཤེས་ཌཱ་ཀིའི་ཞལ་གྱི་ལུང་། །ལོ་གསུམ་བར་མ་ཆད་བསྒོམ་ན། །ངེས་པར་མཁའ་སྤྱོད་འགྲུབ་བྱེད་པ། །མཁས་གྲུབ་ཁྱུང་པོའི་ཁྱད་ཆོས་འདི། །ཤངས་པའི་བསྟན་ལ་ཕན་པའི་བློས། །བླ་མ་དགེ་ལེགས་དད་པས་བྲིས། །འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ། །མངྒ་ལཾ།། །།