Mkhas btsun sangs rgyas rgyal mtshan 'bum gyi rnam thar
Resource ID | SCv1p563 |
---|---|
Title | bla ma mkhas btsun sangs rgyas rgyal mtshan 'bum gyi rnam thar |
Topics | Biography |
Associated Person | Gyeltsen Bum |
Link | BDRC W23922 BDRC W20441 BDRC W4CZ58783 (p. 467) BDRC W8LS37032 (p.281) BDRC W1KG1286 BDRC W3CN18508 (p.204) |
༄༅། །བླ་མ་མཁས་བཙུན་སངས་རྒྱས་རྒྱལ་མཚན་འབུམ་གྱི་རྣམ་ཐར་བཞུགས་སོ།།
༈ བླ་མ་དམ་པའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་གུས་པས་ཕྱག་འཚལ་ལོ།
དལ་འབྱོར་རྟེན་ལ་བསླབ་གསུམ་རྒྱན་གྱིས་སྤྲས། །ཐོས་བསམ་སྒོམ་གསུམ་ཉམས་རྟོགས་མཆོག་ཏུ་གྱུར། །གདུལ་བྱ་སྐལ་ལྡན་ཚེ་གཅིག་སངས་རྒྱས་སྟེར། །མཁས་བཙུན་སངས་རྒྱས་ཞབས་ལ་གསོལ་བ་འདེབས། །སྔོན་ཚེ་རྒྱལ་བའི་ཕྲིན་ལས་རབ་རྫོགས་ནས། །སྐྱེ་མེད་ཆོས་ཀྱི་དབྱིངས་ན་བཞུགས་གྱུར་ཀྱང་། །སྙིང་རྗེ་སྨོན་ལམ་ཐབས་ཀྱིས་རབ་བསྐུལ་ནས། །རྐང་གཉིས་གཙོ་བོ་མི་ཡི་ཚུལ་དུ་བསྟན། །སྦྱངས་པའི་ལས་འཕྲོ་དཀར་པོའི་ཆོས་ལ་སད། །ཐོས་བསམ་རལ་གྲིས་ཕྱི་ཡི་སྒྲོ་འདོགས་བཅད། །སྒོམ་པའི་སྒྲོན་མེས་ནང་གི་མདུད་པ་བསལ། །དོན་གཉིས་མཐར་ཕྱིན་བླ་མ་དམ་པ་དེ། །སྙིགས་མའི་འགྲོ་བ་ཀུན་གྱི་དཔལ་མགོན་ལགས། །ཡུན་རིང་དུས་སུ་བཞུགས་པར་གསོལ་བཏབ་ཀྱང་། །ཞིང་ཁམས་གཞན་དུ་གདུལ་བྱ་ཆེར་དགོངས་ནས། །ཁྱི་ལོ་དབྱར་ཟླ་ཉི་ཤུའི་སྔ་དྲོ་ལ། །ངོ་མཚར་རྟགས་བཅས་བདེ་བ་ཅན་དུ་གཤེགས། །ཕྱི་རབས་དད་ལྡན་འགྲོ་བ་དྲངས་ཕྱིར་དུ། །སྐུ་གདུང་རིང་བསྲེལ་མོས་པའི་རྟེན་རྣམས་བཞག །རྣམ་ཐར་མདོར་བསྟན་ཡིན་གྱིས་གུས་པས་ཟུངས།
།དེ་ལ་བདག་ཅག་གི་བླ་མ་དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ། བླ་མ་མཁས་བཙུན་སངས་རྒྱས་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་ལམ་ལྔ་ས་བཅུའི་རིམ་པ་གཅིག་ཆར་བགྲོད་ནས། སྐྱེ་མེད་ཆོས་སྐུ་དང་དབྱེར་མི་ཕྱེད་པ་བྱུང་ཡང་། གཟུགས་སྐུ་རྣམ་པ་གཉིས་ཀྱིས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་པའི་ཕྱིར་རམ། སྐལ་ལྡན་གདུལ་བྱའི་རྒྱུད་ཡང་དག་པའི་ལམ་ལ་སྦྱར་བར་བྱ་བའམ། སངས་རྒྱས་བསྟན་པའི་གྲུ་ཆེན་ཡུན་རིང་དུ་གནས་པའི་ཕྱིར་དུ་སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་སྙིགས་དུས་ཀྱི་འགྲོ་བ་ཕལ་པོ་ཆེ་ལ་ཐུགས་རྗེས་དགོངས་ནས། རྐང་གཉིས་མི་ཡིས་ཚུལ་དུ་སྐུ་འཁྲུངས་པའི་ཡུལ་ནི་ཁོངས་ལམ་རྩ་ཐང་། གདུང་རུས་ཤུད་གྱེ། ཡབ་ཕྱུག་པོ་ཆོས་སྐྱོང་བཙན། ཡུམ་ཕྱུག་མོ་གཡང་མོ་སྟེ། འབྱོར་པ་དང་ལྡན་པའི་སྲས་སུ་སྐུ་འཁྲུངས་སོ།
།དེ་ནས་ཅུང་ཟད་མནོ་ཤེས་ནས་འགྲོ་འཆག་ཉལ་གསུམ་ཐམས་ཅད་དུ་མ་ཎི་ཁོ་ན་འདྲེན་པ་ཞིག་བྱུང་བ་དང་། དེ་ནས་ཡབ་ཀྱི་ཐུགས་དགོངས་ལ། འདི་ལས་སད་པ་གཅིག་འདུག་སྙམ་ནས་དྲིན་ཅན་རི་བའི་དྲུང་དུ་ཁུར་ཕྱིན་ནས། ཐུགས་རྗེ་ཆེན་པོའི་རིག་གཏད་དང་། མ་ཎིའི་ལུང་ཞུ་རུ་བཅུག
།དེ་ནས་ལོ་དྲུག་བདུན་ནས་ཀློག་སློབ་ཏུ་བྱོན་པས། ཀློག་ཕྲུག་ཡ་བོ་རྣམས་འཐབ་པས། ཀློག་བདར་གསེར་འོད་དམ་པའི་རྒྱ་གར་སྐད་ཀྱི་ཤོག་གུ་རལ་ནས། སློབ་དཔོན་གྱི་འབར་དུ་བྱུང་གིས་དགོངས་ནས་བླ་མས་དཔེ་ལྟས་ཀྱིན་བྲིས་པས། དེ་ཇི་ལྟ་བ་བཞིན་ཐོན་བྱུང་། སློབ་དཔོན་རིན་ཆེན་མཛེས་ན་རེ། འདི་སྔར་གྱི་མིན་པ་འདུག་སུས་བྲིས་པ་ཡིན་ཟེར་བ་དང་། བླ་མ་པས་སྔར་གྱི་དེ་ཆད་ནས་ངས་བྲིས་པ་ཡིན་བྱས་པས་ཁོང་ན་རེ། མ་བསླབ་པའི་ཡི་གེ་རང་བྱུང་དུ་ཤེས་པ་ཁྱེད་སྤྲུལ་པའི་སྐུ་ཞིག་ཏུ་འདུག །འོ་སྐོལ་ལ་ཕ་མེས་ཀྱང་གྲུབ་ཐོབ་སེངྒེ་གྲགས་དང་། ཤུད་ཀྱི་སྟོན་པ་ལ་སོགས་པ་གྲུབ་ཐོབ་མང་པོ་བྱུང་། ཁྱེད་ལ་ཡང་དེ་འདྲ་ཡོང་བར་འདུག་ཟེར། དེ་ནས་འཇམ་དཔལ་མཚན་བརྗོད། ཤེར་སྙིང་། སྒྲོལ་མ། གཙུག་ཏོར་ལ་སོགས་པ་བལྟས་པ་ཙམ་གྱིས་ཤེས་ནས་འོང་འདོད་བྱེད་ཅིང་ཡང་ནར་མར་ཤེས་པ་ཞིག་བྱུང་ངོ་།
།དེ་ནས་དགུང་ལོ་དགུའི་དུས་སུ་འཇམ་དཔལ་ནར་མར་འདོན་པ་འདི་ལ་ལུང་ཞིག་དགོས་པར་འདུག་སྙམ་ནས། ཨ་མ་ལ་མར་དང་ཕྱེ་བསླང་ནས། ཁོང་རྐྱང་དུ་བླ་མ་དབོན་གྲགས་པ་ལ་མཚན་བརྗོད་དང་སྒྲོལ་མ་ལ་སོགས་པའི་ལུང་ཞུས། དེ་ནས་དགུང་ལོ་བཅོ་ལྔ་ལ་བླ་མ་ཤར་པ་ཀུན་དགའ་སེང་གེ་དང་། བླ་མ་སྟེང་ཁང་པ་གཉིས་ལ་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་། རྙོགས་པ་མེད་པའི་ཚུལ་ཁྲིམས་ཀྱིས་མཛེས་པར་མཛད་དེ། སྤངས་བར་བྱ་བའི་ཕྱོགས་མཐའ་དག་ནི་སྤངས། བསླབ་པར་བྱ་བའི་གཞི་མཐའ་དག་བསླབ་བོ།
།དེ་ནས་སངས་རྒྱས་ཀྱི་བསྟན་པའི་བྱ་བ་ཐོས་བསམ་སྒོམ་གསུམ་ལ་འབད་དགོས་པར་རིག་ནས། ཐོས་པས་ཕྱིའི་སྒྲོ་འདོགས་བཅད་པའི་རིམ་པ་ནི། བླ་མ་སྟེང་ཁང་པ་དང་། སློབ་དཔོན་ཀུན་དགའ་འབུམ་གཉིས་ལ་ཕ་རོལ་ཏུ་ཕྱིན་པ་གསན་ལོ་གསུམ་ལ་ཚིག་དོན་མ་ལུས་པ་ཐུགས་སུ་ཆུད་པར་མཛད་ནས། བཤད་གསར་མཛད་དོ།
།དེ་ནས་ས་སྐྱར་བྱོན་ནས། བླ་མ་འཇམ་དབྱངས་པ་ལ་བརྟག་གཉིས་གསན། སྒོས་ཀྱི་སློབ་དཔོན་ཀུན་དགའ་དཔལ་ལ་བཅོལ། ས་ལུགས་ཀྱི་ལག་ལེན། དབྱངས། བརྟག་གཉིས་ཀྱི་མཛུབ་ཁྲིད་དང་བཅས་པ་མཁས་པར་བསླབ་ཤིང་བཤད་གསར་མཛད། དེ་ནས་བླ་མ་རོང་པ་ཤེས་རབ་སེངྒེ་ལ་དུས་འཁོར་གྱི་དབང་། རྒྱུད་ལུང་ས་རིས་དང་བཅས་པ་ཞུས། དེ་ནས་བླ་མ་སྒང་སྟོན་དང་། བླ་མ་ཨ་ནུ་ཤྲཱི་གཉིས་ལས་དུས་འཁོར་མཁས་པར་བསླབ། སྲེག་ཤིང་དུ་བཤད་པ་མཛད་ནས། ཁྱམས་སུ་རྒྱུན་གཅོད་མཛད་ནས་སྦུབ་སྲང་ལ་བྱོན་པས། བུད་མེད་དཀར་མོ་ཞིག་གིས་དར་དཀར་པོའི་ཐུམ་བུ་ཞིག་གཏད་ནས། ཆོས་འདིའི་བདག་པོ་ཁྱེད་ཀྱིས་གྱིས་ཤིག་ཟེར་བ་ཞིག་བྱུང་། ནང་དུ་བྱོན་ནས་སིང་པོ་ཚོགས་ལ་ལག་བདེ་བ་རྣམས་ལ་དྲོངས་གསུངས་ནས་དྲོངས་པས། སིང་པོ་ཐམས་ཅད་ཆང་དུ་སོང་ནས་ཞག་མང་པོའི་བར་དུ་གཙགས་ཚད་ཆང་དུ་འགྲོ་བ་བྱུང་གསུངས། དེ་ནས་སྲེག་ཞིང་དུ་ཆོས་འཆད་མཛད་ནས་བཤད་ཉན་ཡུན་རིང་དུ་མཛད། ཡང་བྲང་ཁང་གཞན་ཞིག་ཏུ་ཚོགས་འཁོར་ལ་བྱོན་ནས་ནང་དུ་བྱོན་ཙ་ན། གུར་གྱི་མགོན་པོ་སྐུ་ཤིན་ཏུ་ཆེ་བ་གཅིག་གི་ཞལ་མཐོང་གསུངས། དེ་ནས་བླ་མ་སྟེང་ཁང་པ་ལ་མཚན་བརྗོད། དཔྱལ་ལུགས་ཀྱི་བདེ་མཆོག་དཀར་པོ། དྲིལ་བུ་སྐོར་གསུམ། བདེ་མཆོག་ལྷ་ལྔ། ལྷ་བདུན་མ། ཚེ་དཔག་མེད་ཀྱི་ཆོ་ག །ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པ། བདག་མེད་མའི་བྱིན་རླབས་བསྟོད་འགྲེལ་རྣམས་ཞུས། སློབ་དཔོན་ཀུན་དགའ་འབུམ་ལ། མངོན་པ་ཀུན་ལས་བཏུས་པ། མཚན་བརྗོད་འགྲེལ་པ། སྔགས་དོན་རྣམས་གཟིགས། བསྡུས་པ། བཏན་ལ་དབབ་པའི་རྣམ་བཞག །རྩ་ལྟུང་འགྲེལ་བ་དང་བཅས་པ། མདོ་སྡེ་སྐྱེས་རབས། འཇམ་དཔལ་ཨ་ར་པ་ཙ་ན་དྷཱིཿ འཇམ་དཔལ་དཀར་པོ། རྟ་མགྲིན་ནག་པོ་སུམ་བསྒྲག །ནམ་མཁའ་ལྡིང་གི་སྒྲུབ་ཐབས། ཀྱཻ་རྡོ་རྗེའི་ཆོས་སྐོར་དབང་དང་བཅས་པ། དྲིལ་བུ་སྐོར་གསུམ། གཙུག་ཏོར་རྣམ་རྒྱལ་གྱི་རྟོག་པ་གཉིས་ཀྱིས་གཙོ་བྱས་པའི་ཆོས་མ་ལུས་པ་དང་། སྒྲོལ་མའི་དབང་། སྒྲུབ་སྐོར་ལས་ཚོགས་བཅས་པ་ཚང་མ་དང་། རྡོ་རྗེ་རྣམ་འཇོམས་ཀྱི་སྐོར་དང་། ཕག་མོ་གཞུང་དྲུག་དང་། མཛོད་སྒོ་དྲུག །སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པའི་ཡོ་ག་གཞུང་ཆུང་གིས་གཙོ་མཛད་པའི་གཙུག་དགུའི་སྐོར་མ་ལུས་པ་དང་། རྟ་མགྲིན་གྱི་ཆོས་སྐོར་མ་ལུས་པ་དང་། ཁྲོ་ཕུ་བའི་གདམས་ངག་ཆོས་ཆུང་བཞི་གསུམ་བཅུ་གཉིས། སྙིང་གཏམ་བཞི་གསུམ་བཅུ་གཉིས། མན་ངག་གནད་ཀྱི་སྡེ། མི་གཡོ་བའི་དམིགས་པ་སྐོར་གསུམ། ཞེན་ལོག་སྤོང་སྒྲོན་ལ་སོགས་མང་པོ་ཞུས་སོ།
།དེ་ནས་བླ་མ་འཇམ་དབྱངས་རིན་ཆེན་རྒྱ་མཚན་ལས་བརྟག་གཉིས། རྡོ་རྗེ་སྙིང་པོའི་འགྲེལ་པ། བདེ་མཆོག་རྩ་རྒྱུད་ཀྱི་བསྟོད་འགྲེལ། འཁོར་ལོ་སྡོམ་པའི་རྒྱུད་ཆུང་བསམ་གྱིས་མི་ཁྱབ་པ་དུས་འཁོར་རྩ་རྒྱུད། དེའི་བསྟོད་འགྲེལ་སྟོང་ཕྲག་བཅུ་གཉིས་པ། དྲི་མ་མེད་པའི་འོད་ལ་སོགས་པ་དུས་འཁོར་གྱི་ཆོས་སྐོར་མ་ལུས་པ་དང་། མཚན་བརྗོད་འགྲེལ་པ་དང་བཅས་པ། འཇམ་དཔལ་གྲགས་པས་མཛད་པའི་རྣལ་འབྱོར་གྱི་སྙིང་པོ་གསལ་བ་སྦྱོར་ཕྲེང་། སྦྱོར་དྲུག་གི་འབྲེལ་པ་སྦས་པའི་མིག་འབྱེད། ཡེ་ཤེས་སྒྲུབ་པ། ཉི་ཟླ་སྒྲུབ་པ། གསུང་རབ་རིན་ཆེན་བསྡུས་པ་ལ་སོགས་པ་དབང་དང་། རྒྱུད་དང་། སྒྲུབ་ཐབས་དང་བཅས་པ་མང་པོ་ཞུས་སོ། །སྣར་ཐང་གི་མཁན་པོ་སྨོན་ཚུལ་ལ་དྲིལ་བུ་སྐོར་གསུམ་རྩ་འགྲེལ་དང་བཅས་པ། ཀུན་ཏུ་བཟང་པོའི་མཆོད་སྤྲིན། རབ་གནས་དོན་གསལ། གཏོར་མ་ཆ་གསུམ། ཚེ་དཔག་མེད་དཀར་པོ། སྒྲོལ་མ་དཀར་མོའི་ཚེ་སྒྲུབ་ལ་སོགས་པ་སྒྲུབ་སྐོར་མང་དུ་ཞུས་སོ། །བདེ་བ་ཅན་པའི་བླ་མ་ཡེ་ཤེས་མགོན་ལ། འདུལ་བ་ལུང་སྡེ་བཞི། རྒྱུད་འབུམ། འཕགས་པ་སྡུད་པ། རྣམ་འཇོམས། འོད་ཟེར་ཅན། ཤེར་སྙིང་། གཞན་ཕན་འོད་ཟེར་ལ་སོགས་པ་མང་དུ་ཞུས་སོ། །སློབ་དཔོན་ཟླ་འོད་ལ་བཟང་སྤྱོད། སྡོམ་གསུམ། ལེགས་བཤད། ཕྲིན་ལས་བཀྲ་ཤིས་ཀྱི་ཕྲེང་བ། ལམ་འབྲས་གསལ་བ་ལས་དང་པོའི་བྱ་བ། མདོ་ཀུན་ལས་བཏུས་པ། བཤེས་པའི་སྤྲིང་ཡིག་ལ་སོགས་པ་མང་དུ་ཞུས་སོ། །བླ་མ་ཤར་པ་ཀུན་དགའ་སེངྒེ་ལ། བསྟན་བཅོས་རིན་ཆེན་སྒྲོན་མེ། ཨཱཥྚའི་ཕྱིར་ཟློག །ཨ་བྷ་ཡ་ནའི་ཕྱིར་ཟློག །གཟའ་ཡུམ། ཤེར་སྙིང་རྒྱ་ཆེར་འགྲེལ། རྒྱ་སྟོན་དོན་བསྡུས། གསང་འདུས། བྱང་ཆུབ་སེམས་འགྲེལ། དབུ་མ་རིན་ཆེན་ཁ་འབྱེད། ཤེར་ཕྱིན་གྱི་དོན་བསྡུས་པ་ལ་སོགས་པ་མང་དུ་ཞུས་སོ། །བླ་མ་བློ་ཆེན་ལ། ངན་སོང་སྦྱོང་རྒྱུད་ཀྱི་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་། འཇམ་དཔལ་ཨ་ར་པ་ཙ་ནའི་དབང་། མི་གཡོ་བ་ལྷ་དགུའི་དབང་། ཀུ་ལ་པ་ཏའི་བྱིན་རླབས། སྤྱན་རས་གཟིགས་དམར་པོའི་རིག་གཏད། གུར་མགོན་གྱི་དབང་། བདེ་མཆོག་གི་སྔགས་རྣམས་ཀྱི་བཟླས་ལུང་། ཕྱག་ན་རྡོ་རྗེ་འགྲོ་བཟང་མའི་དབང་། ཀྱཻ་རྡོ་རྗེ་ལུས་དཀྱིལ་གྱི་དབང་། བྱ་ཁྱུང་གི་དབང་། ངན་སོང་སྦྱོངས་རྒྱུད་ནས་གསུང་པའི་ཚེ་དཔག་མེད་ཀྱི་དབང་བསྟོད་པ་དང་བཅས་པ། བདེ་མཆོག་ལོ་ཧི་པའི་མངོན་རྟོགས་རྣམས་ཞུས་སོ། །བླ་མ་རྟ་ནག་པ་ཀུན་སྙིང་ལ་ལམ་འབྲས་ཀྱི་ཁྲིད་དང་ལམ་སྐོར་དང་བཅས་པ་མ་ཚང་བ་མེད་པར་ཞུས། བླ་མ་མན་ལུང་པ་རཏྣ་ཤྲཱི་ལ་འཇིགས་བྱེད་ཀྱི་རྒྱུད་རྟོག་པ་བདུན་པ་རཱ་རྡོ་རྗེ་གྲགས་ཀྱིས་མཛད་པའི་ཡིག་སྣ། རྭ་ཡེ་ཤེས་སེང་གེས་མཛད་པའི་བསྙེན་བསྒྲུབ་ལག་ལེན་ལ་སོགས་པ་འཇིགས་བྱེད་ཀྱི་སྐོར་རྣམས། ཆོས་དྲུག་གི་རྒྱུད་མངོན་རྟོགས། གཤེད་དམར་གྱི་ཆོས་སྐོར་རྣམས་དང་། རྨུག་འཛིན་འཆོལ་བའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ། ཚོགས་བདག་གི་བཟུངས་སྒྲུབ་ཐབས་ལས་ཚོགས་དང་བཅས་པ། མི་གཡོ་བའི་རྒྱུད་རྟོག་པ་ཉི་ཤུ་རྩ་ལྔ་པ་མངོན་རྟོགས་དཀྱིལ་ཆོག་དང་བཅས་པ། འཇམ་དབྱངས་ཀྱིས་བྱིན་གྱིས་རློབས་པ་པཎྜི་ཏ་ཏ་ཐ་ག་ཏ་རཀྵི་ཏས་མཛད་པའི་མེ་ཏོག་ཕྲེང་འཛིན་ལྷ་ཉེར་ལྔའི་སྒྲུབ་ཐབས། དེའི་སྟོང་ཉིད་གནས་ཚུལ་ཁྲོ་གཉེར་ཅན་གྱི་སྒྲུབ་ཐབས། ལྟ་བ་ངན་པ་སུན་དབྱུང་བ། ཆོམ་རྐུན་འཆིང་བ། མྱ་ངན་མེད་པའི་སྒྲོན་མ། རིགས་བསྐྱེད་པའི་སྒྲོལ་མ། སྲོག་སྒྲུབ། སྒྲོལ་མ་ལྷ་ལྔའི་སྒྲུབ་ཐབས། སྦྱིན་སྲེག་གི་ཆོ་ག་ཕན་ཡོན་དང་བཅས་པ། ཕྲེང་འཛིན་གྱི་བསྟོད་པ། དཔྱལ་ནས་བརྒྱུད་པའི་སེང་གེ་སྒྲ་ཡི་ཆོས་སྐོར། བླ་མ་བྲན་སྟོན་གྱི་བདེན་པ་བརྡར་བ། རྗེ་ཧ་རི་ནས་བརྒྱུད་པའི་ཚེ་དཔག་མེད་ཀྱི་ཆོས་སྐོར་མ་ལུས་པ། གུར་མགོན་གྱི་རྗེས་གནང་ལ་སོགས་པ་མང་དུ་ཞུས་སོ། །སློབ་དཔོན་གཡོན་བཙུན་ལས་ཡི་གེ་བརྒྱ་པ་རྒྱན་གྱི་མེ་ཏོག །གཙུག་ཏོར་དྲི་མེད་ཀྱི་སྒྲུབ་ཐབས་དང་བཅས་པ། ཇོ་བོ་རྗེས་མཛད་པའི་རྟ་མགྲིན་གྱི་སྒྲུབ་ཐབས། ཤཱཀྱ་ཐུབ་པའི་སྒྲུབ་ཐབས། འཕགས་པ་བྱམས་པའི་སྒྲུབ་ཐབས། སངས་རྒྱས་སུམ་བཅུ་རྩ་ལྔའི་སྒྲུབ་ཐབས་དང་བསྟོད་པ། རལ་གཅིག་མ་དཀར་མོའི་སྒྲུབ་ཐབས། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་སྐོར། སློབ་དཔོན་པདྨ་ནས་བརྒྱུད་པའི་རྟ་མགྲིན་མི་གཡོ་བ་དབང་པོ་རབ་འབྲིང་གསུམ་གྱི་སྒྲུབ་ཐབས་ལ་སོགས་མང་དུ་ཞུས་སོ།
།དེ་ནས་བོག་རྡོར་ཆོས་བར་ལ་བྱོན་པའི་དུས་སུ། འཇག་ན་བླ་མ་མཁས་གྲུབ་ཤངས་སྟོན་གཅིག་པུར་བཞུགས་ནས་ཐུགས་དམ་མཛད་པ་གཟིགས་ནས། བླ་མ་འདི་ལ་ཆོས་ཤིག་ཞུས་ནས་ང་ཡང་འདི་ལྟ་བུ་ཞིག་བྱེད་དགོས་སྙམ་པའི་འདུན་པ་དང་མོས་གུས་དྲག་པོ་སྐྱེས་ཏེ། བླ་མའི་དྲུང་དུ་མཇལ་དུ་ཕྱིན་ནས། ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མའི་གདམས་པ་རྣམས་ཞུ་འཚལ་ཞུས་པས། བླ་མའི་གསུང་ནས། ད་རེས་ཆོས་འབྲེལ་ཞིག་བྱ་ཡིས། མྱུར་དུ་རྟེན་འབྲེལ་འགྲིགས་ནས་ཡོང་བར་འདུག་གོ་གསུངས་ནས། ད་བཤད་ཉན་འདི་བཞག་སྒོམ་སྒྲུབ་ཞིག་བྱ་དགོས་སྙམ་པ་བྱུང་ཡང་། བླ་མ་སྟེང་ཁང་པ་དང་། སློབ་དཔོན་སེངྒེ་དཔལ་གཉིས་ཀྱིས་མཁན་པོ་བློ་གྲོས་རྒྱ་མཚན་པའི་སློབ་གཉེར་དང་། མགོ་འདོན་ཁྱེད་ཀྱིས་བྱེད་དགོས་ཟེར་ནས་གསུང་མ་ཆོག་པར། ས་སྐྱར་བྱོན་ནས་ཁོང་གིས་སློབ་གཉེར་བྱས། གདན་སའི་ཆོས་འཆད་ཀྱང་ཡུན་རིང་དུ་མཛད་པའི་དུས་སུ། བླ་མ་བདག་ཉིད་ཆེན་པོ་ཡང་མཉེས་པར་བྱུང་ཁོང་གིས་གསུངས་ནས་ཁྱེད་ཀྱིས་སྲེག་ཞིང་པའི་དབོན་ཆུང་འདི་མགོ་ཐོན་འདུག་པས། ད་ངེད་ཀྱི་སློབ་དཔོན་ཆེན་པོ་ཀུན་དགའ་བློ་གྲོས་འདིའི་མགོ་འདོན་ཁྱེད་ཀྱིས་བྱེད་དགོས་གསུངས་ནའང་། སྤྱིར་འཁོར་བ་དང་ཉན་བཤད་ལ་སྐྱོ་བ་སྐྱེས་པ་དང་། བླ་མ་ཤངས་སྟོན་པའི་དྲུང་དུ་ཡང་སྒོམ་ཆེན་ལ་མྱུར་དུ་ཡོང་བའི་ཞུ་བ་བྱས་པ་དང་། མི་ཆེན་གྱི་སློབ་དཔོན་ལ་ཡང་རྒྱ་ཡུལ་ལ་སོགས་པའི་འཇིགས་པ་ཆེར་འདུག་པས། མི་གསུངས་བར་ཞུ་བ་ནན་ཆེར་ཕུལ་ནས་མ་བྱས་གསུངས། དེ་ནས་མར་བྱོན་ནས་བླ་མ་ཤངས་པའི་དྲུང་དུ་མིས་མ་ཚོར་བར་ཆོས་དྲུག་ཚར་གཅིག་ཞུས། བླ་མ་དང་ཆོས་ལ་མོས་པ་སྐྱེས། སྒོམ་གྱི་ཉམས་རྟོགས་ཕུན་སུམ་ཚོགས་པར་བྱུང་ནས། སྒྲུབ་པ་ཁོ་ན་བྱེད་དགོས་པར་འདུག་སྙམ་པ་བྱུང་ཡང་། མཁན་པོ་བློ་གྲོས་རྒྱལ་མཚན་ལ་སོགས་པའི་སློབ་མ་རྣམས་ཀྱིས། ད་རུང་ངེད་རྣམས་ལ་ཕར་ཕྱིན་ཡང་སློབ་དགོས་ཤིང་། བཤད་ཉན་ཡང་ཡུན་རིང་དུ་མཛད་དགོས་ཟེར་ནས་ནན་ཆེར་བྱུང་ཡང་། སྐུ་ལུས་ཀྱང་ཅུང་ཟད་ལྟེམ་པ་དང་། སྒྲུབ་པ་ཁོ་ན་ལ་མོས་པར་བྱུང་བའི་རྒྱུ་མཚན་ལ་བརྟེན་ནས་སྲེག་ཞིང་དུ་ཚ་བ་དྲངས། ཕྱག་དཔེ། མཆོད་ཆ། ན་བཟའ། གདན་ཆ། ཐབ་ཆ་ལ་སོགས་པ་ཐམས་ཅད་སྤོངས་དག་ལ་བཀྱེས་ནས། བཀྲ་ཤིས་རྫོང་ན་བླ་མ་ཤངས་པ་ཆེན་པོ་བཞུགས་པའི་དུས་སུ། ཕྱག་རྒྱ་ཆེན་པོའི་གནས་པ་ལ་ཡུན་རིང་བཞུགས་ནུས་པར་བྱུང་། གནས་པ་ཡང་སངས་པ་དང་སེམས་ཉིད་ནམ་མཁའ་འཆོས་པ་བཞིན་དུ་སོང་ནས་བན་བུན་ལོང་ལོང་དུ་སོང་བ་དང་། རེས་སེམས་ཉིད་བར་སྣང་གི་ཁམས་ན་ཡོད་པ་སྙམ་བྱེད་པ་དང་། རེས་ལུས་འདི་ཡང་མེད་པ་སྙམ་བྱེད་པ་ལ་སོགས་པ་འདི་ཡིན་མེད་པའི་ཉམས་བན་བུན་ཕྱད་ཕྱོད་ལང་ལོང་པ་ལོ་གསུམ་བྱུང་། དེའི་རྗེས་ལ་མི་རྟག་སྟོང་ཉིད་ཀྱི་ངེས་ཤེས་ལྷོངས་པ་རྒྱུད་ལ་སྐྱེས་པ་དང་། ནད་གཞི་དེ་ཡང་ལངས་ནས་བྱུང་། དེ་རྣམས་ལས་ངན་འཛད་པའི་སློང་ཡིན་པར་འདུག་གསུངས། དེ་ནས་བླ་མ་ལ་འཆི་མེད་འཆུག་མེད་ལ་སོགས་པའི་ཟབ་ཆོས་རྣམས་དང་། ཆོས་དྲུག་སྤྱིའི་དབང་བསྐུར་ལ་སོགས་པའི་དབང་བསྐུར་རྣམས་དང་། སྒྱུ་མ་ལམ་རིམ་ལ་སོགས་པའི་རྒྱབ་ཆོས་རྣམས་དང་། བདེ་མཆོག་ལྷ་ལྔའི་དབང་སྒྲུབ་ཐབས་ཁྲིད་དང་བཅས་པ། བཀའ་ལུང་མན་ངག་ཞལ་ཤེས་ལ་སོགས་པ། ནི་གུ་མ་ནས་བརྒྱུད་པའི་ཟབ་ཆོས་རྣམས་དང་། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ཕྱི་ནང་གི་དབང་བཀའ། རྒྱུད་སྒྲུབ་ཐབས་མན་ངག་ཞལ་ཤེས་དང་བཅས་པ། ཐུགས་རྗེ་ཆེན་པོ་སྐྱེར་སྒང་པའི་ཕྱི་ནང་གི་དབང་སྒྲུབ་ཐབས་ལས་ཚོགས་དང་བཅས་པ། རྟ་མགྲིན་གསང་སྒྲུབ། ལུས་འཆི་མེད་ཀྱི་བཀའ། འཁྲུལ་འཁོར་ལག་ལེན་དང་བཅས་པ། གཅོད་བཀའ་རྒྱུད། ཉམས་རྒྱུད། ནམ་མཁའ་སྒོ་འབྱེད་དང་། གཅོད་ཀར་ལུགས་དང་། ལམ་འབྲས་ཀྱི་ཆོས་སྐོར་མ་ལུས་པ་དང་། དྲིལ་བུ་པའི་དབང་སྒྲུབ་ཐབས་དང་བཅས་པ། ཡང་དག་མེ་གཅིག་མ། ཐེག་པ་ཆེན་པོའི་བློ་སྦྱོང་ལ་སོགས་པ་མང་དུ་ཞུས་ཤིང་མན་ངག་ཐམས་ཅད་ཐག་ཆོད་པར་མཛད་དོ།
།ལྐུགས་ལུང་དུ་བྱོན་ནས་ལོ་གསུམ་གྱི་བར་དུ་སྒྲུབ་པ་མཛད་པའི་དུས། ཉམས་དང་རྟོགས་པ་བཟང་པོ་ཐུགས་ལ་འཁྲུངས། དེའི་གཞི་བདག་དེས་ཀྱང་ཆོས་ཞུ་བ་དང་། མཐུན་རྐྱེན་སྒྲུབ་པ་ལ་སོགས་པའི་གུས་པའི་ཚུལ་མང་པོ་སྟོན་ཅིང་འདུག་གསུངས། དེ་ནས་ཤི་བ་གཅིག་གི་བདུན་ཚིག་སྐྱེལ་དུ་བྱུང་ནས་ཆོ་ག་བྱས་གནས་སྤར་བའི་དུས་སུ་དེ་ན་སྲས་མོ་ཡོན་ཏན་བྱ་བའི་སྒོམ་ཆེན་མ་གཅིག་འདུག་པ་དེས་འོད་གསལ་གྱི་མདངས་ལ་མཐོང་ནས། མོ་ན་རེ། ཁྱེད་ཀྱིས་གནས་ཇི་ལྟར་སྤར་བ་བཞིན་འཕོ་བར་འདུག་ཏེ་སངས་རྒྱས་དངོས་སུ་གདའ། ང་ཤི་ན་ཡང་ཁྱོད་ཀྱིས་གནས་སྤོར་ཞིག་མཛད་པར་ཞུ་ཟེར་ནས་གསེར་ཞོ་ཕྱེད་འདུག་པ་དེ་ཕུལ། མོ་ངེས་ཤེས་གཏིང་ནས་སྐྱེས་འདུག་གསུངས། ཡང་མོ་ན་རེ། བླ་མ་འདི་རུ་མི་བཞུགས་པར་འདུག་ཟེར། དེ་ཅི་ཡིན་བྱས་པས་ཐོ་དོ་དཀར་པོ་ཡིན་ཟེར་བའི་རྟ་པ་དཀར་པོ་དར་མདུང་ཁྱེར་བ་མང་པོ་བྱུང་ནས། བླ་མ་གདན་འདྲེན་པ་ཡིན་ཟེར་ནས་བསུས་སོང་བ་ཞིག་འོད་གསལ་གྱི་མདངས་ལ་མཐོང་ཟེར་བ་བཞིན། དེ་ནས་ཐོ་དོ་དཀར་པོར་བྱོན་ནས། གནས་མོ་ཆེར་ལོ་གསུམ་བཞུགས་པའི་དུས་སུ། དེ་ནས་ཆུ་མིག་རེས་ཡོང་རེས་མི་ཡོང་བ་ཞིག་ཡོད་པ་ལས། ཐོ་དོ་བ་རྣམས་ན་རེ། ཆུ་ཐག་རིང་པོ་ཡོད། ཆུ་མིག་འདི་རྟག་མི་ཐུབ་ཟེར་ནའང་། ངའི་རྨི་ལམ་ན་མི་དཀར་པོ་གཅིག་སྐྱེལ་གྱི་འདུག་པ་དེ་ག་ནས་ཆུ་ལན་ཚད་དུ་བྱུང་གསུངས་མདོར་ན་གང་དུ་བསྡད་གར་ཕྱིན་ཡང་དེའི་གཞི་བདག་དེས་ཆོས་ཞུ་བ་དང་། མཐུན་རྐྱེན་སྒྲུབ་པ་ཁོ་ན་བྱུང་གསུངས། དེ་ནས་ཁྲོ་མོ་ཆུང་ཆུ་མིག་ཏུ་གཅོད་ལ་བྱོན་ནས་ནུབ་གཅིག་བཞུགས་པས། ལྷང་ཚད་མ་བྱུང་བར་ཞབས་ཏོག་པ་རྣམས་ལ། ཁྱེད་ཀྱི་མེ་ཕྱེ་ལོངས་ལ་ཤོག །དོ་ནུབ་ཡང་འདིར་སྡོད་དགོས་པར་འདུག་བྱས་ནས། ཆུ་མིག་དེར་རྡོ་གཅིག་བཅུག་ནས་སྤང་སྒང་དེར་མནལ་མཛད་པས། མི་དཀར་པོ་གཉིས་བྱུང་ནས་ཕྱག་གཡས་གཡོན་ནས་བཟུང་སྟེ། གཡས་མ་དེ་ན་རེ། ཆོ་འཕྲུལ་རང་ཞི་བ་དཀའ་ཚར་ཚད་ཡིན་མོད་ད་འབྱོན་པར་ཞུ་ཟེར། གཡོན་མ་དེ་ན་རེ། སློབ་དཔོན་རྒྱ་མཚན་འབུམ་འདི་ཁོང་ད་ལྟ་ཅི་མེད་བྱར་མེད་གཅིག་བྱ་སྙམ་འདུག་སྟེ། འདི་ལ་ད་གཟོད་བསོད་ནམས་དང་འགྲོ་དོན་རྒྱ་ཆེན་པོ་ཡོང་བར་འདུག་ཟེར། དེ་མ་ཐག་མནལ་སད་ནས། ཨ་ལ་ཕུག་ལ་སོགས་པའི་གནས་ཆེན་རྣམས་དང་། ཐོ་དོ་ནག་པོ་ལ་སོགས་པའི་གཉན་ཁྲོད་རྣམས་སུ་བྱོན། དེ་ནས་འུ་ཡུག་གི་གཡའ་རི་སྒོར་མོར་གཅོད་ལ་བྱོན་པའི་དུས་སུ། དཀྱིལ་འཁོར་གཅིག་འདུག་པ་གཟིགས་པས། བྲག་ཁུང་གི་ནང་ནས་མི་གཅིག་བྱུང་ནས་ངའི་ཕྲེང་བ་དེ་ཁྱེར་ནས་སོང་། དེ་ཀའི་ཤུལ་ན་ཕར་ཕྱིན། མི་དེ་བསྡུད། ཕྲེང་བ་འཕྲོག་པའི་དུས་སུ་ཤེལ་ལས་གྲུབ་པའི་གཞལ་ཡས་ཁང་ཞིག་ཞལ་གཟིགས་གསུངས། ཡང་གཅོད་ལ་བྱོན་པའི་དུས་སུ་ཆོ་འཕྲུལ་ཆེ་བ་ཅི་འདྲ་བྱུང་ཞུས་པས། མཚོ་མོ་ནག་དིང་མར་ཕྱིན་པས་མཚོ་ལ་དར་ཆག་འདུག །དེའི་ཁར་ཉལ་བསྡད་པས། ནམ་ཕྱེད་ཙ་ན་ཚད་རྒྱང་དང་འུར་སྒྲ་ཆེན་པོ་བྱུང་། ད་རང་རྡིབ་འགྲོ་བ་ཡིན་ནམ་སྙམ་པ་དང་། འཁྱག་སྲུབ་ནས་ཡར་ལ་མིའི་ལུས་པོ་ལ་བྱའི་གཤོག་པ་ཅན། ལག་ན་རལ་གྲི་ཁྱེར་བ་གཅིག་བྱུང་ནས་གྲི་དེས་ངའི་རྒྱབ་ལ་ཉག་ཉག་བྱེད་ཀྱི་འདུག་ནས། ངས་བྲེགས་ཤིག་བྲེགས་ཤིག་བྱས་པས་ཁོ་ལ་བྲེགས་རྒྱུ་མ་བྱུང་། འཇིགས་སྙམ་པ་བྱས་ན་འབྲེག་གི་འདུག །དམིགས་པ་བྱས་ཙ་ན་འབྲེག་རྒྱུ་མི་འདུག །ཁྱོད་ལ་རྒྱུ་མཚན་མི་འདུག་བྱས་པ་དང་། མཚོ་གཏིང་དུ་ལོག་སོང་། ཆོ་འཕྲུལ་ཆེ་བ་དེ་ཙམ་ལས་མི་འདུག །མདོར་ན་ཆོ་འཕྲུལ་ཆེ་ཆུང་ཐམས་ཅད་རང་གི་སེམས་སུ་འདུག །ལྷ་འདྲེ་ལ་འཁོས་ཀ་དེ་ཙམ་ལས་མི་འདུག་གསུངས། འོ་ན་བཟང་ར་དེ་གདུག་པ་ཆེ་བ་ཡིན་ཟེར་གྱི་གདའ་བ་ཅི་འདྲ་གདའ་ཞུས་པས། བཟང་ར་དེར་འགྲོ་སྙམ་ནས་ཕྱིན། སྲད་དུ་བསྡད་པའི་ནུབ་མོ། འབྲོག་པ་ཞར་བ་ཚར་སློག་གྱོན་པ་ཞིག་བྱུང་ནས་ང་ལ་ཕྱག་འཚལ་བསྐོར་བ་བྱེད་ཀྱི་འདུག
།དེ་ནས་བཟང་རར་བསྡད་པས་ཆོ་འཕྲུལ་ཅི་ཡང་མ་བྱུང་ནས། བཟང་ར་དེ་ཅི་འདྲ་ཡོད་དྲིས་པས། ཁ་སང་གི་དེ་ཡིན་པར་འདུག་གསུངས། ལྡེ་ཁུད་དུ་ནད་པ་སྒུར་མོ་ཞིག་ལ་དབྱུག་པ་མཛད་པས་ནད་པ་མོད་ལ་དྲག་པ་དང་། ངའི་སྐེད་པ་ལ་མོའི་ནད་དེ་འཕོས་བྱུང་། དེར་བྲག་ཁུང་མགོ་ཅན་དུ་ཕྱིན་དེར་གཅོད་བྱས་པས། མི་ཧོར་གྱི་ཆ་བྱད་ཅན་ཞིག་ངའི་སྟེང་དུ་རྒྱངས་ཏེ་མཆོང་བྱུང་། ངས་དེ་རྡོག་ཁ་ལ་འཕང་བཏང་བས་ཁོ་གར་སོང་ཆ་མེད་པ་ལ་སོང་། ངའི་སྐྲང་འབུར་དེ་ཡང་སངས་ནས་མི་འདུག །གདོན་ཆེན་པོ་ལ་གཅོད་ཚར་ན་ཕྲན་ཚག་རྣམས་རང་ཞི་ལ་འགྲོ་བར་འདུག་གསུངས། མདོར་ན་ས་སྐྱའི་དུར་ཁྲོད་དང་། ལྷ་སའི་རྡོ་རིང་ལ་སོགས་པ་གཉན་ཁྲོད་གང་དུ་ཕྱིན་ཡང་གཅོད་མ་ཆོད་པ་དང་། ལྷ་འདྲེ་དམ་ལ་མ་ཐོགས་པ་མ་བྱུང་དེའི་རྒྱུ་མཚན་ཡང་དང་པོ་རང་གཅོད་ལ་འགྲོ་བའི་ནུབ་ཉི་མ་དྲོན་པོ་གཅིག་ཤར་བྱུང་བ་རྨི་ན། དེ་གཅོད་ཆོད་པའི་རྟགས་སུ་འདུག་གསུངས་ཡང་དཀྱིན་དཀར་ཆུ་བཙུན་དུ་བཞུགས་པའི་ནུབ་མོ་རྨི་ལམ་དུ། ང་ཁང་པ་སྒོ་མང་པོ་གཅིག་གི་ནང་ན་འདུག་པ་དང་། མི་མང་པོ་བྱུང་ནས་ང་ལ་རྒྱུད་སྡེ་ལྔའི་དབང་ཞུ་བ་ཡིན་ཟེར་གྱི་འདུག་ནས། ངས་སྒོ་འབྱེད་དགོས་སྙམ་པ་དང་། སྒོ་ཐམས་ཅད་རང་ཕྱེ་ལ་བྱུང་། དེ་རྣམས་ན་རྒྱུད་སྡེ་ལྔའི་ལྷ་ཚོགས་གསལ་ལ་མ་སྒྲིབ་པར་མཐོང་ནས། ངས་ཀྱང་མི་དེ་རྣམས་རྒྱུད་སྡེ་ལྔའི་དབང་བསྐུར་བྱས་ཀྱི་རྨི་བ་ཞིག་བྱུང་གསུངས། དེ་ནས་འཇག་བྲག་ཁུང་གོང་མར་མི་ཟས་མི་ཟ་བར་དམ་བཅས་ནས་ལོ་བཅུ་གསུམ་སྒྲུབ་པ་མཛད་པའི་དུས་སུ། གཉིད་བག་ཙམ་ཆེས་པ་དང་། བླ་མ་རྒྱལ་མཚན་འབུམ་ལོངས་ལ་དགེ་སྦྱོར་གྱིས་ཟེར་བ་དང་། གསོལ་འདེབས་ཀྱི་སྒྲ་དིར་དིར་བ་དང་། འགྲོ་དོན་གྱིས་ཟེར་བའི་དཔའ་བོ་མཁའ་འགྲོའི་ལུང་བསྟན་མང་པོ་བྱུང་། ད་ཡི་དམ་ལྷའི་ཞལ་ཡང་མང་དུ་མཐོང་། རྨི་ལམ་གྱི་སྟོབས་ཆེན་པོ་དང་། འོད་གསལ་གྱི་མདངས་ལ་སངས་རྒྱས་ཀྱི་ཞིང་ཁམས་དང་། རིགས་དྲུག་གི་གྲོང་ཁྱེར་དང་། ཕྱི་ནང་ཐམས་ཅད་མ་སྒྲིབ་པར་གསལ་བར་མཐོང་གསུངས། དེ་ནས་བླ་མ་ཤངས་སྟོན་པའི་ཞལ་ནས། ད་ཁྱེད་ཀྱི་གེགས་ཐམས་ཅད་ལས་གྲོལ་ནས་དགེ་སྦྱོར་གཞི་ཐོག་ཏུ་སྐྱོལ། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ནི་མཐར་ཕྱིན། གཞན་དོན་འགྲུབ་ཅིང་ཆོས་འདིའི་བདག་པོ་འོང་བར་འདུག་པས་འགྲོ་དོན་གྱིས་ཤིག་གསུངས། ཕྱག་དཔེ་རྣམས་གཏད། དེ་ནས་འགྲོ་དོན་ཅི་འགྲུབ་བྱས་གསུངས། དེ་ནས་ལོ་གསུམ་ནས་བླ་མ་ཤངས་སྟོན་པ་སྐུ་གཤེགས་པའི་ཚུལ་བསྟན་ནས། དེའི་དུས་སུ་སྙུང་གཡོག་གཤེགས་རྫོང་ཕྱི་རྟེན་ནང་རྟེན་ལ་སོགས་པ་བླ་མའི་ཐུགས་དགོངས་རྫོགས་པའི་ཕྱིར་དུ་ལོངས་སྤྱོད་ཐམས་ཅད་རྗེས་ཀྱི་བྱ་བ་ལ་ཕུལ། དེ་ཡང་སྙུང་གཡོག་བྱེད་པའི་དུས་སུ། བླ་མས་རིན་པོ་ཆེ་སྣ་ལྔའི་དབུ་བརྒྱན་ཞིག་ངའི་མགོ་ལ་བཀོན། བརྒྱུད་པ་མི་ཉམས་པའི་ཕྱིར་དུ་དབང་ཞུ་མགོ་ལ་བཀོན་པ་ཡིན་ནོ་ཨང་གསུངས། དེའི་ནང་པར་གྱེ་རེ་མུན་གྱིའི་དབུ་ཞྭ་གཅིག་ཡོད་པ་བཀོན། ཕྱག་གི་ངའི་ལག་པ་ནས་བཟུང་སྟེ། ངའི་གདན་ས་འདིར་སྡོད་ཆོས་སྐྱོངས་ཤིག་གསུངས་སོ། །གཞན་ཡང་སྨན་བླའི་ཞིང་ཁམས་དང་། འཁོར་དང་སྐུ་ཚེའི་ཚད་ལ་སོགས་པ་མང་པོ་རྨི་ལམ་དུ་བྱུང་གསུངས། དེ་ནས་བླ་མའི་གཤེགས་རྫོང་གི་འབུལ་སྐལ་དང་། མར་མེ་བསྐྱལ་བ་ལ་ལྷ་ས་དང་སྐྱེར་སྒང་དང་། རི་བོ་ལ་སོགས་པར་བྱོན་དུས་སུ། ཆོས་རྗེ་རང་བྱུང་རྡོ་རྗེ་ལ་སྐུ་གསུམ་ངོ་སྤྲོད། བསམ་གཏན་ཐུན་འཇོག །རླུང་སེམས་དབྱེར་མེད། རྫོགས་ཆེན་སྙིང་ཐིག །བསྙེན་སྒྲུབ་ལ་སོགས་པ་མང་དུ་ཞུས། བླ་མ་མངའ་རི་པ་སངས་རྒྱས་ཡེ་ཤེས་ལ། གཤིན་རྗེ་གཤེད་དམར་གྱི་རྒྱུད་ལེའུ་བཅུ་དགུ་པ། གཤེད་དམར་ལྷ་ལྔ་དང་། བཅུ་གསུམ་མ་གཉིས་ཀྱི་དབང་རྒྱུད་སྒྲུབ་ཐབས་ལག་ལེན་དང་བཅས་པ། འཇིགས་བྱེད་ཀྱི་དབང་རྒྱུད་སྒྲུབ་ཐབས་ལག་ལེན་དང་བཅས་པ། དགྲ་ནག་གི་རྒྱུད་ལེའུ་བཅོ་བརྒྱད་པ། གདོང་དྲུག་གི་སྒྲུབ་ཐབས་མངོན་རྟོགས་དང་བཅས་པ། གྲུབ་པའི་རྒྱལ་མོའི་ཚེ་སྒྲུབ་སྐྱེ་བ་སྔ་ཕྱིའི་བརྟག་པ། ཀུན་རིག་རྩ་བའི་དཀྱིལ་འཁོར་གྱི་ཆོ་ག །རྟ་མགྲིན་ནག་པོ། ཕྱག་ན་རྡོ་རྗེ་དྲག་པོ་གསུམ་འདུལ་གྱི་རྒྱུད། རྒྱུད་ཕྱི་མ་གསང་བརྒྱུད་ཀྱི་རྣམ་པར་བྱེད་པ། འཁོར་ལོ་ཆེན་པོ་སྒྲུབ་ཐབས་དང་བཅས་པ་མང་དུ་ཞུས་སོ། །ལོ་ཧི་པའི་མངོན་རྟོགས་དེའི་འགྲེལ་པ། མངོན་རྟོགས་སྡོམ་པ་འབྱུང་བའི་ལོ་ཧི་པའི་ཆོས་སྐོར་དང་། བདེ་མཆོག་དཀར་པོ། དེའི་ཆོས་སྐོར་སྦྱིན་སྲེག་དང་བཅས་པ་རྣམས་ཞུས་སོ། །བླ་མ་མང་མགར་བ་རིན་ཆེན་མགོན་ལ། རྡོ་རྗེ་ཕྲེང་བ། སྦྱོར་ཕྲེང་། འོད་ཀྱི་སྙེ་མ། བདེ་མཆོག་ནག་པོ་པའི་དབང་སྒྲུབ་ཐབས་ལས་ཚོགས་དང་བཅས་པ། གཉིས་མེད་རྣམ་རྒྱལ་གྱི་དབང་སྒྲུབ་ཐབས་དང་བཅས་པ། རྡོ་རྗེ་ཕུར་པའི་དབང་སྒྲུབ་ཐབས་དང་བཅས་པ། དཔལ་མཆོག་དང་པོ་དང་རྡོ་རྗེ་རྩེ་མོ་གཉིས་ཀྱི་དབང་སྒྲུབ་ཐབས་དང་བཅས་པ། འཇིགས་བྱེད་སྐྱོ་ལུགས་ལྷ་ཞེ་དགུའི་དབང་སྒྲུབ་ཐབས་དང་བཅས་པ། ཕྱག་ན་རྡོ་རྗེ་གཏུམ་པོའི་དབང་སྒྲུབ་ཐབས་དང་བཅས་པ། འཇམ་དཔལ་ཟབ་དོན་གྱི་དབང་སྒྲུབ་ཐབས་དང་བཅས་པ། ས་སྐྱ་པ་ནས་བརྒྱུད་པའི་མཻ་ཏྲི་མཁའ་སྤྱོད། ནཱ་རོ་མཁའ་སྤྱོད་ལ་སོགས་པ་རྒྱུད་སྒྲུབ་ཐབས་མང་པོ་ཞུས་སོ།
ལ་སྟོད་དིང་རི་གླང་འཁོར་དུ་བྱོན་པའི་དུས་སུ། བླ་མ་ཟུར་ཕུག་པ་ལ་ཕྱག་ན་རྡོ་རྗེ་ཨུ་ཙིའི་རྗེས་གནང་། མངོན་རྟོགས། ཧཱུྃ་ཆོས་གསུམ་དང་བཅས་པ་ཞུས། བླ་མ་ཁྲ་པ་ལ་རི་ཆོས་ཀྱི་སྐོར་མ་ལུས་པ་དང་། གཟེར་ལྔ། གནད་ལྔ། གྲུབ་པའི་རྒྱལ་མོ་ནས་བརྒྱུད་པའི་ཚེ་དཔག་མེད་ཀྱི་དབང་རྒྱུད་སྒྲུབ་ཐབས་དང་བཅས་པ། ཕྱག་རྒྱ་ཆེན་པོ་གངྒ་མ་ཡི་གེ་བཞི་པ་ལ་སོགས་པ་གདམས་པ་མང་དུ་ཞུས། བླ་མ་བྲག་པ་ལ་རྒྱུད་སྡེ་ལྔའི་དབང་སྒྲུབ་ཐབས་དང་བཅས་པ་ཚང་བར་ཞུས། མཁའ་འགྲོ་མ་ཡེ་ཤེས་གསལ་ལ་སྡེ་ལ་འཆའི་དབང་ལུང་ཞུས། དེ་ལྟར་བླ་མ་བསམ་གྱིས་མི་ཁྱབ་པ་རྣམས་ལ་རྒྱུད་ལུང་མན་ངག་མཚན་ཉིད་དང་བཅས་པ་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཞུས་ནས་ཐུགས་རྒྱུད་ཡོན་ཏན་གྱིས་ཕྱུག་པར་མཛད་དོ།
།དེ་ནས་བླ་མའི་གསུང་བཞིན་འཇག་ཆུང་དུ་ཡུན་རིང་པོར་བཞུགས་ནས་འགྲོ་དོན་མང་པོ་མཛད་པས་ཅུང་ཐུགས་མ་སོད་པར། ཡུལ་ཕྱོགས་མ་ཡིན་པར་དབེན་གནས་ཙ་རི་ལྟ་བུ་གཅིག་ལ་འགྲོ་དགོས་སྙམ་ནས་བྱོན་པ་དང་། ཁ་རག་ཉིན་ཁང་དུ་བཞུགས་པའི་ནུབ་མོ། མཁའ་འགྲོ་ཆོས་སྐྱོང་མང་པོ་བྱུང་ནས། བླ་མའི་གདན་ས་བཞག་ནས་གར་འགྲོ་ཡར་ལ་ལྡོག །བླ་མའི་གདན་ས་ཟུངས། ཆོས་རྒྱུད་སྐྱོངས། འགྲོ་དོན་ལས་བསོད་ནམས་ཆེ་བ་མེད། འགྲོ་དོན་གྱིས་ཟེར་ནས། ལྷ་ས་བསྐོར་ནས་ཡར་ལ་ལོག་ཡོང་གསུངས། ཡང་མདོ་ཁམས་སུ་སློབ་མ་གཅིག་གིས་བྱོན་ཟེར་ནས་འགྲོ་དགོས་སྙམ་ཙ་ན། རྨི་ལམ་དུ་ད་རྒས་པ་ཡིན་བཞུགས་ཟེར་བ་གཅིག་བྱུང་ནས་བསྡད་པ་ཡིན་གསུངས། འོ་ན་བླ་མ་མི་བཞུགས་ན་དགོན་པ་འདི་ཅི་འདྲ་ཞིག་ཡོང་ཞུས་པས། བླ་མའི་གསུངས་ནས། ང་ཟབ་བུའི་གླིང་མིག་ན་ཡོད་པའི་དུས་སུ། ཉིན་གཅིག་ངའི་རྟོགས་པ་ལ། མདའ་པ་དེ་ཡང་ཕུ་རག་ཆུང་ལྷག་ནས་འདུག །ཕུ་ན་ཡང་སྒོམ་ཆེན་གཞི་ཟུག་མང་པོ་མི་འདུག་ང་རང་མེད་ཙ་ན་དགོན་པ་ཡང་ཨ་དོ་ངེས་མི་ཡོང་ལས་ཆེ་སྙམ་ཙ་ན། དེའི་ནུབ་མོ་མཁའ་འགྲོ་མ་རྣམས་བྱོན་ནས། ཁྱེད་མི་བཞུགས་པའི་དུས་སུ་ཡང་དགོན་པ་ཟིན་ཡོང་ཟེར་གྱི་འདུག །ཆོས་བརྒྱུད་ཀྱི་བྱིན་རླབས་ཀྱིས་ཟིན་པ་ཡིན་པར་འདུག་གསུངས། ཡང་བླ་མའི་གསུངས་ནས། ངས་ཆོས་དྲུག་ལ་སོགས་པའི་ཁྲིད་ཡིག་དང་། ལྷ་ལྔ་ལ་སོགས་པའི་མངོན་རྟོགས་དང་། རྒྱུད་སྡེའི་དཀྱིལ་ཆོག་ལ་སོགས་པ་གསང་སྔགས་ཟབ་དོན་རྣམས་ཀྱི་ཡིག་ཆ་བྱས་པ་དང་། དབང་བསྐུར་ལ་སོགས་པ་དང་། ཁྲིད་ལ་སོགས་པའི་འགྲོ་དོན་བྱས་པ་རྣམས་ཀྱང་། བླ་མ་དང་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་དངོས་སམ་རྨི་ལམ་དུ་ལུང་བསྟན་བྱུང་བ་མ་གཏོགས་རང་བཟོ་བྱས་པ་གཅིག་ཀྱང་མེད་པས། གདུལ་བྱ་རྣམས་ལ་ཕན་སྟོབས་ཆེ་བར་ཡོད་གསུངས། མདོར་ན་བླ་མའི་བྱིན་རླབས་ཞུགས། ཆིག་བརྒྱུད་ཀྱི་བཀའ་བབས། དཔའ་བོ་མཁའ་འགྲོས་ལུང་བསྟན་ཐོབ། ཕྲིན་ལས་གདུལ་བྱ་དུས་ལ་བབས། བླ་མ་ལ་ཆོས་ཞུ་བའི་བློ་སྐྱེས་པ་དང་། ལམ་དུ་ཞུགས་པ་ཙམ་ལ་དགེ་སྦྱོར་སྐྱེས་པ་དང་། རྨི་ལམ་དང་འོད་གསལ་ཟིན་པ་དང་། དེ་ལ་སོགས་པ་མང་པོ་བྱུང་ཡང་བརྗོད་ཀྱིས་མི་ནུས་པས་བྲི་བར་ག་ལ་ནུས། ཡང་ཡི་དམ་ལྷའི་བསྐྱེད་རིམ་ལ་བརྟན་པ་ཐོབ་པ་ནི་བླ་མའི་ཞལ་མཐོང་བ་ཙམ་གྱིས་གཞན་གྱི་སྣང་བ་འགྱུར་བ་དང་། ནད་གདོན་བར་ཆད་ཞི་བ་དང་། ཉམས་དང་རྟོགས་པ་རྩོལ་མེད་དུ་འཆར་བ་དང་། དགེ་སྦྱོར་ཚུལ་བཞིན་དུ་བྱེད་པ་རྣམས་ཀྱང་། བླ་མ་ཡིད་ལ་དྲན་པ་ལ་སོགས་པ་ཙམ་གྱིས་བགེགས་དང་བར་ཆད་ཐམས་ཅད་རང་གྲོལ་ལ་འགྲོ་བ་ལ་སོགས་པ་བརྗོད་ལས་འདས་པ་བྱུང་ངོ་། །ཡང་གདུལ་བྱ་སྣང་བ་དག་པ་ལ་དབང་བསྐུར་ལ་སོགས་པ་ཞུས་པའི་དུས་སུ། བླ་མ་དཀྱིལ་འཁོར་གྱི་གཙོ་བོར་མཐོང་བ་མང་པོ་བྱུང་སྟེ། སློབ་དཔོན་གཞོན་ནུ་གྲུབ་ཀྱིས་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པར་མཐོང་བ་དང་། བླ་མ་གྲུབ་སེང་པས་ཀྱཻ་རྡོར་མཚོན་ཆ་ཅན་དུ་མཐོང་བ་དང་། ས་སྐྱ་པའི་བླ་མ་བསོད་རྒྱལ་བས་ལྷ་མོ་དཀར་མོ་ཞལ་གསུམ་མ་གཅིག་ཏུ་མཐོང་བ་དང་། ཡང་དབང་བསྐུར་ལ་སོགས་པའི་དུས་སུ་མཁའ་འགྲོ་མས་མཆོད་གཡོག་བྱེད་པ་བྱུང་སྟེ། སློབ་དཔོན་ཚུལ་སེང་གིས་བླ་མ་བདེ་མཆོག་ཏུ་མཐོང་། བུད་མེད་རྒྱན་གྱིས་བརྒྱན་པ་གཉིས་ཀྱིས་མཆོད་གཡོག་བྱེད་ཀྱི་འདུག་པས། འདི་གཉིས་ཅི་འདྲ་ཞིག་ཡིན་ནམ་སྙམ་ཙ་ན་དབང་ཐོན་པ་དང་གར་སོང་ཆ་མེད་པར་སོང་ཟེར། དེ་ལ་སོགས་པ་བརྗོད་ལས་འདས་པ་བྱུང་ཡང་འདིར་བྲི་བར་མ་ནུས་སོ། །ཡི་དམ་ལྷའི་བཟླས་པ་དུང་ཕྱུར་ཕྲག་མང་པོ་སོང་བས་གསུང་ཐོས་པ་དང་ཞལ་ཆབ་བཏབ་པ་ཙམ་གྱིས་གཞན་གྱི་ནད་གདོན་སེལ་བ་དང་། དགེ་སྦྱོར་སྐྱེས་པ་ལ་སོགས་བརྗོད་ལས་འདས་པ་བྱུང་ངོ་།
།རྫོགས་རིམ་ལ་བརྟན་པ་ཐོབ་པ་ནི། ནང་དུ་ཏིང་ངེ་འཛིན་གྱི་སྒོ་བརྒྱ་སྟོང་དུ་མ་ལ་མཉམ་པར་འཇོག་ནུས་པ་དང་། འདུ་འཛི་ཟང་ཟིང་མང་པོ་བྱུང་ཡང་ཏིང་ངེ་འཛིན་དང་ཐུགས་དམ་གྱི་རིམ་པ་ལ་མི་གནོད་པ་དང་། འཁོར་དང་ལོངས་སྤྱོད་གང་ལ་ཆགས་ཞེན་མེད་པ་དང་། གདུལ་བྱ་རྣམས་ལ་ཡང་ཁྲིད་བཏབ་པ་ཙམ་གྱིས་མ་བསྒོམས་ཀྱང་མི་རྟོག་པའི་ཏིང་ངེ་འཛིན་རང་ཤུགས་ཀྱིས་སྐྱེ་བ་དང་། རྨི་ལམ་རང་ཟིན། འོད་གསལ་རང་ཤར་ལ་སོགས་པ་དཔག་ཏུ་མེད་པ་བྱུང་ངོ་། །དེ་ལྟར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་མཐར་ཕྱིན་པས། གནས་གང་དུ་བཞུགས། གར་བྱོན་ཡང་མཁའ་འགྲོ་ཆོས་སྐྱོང་། སྣང་ཞིང་སྲིད་པའི་ལྷ་འདྲེ། ཡུལ་ལྷ་གཞི་བདག་ལ་སོགས་པ་ཐམས་ཅད་ཀྱིས་བསུ་སྐྱེལ། ཕྱག་དང་བསྐོར་བ་མཐུན་རྐྱེན་སྒྲུབ་པ་ལ་སོགས་པ་དཔག་ཏུ་མེད་པ་བྱུང་སྟེ། ལན་གཅིག་འུ་ཡུག་བསུ་ལུང་ན་བཞུགས་པའི་དུས་སུ། མཁན་པོ་ཀུན་རྭ་བས་ཇ་འདྲེན་གྱི་ཡོད་ཙ་ན། རྟ་བ་ཆས་འཛོམས་པ་ལྔ་བྱུང་བའི་གཙོ་བོ་དེས་སྒའི་སྔ་རུ་ལ་ལག་པ་བསྣོལ་བའི་ཚུལ་དུ་འཁྱུད་པ་རྣམས་སྒོ་རྩར་བྱུང་ནས། དཔལ་ལྡན་བཟང་པོ་ལ། ངེད་བླ་མ་འཇག་པ་ལ་མཇལ་བ་ཡིན། མཇལ་སྣ་གྱིས་ཟེར། ཁོས་བླ་མའི་དྲུང་དུ་ཞུས་པས་ཇ་ཐོན་པ་དང་ཤོག་གསུངས། ཇ་ཐོན་པ་དང་བལྟར་ཕྱིན་པས་གར་སོང་ཆ་མེད་ལ་སོང་འདུག །དེ་བླ་མ་ལ་ཞུས་པས། དེ་འབྲངས་བུའི་བཙན་རྒོད་དྲེགས་པ་ཅན་བྱ་བ། བླ་མ་རིན་པོ་ཆེ་མཉམ་མེད་རིན་བརྩོན་གྱིས་དགེ་བསྙེན་དུ་བཅུག་པ་དེ་ཡིན་གསུངས། ཡང་ཆུམ་བྲག་དཀར་ན་བཞུགས་པའི་དུས་སུ། ཐོ་རངས་ཀྱི་ཆ་ལ་སློབ་དཔོན་རྒྱལ་མཚན་མགོན་གྱིས་གསོལ་བ་བཏབ་པའི་རྗེས་ལ། བླ་མ་རིན་པོ་ཆེ་འཇག་པ་ལ་མཇལ་བ་ཡིན་ཟེར་བའི་རྟ་པ་གོས་སྣ་མིན་སྣ་ཚོགས་གྱོན་པ་རྟ་སྣ་མིན་སྣ་ཚོགས་ཞོན་པ་བརྒྱ་ཙམ་བྱུང་ནས་ཕྱག་བརྟེན་ལ་དར་ཟབ་སྣ་ཚོགས་ཁྱེར་འདུག །ངེད་བླ་མ་འཇལ་བ་ཡིན། ཁྱེད་ཀྱིས་འཇལ་སྣ་གྱིས་ཟེར་བ་དང་། དེ་མ་ཐག་བླ་མ་ཚོམ་ན་བྱོན། རྟ་པ་དེ་པས་ཕྱག་རྟེན་འབུལ་ཕྱག་འཚལ་ཞིང་བྱིན་བརླབས་ཞུ་ཡི་འདུག །ཁོང་གིས་ནམ་ལང་པ་དང་། སློབ་དཔོན་གྲུབ་སེང་ཅན་ཕྱིན་ནས། ད་ནང་ཐོ་རངས་འདི་འདྲ་བ་གཅིག་བྱུང་བྱས་པས། ཁོང་ན་རེ་བསྐོར་བ་བྱེད་པ་དང་། གསོལ་བ་འདེབས་པའི་སྒྲ་དིར་དིར་བ་ངས་ཀྱང་ཐོས་ཟེར། བླ་མ་ལ་ད་ནང་ཐོ་རངས་འདི་འདྲ་མཇལ་དུ་བྱུང་ལགས་སམ་ཞུས་པས། བླ་མ་ཞལ་མཛུམ་མཛད་ནས། དེ་རྣམས་མི་མ་ཡིན་རྣམས་ཡིན་མོད། ཉིན་པར་མི་འདུ་བ་ལས། མཚན་མོ་མི་མ་ཡིན་འདུ་བ་མང་འདུག་གསུངས། ཁོང་ལ་བླ་མ་སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེས་ཟེར། དེ་ལ་སོགས་པ་མཐའ་ཡས་པས་འདིར་བྲི་བར་ག་ལ་ནུས། དེ་ལྟར་ཐོས་བསམ་བསྒོམ་གསུམ་གྱི་ཉམས་མྱོང་མཐར་ཕྱིན་ནས། སྒྱུ་ལུས་རྨི་ལམ་འབྱོངས། འོད་གསལ་མངོན་དུ་གྱུར་པས་མངོན་ཤེས་ལ་ཐོགས་པ་མི་མངའ་ཞིང་། སངས་རྒྱས་ཀྱི་ཞིང་ཁམས་ནས་རིགས་དྲུག་གི་གནས་ཇི་ལྟ་བ་བཞིན་གཟིགས་པ་དང་། གཞན་རྒྱུད་ཀྱི་བསམ་པ་ཇི་ལྟ་བ་བཞིན་མཁྱེན་ཏེ། ལན་གཅིག་ཟབ་ཕུའི་གླིང་མིག་ན་བཞུག་ཙ་ན། སློབ་དཔོན་གཞན་ནམ་གྱིས་སྨོན་ལམ་མདོ་སྡེ་གཡར་དགོས་སྙམ་པ་བྱུང་ཡང་མཚེར་ནས་ཉི་མ་གསུམ་དུ་ཞུ་མ་ནུས་པ་ལ་བླ་མའི་གསུང་ནས་ཁྱོད་གཡར་ཐོངས་ཟེར་མ་ནུས་པ་ལ་དཔེ་ཆ་འདི་ཡིན་གསུངས་ནས་གཏད་བྱུང་། དེ་ནས་སློབ་དཔོན་གཞོན་ནུ་ན་རེ། བླ་མ་ལ་མངོན་ཤེས་ཐོགས་པ་མི་འདུག །དྲུང་དུ་སྡོད་པ་རྣམས་སྤྱོད་པ་གཟོབ་ཤིག་ཟེར། དེ་ལ་སོགས་པ་ཡོན་ཏན་མཐའ་ཡས་པ་མངའ་ཡང་། གསང་སྔགས་ཀྱི་ཡོན་ཏན་ཐམས་ཅད་གསང་ཞིང་སྦ་བ་ལ་བརྟེན་ནས་འབྱུང་བ་ཡིན་གསུངས་པ་དང་། བླ་མ་ཤངས་སྟོན་པ་ཞལ་བཞུགས་ཙ་ན་གསང་སྔགས་གསང་བས་འགྲུབ་པ་ཡིན་པས། མི་ལ་མ་བཤད་གསུངས་པའི་ཞལ་ཏ་བྱོན་པ་དང་། བདེ་བར་གཤེགས་ནས་ལོ་འགའ་སོང་བ་དང་། ནུབ་གཅིག་རྨི་ལམ་ན། གདོང་དཀར་སྒང་ནས་མར་འགྲོ་ཡི་འདུག་པ་དང་། ཤངས་སྟོན་པ་མདུན་གྱི་ནམ་མཁའ་ལ་བྱོན་ནས། ཞལ་བཀོད་འདི་རྣམས་གསུངས་སོ། །དགེ་སྦྱོར་གསང་སྔགས་སོགས་སྔར་བཞིན་གྱིས།
ཕ་ཡུལ་ཞན་པ་སྤངས་གྱུར་ན། །མི་རྣམས་ཆོས་པ་དམ་པར་བྱེད། །ཀླད་མེད་སྨྲ་བ་མ་མང་ཨང་། །འཆི་བའི་སྲོག་ནི་བླ་མས་སྐྱབས། །ཚེ་འདི་མཐའ་རུ་ཕྱིན་པར་འགྱུར།
།ཞེས་དངོས་དང་རྨི་ལམ་ཐམས་ཅད་དུ་ཉམས་མྱོང་ཅི་སྐྱེས་ཐམས་ཅད་གསང་གསུངས་པ་ལ་བརྟེན་ནས་མི་ལ་མ་བཤད་པ་ཡིན་གསུངས་སོ།
།དེས་ན་བླ་མ་དམ་པ་འདི་ལ་སངས་རྒྱས་དངོས་ཡིན་པ་ཐེ་ཚོམ་ཡིད་གཉིས་སྐད་ཅིག་ཙམ་ཡང་མེད་དེ། སློབ་མ་དད་པ་ཅན་རྣམས་ཀྱིས་ཀྱང་། སངས་རྒྱས་དངོས་ཡིན་ཟེར་བའང་ཐོས་པ་བྱུང་སྟེ། སྲེག་ཞིང་གི་མཁན་པོས་བྲག་ཁུང་གོང་མར་ཐུགས་དམ་ལ་བཞུགས་པའི་དུས་སུ། བླ་མ་འདི་སངས་རྒྱས་དངོས་ཡིན་ཟེར་བའི་སྐད་ལྷང་ལྷང་པ་གསུམ་ཐོས་གསུངས་པ་དང་། མཁན་པོ་སེངྒེ་དཔལ་བས་ཆོས་མ་ཞུས་པའི་གོང་དུ། ཆོས་བརྒྱུད་འདི་ལ་མོས་ནས་གསོལ་བ་བཏབ་པས། མཉམ་མེད་རིན་བརྩོན་གྱི་སྐབས་སུ་མོས་གུས་ཐུན་མོང་མ་ཡིན་པ་སྐྱེས་ཙ་ན། ཁྱེད་བླ་མ་རིན་ཆེན་བརྩོན་འགྲུས་ལ་མོས་ན་འཇག་ཆུང་དུ་རྒྱུགས་ལ་ཆོས་ཞུས་ན་མཉམ་མེད་རིན་བརྩོན་དངོས་བཞུགས་ཀྱི་ཡོད་ཟེར་བའི་ལུང་བསྟན་བྱུང་ནས་འདིར་ཡོང་པ་ཡིན་ཟེར་བ་དང་། དེ་ལ་སོགས་པ་བརྗོད་ལས་འདས་པ་བྱུང་ཡང་འདི་ཙམ་ལས་མ་བྲིས་སོ། །ཡང་ཕྱག་རྫས་ཀྱི་དངོས་པོ་ཅི་བྱུང་ཅི་ཡོད་ཐམས་ཅད་ཀྱང་། འཇག་ཏུ་བླ་མའི་དུས་མཆོད་དང་། ས་སྐྱ། སྣར་ཐང་། སྲེག་ཞིང་ལ་སོགས་དགེ་འདུན་གྱི་སྡེ་རྣམས་སུ་བསྙེན་བཀུར་སྒྲུབ་པ་ཁོ་ན་ལ་བཏང་། ཁྱད་པར་དགུང་ལོ་བདུན་བཅུ་དོན་གསུམ་བཞེས་པའི་སྟོན་ཀ་ད་ལོ་ཆ་རྐྱེན་ཅི་ཡོད་ཐམས་ཅད་དགེ་འདུན་གྱི་བསྙེན་བཀུར་ལ་ཐོངས་ཤིག་གསུངས་ནས། བླ་མ་དབོན་པོ་པས། གསེར་ཞོ་བརྒྱས་མགོ་བྱས་པའི་ཕྱག་རྫས་ཀྱི་དངོས་པོ་ཇི་ཡོད་ཁྱེར་ནས་ས་སྐྱ་དང་སྟོང་སྐོར་རྣམས་སུ་དགེ་འདུན་ལ་བསྙེན་བཀུར་ཅི་འགྲུབ་བསྒྲུབས་ཏེ། ཁྱི་ལོ་དབྱར་ཟླའི་ཚེས་བཅུ་ནས་ཅུང་ཟད་བསྙུང་བའི་ཚུལ་བསྟན་ནས། སྨན་དཔྱད་དང་རིམ་གྲོ་བྱེད་པར་ཞུས་པས། མི་རྒས་ནས་འཆི་བ་ལ་སྨན་དཔྱད་དང་རིམ་གྲོས་ཅི་ལ་ཡང་མི་ཕན་པས་མི་དགོས་གསུངས་ནས་མ་གནང་། འོ་ན་སེམས་ཅན་ལ་ཐུགས་རྗེས་གཟིགས་ནས་ལོ་ཤས་བཞུགས་པར་ཞུས་པས་བླ་མའི་གསུངས་ནས། ང་ལ་དང་པོ་ཁྱོད་ལོ་བཅུ་གཉིས་ནས་འགྲོ་དགོས་ཟེར་བ་ཞིག་བྱུང་། དེ་བླ་མ་སྟེང་ཁང་པའི་ཀག་ཐོག་ཏུ་འདུག །དེ་ལ་མ་སོང་ན་ལོ་དྲུག་བཅུ་རེ་གཉིས་ལ་འགྲོ་དགོས་པར་འདུག་ཟེར་བ་ཞིག་བྱུང་། དེ་ནས་སྐབས་ཤིག་ཏུ་བདུན་ཅུ་དོན་གསུམ་ལ་ཟེར་བ་ཞིག་བྱུང་། ད་ལོ་བདུན་ཅུ་དོན་གསུམ་ཡང་སོང་འདུག །ད་ཕལ་ཆེར་འགྲོ་བ་ཡིན་དགོན་པ་འདི་བྱམས་པ་དཔལ་གྱིས་ཟུངས། ཆོས་བརྒྱུད་འདི་སྐྱོངས། ད་ཁྱེད་ཐམས་ཅད་དགེ་སྦྱོར་ལ་འབད་པ་ཐོན་གསུངས་ནས།
རྟག་འཛིན་ཅན་གྱི་ལོག་རྟོག་བཟློག་ཕྱིར་རམ། །ལེ་ལོ་ཅན་རྣམས་དགེ་སྦྱོར་བསྐུལ་བའི་ཕྱིར། །ཞིང་ཁམས་གཞན་དུ་གདུལ་བྱར་ཆེར་དགོངས་ནས། །བླ་མའི་སྐུ་ལ་འདས་གྲོངས་མི་མངའ་ཡང་། །ཁྱི་ལོ་དབྱར་ཟླའི་ཚེས་གྲངས་ཉི་ཤུ་ལ། །སྒྲ་འོད་འཇའ་དང་མེ་ཏོག་ཆར་པ་དང་། །སྔོན་མ་ཚོར་བའི་དྲི་ཞིམ་བསུང་ངད་སོགས། ངོ་མཚར་ལྟས་བཅས་འཇིག་རྟེན་སྒྲོན་མེ་དེ། །དཔའ་བོ་ཌཱ་ཀིའི་ཚོགས་ཀྱིས་ཡོངས་བསུས་ནས། །མཁའ་འགྲོའི་ཆ་ལ་བདེ་བ་ཅན་དུ་གཤེགས།
དེ་དུས་བདེ་བར་གཤེགས་པའི་དྲུང་དུ་བསྡད་པ་དང་། སྙུང་གཡོག་བྱེད་པ་ལ་སོགས་ལ་རིག་པ་དྭངས་པ། མི་རྟོག་པའི་ཏིང་ངེ་འཛིན་རང་ཤུགས་ཀྱིས་སྐྱེ་བ་ལ་སོགས་པ་ངོ་མཚར་བའི་ལྟས་དུ་མ་བྱུང་ཞིང་། སྤུར་བཞུ་བའི་དུས་སུ་ཡང་ཤར་ཕྱོགས་ནས་འོད་བྱུང་སྤུར་ཁང་ལ་ཟུག
།དེ་ནས་ཕྱོགས་ཐམས་ཅད་ནས་འཇའ་སྣ་སྤུར་ཁང་ལ་ཟུག་པ་དང་། གསོལ་འདེབས་མ་ཐོན་གྱི་བར་དུ་འཇའ་མཚོན་གྱིས་ནམ་མཁའ་ཁེངས་པ་དང་། ཕྱི་རབས་ཀྱི་གང་ཟག་མོས་པའི་རྟེན་དུ་སྐུ་གདུང་ལ་ལྷ་སྐུ་དང་རིང་བསྲེལ་ལ་སོགས་པ་ངོ་མཚར་བའི་ལྟས་དུ་མ་དང་བཅས་བྱོན། ཕྱི་རབས་ཀྱི་གང་ཟག་དད་པ་ཅན་རྣམས་བདེ་བ་ཅན་དུ་གསོལ་བ་ཐོབ་ཅིག །བླ་མ་དམ་པ་དེ་ཉིད་བདེ་བ་ཅན་དུ་གཤེགས་པར་ངེས་སོ།
།དེའི་རྒྱུ་མཚན་ནི། སྐུ་གཤེགས་ནས་ཞག་འགའ་གསང་ཡོད་པ་ལ། སློབ་དཔོན་རྒྱལ་མཚན་མགོན་སྤྱིལ་པོ་གཅིག་ན་ཡོད་པའི་ཐོ་རངས་བུད་མེད་རུས་རྒྱན་ཅན་གཡུའི་ཟར་བུ་བཏགས་པ་རོལ་མོ་དང་བཅས་པ་བཞི་བྱུང་ནས། བླ་མ་གྲོངས་ནས་ཞག་གསུམ་སོང་ཁྱེད་ལ་གསང་འདུག །བླ་མ་བདེ་བ་ཅན་ལ་བྱོན། ངེད་རྣམས་དེར་འགྲོ་བས་གསོལ་བ་ཐོབ་ཅེས་ཐོས་སོ། །ཕྱུགས་གྲགས་ཀྱི་རྨི་ལམ་དུ། བླ་མ་སྐུ་ལུས་ཀྱི་བཀོད་པ་མང་པོ་བསྟན། དག་པའི་སྒྱུ་ལུས་སྦྱོང་ལུགས། མ་དག་པའི་སྒྱུ་ལུས་སྦྱོང་ལུགས་མང་པོ་བསྟན་ནས། ང་བདེ་བ་ཅན་དུ་འགྲོ་བས་དེ་རུ་གསོལ་བ་ཐོབ་གསུངས། སློབ་དཔོན་གྲུབ་སེང་གི་རྨི་ལམ་ན། བདེ་བ་ཅན་ཡིན་ཟེར་བ་གཅིག་ན་ཆོས་ཁྲི་ཞལ་སྤྲོད་གཉིས་འདུག་པའི་ནུབ་ཕྱོགས་དེ་ན་བླ་མ་བཞུགས། ཚོགས་པ་མང་པོ་ལ་ཆོས་གསུངས་ཞིང་འདུག །ངས་ཀྱང་ཉན་པ་རྨིས་ཟེར། སང་ཟླ་མཆོད་བྱེད་པའི་ཐོ་རངས་ཁ། སློབ་དཔོན་འཇམ་རྡོར་གྱི་རྨི་ལམ་ན། མཁའ་འགྲོ་མ་དབུ་རྒྱན་དང་རུས་རྒྱན་ཅན་མང་པོ་གཟིམ་ཁང་ན་འདུག །བླ་མ་དམ་པའི་བཞུགས་ས་ན་ཡོང་ཙ་ན། མཁའ་འགྲོ་མ་དར་ལ་བབ་པ་སྔོ་ཟུལ་ལེ་བ་ཞིག་འདུག་ནས། འདི་རྣམས་མཁའ་འགྲོ་མ་ཡིན་པར་འདུག་ང་ཡང་གཉིད་དུ་སོང་འདུག །འདི་རྣམས་ལ་བླ་མ་གང་དུ་བཞུགས་འདྲི་དགོས་སྙམ་ནས། མཁའ་འགྲོ་མ་དེ་ལ་འཇུས་ནས་བླ་མ་གང་ན་བཞུགས་དྲིས་པས། བདེ་བ་ཅན་དུ་གསོལ་བ་ཐོབ། དེ་ན་བཞུགས་ཀྱི་ཡོད་ཟེར་རོ། །ཡང་ཁོང་གི་རྨི་ལམ་ན་རིན་པོ་ཆེ་བ་བྱོན་ནས་ནས་ཕུང་གཅིག་གི་སྟེང་ན་བཞུགས་ནས། བདེ་མཆོག་གི་ཐང་སྐུ་དེ་ཞལ་ཕྱེས་ཤིག་གསུངས་དེ་ཕྱེས་པ་དང་། དབྱངས་རམ་བུ་ཐེག་གསུངས། གསུང་ཆུང་བ་གཅིག་གི་དབྱངས་མཛད། སྔོན་མ་དེ་འཇམ་དཔལ་གྱི་སྨོན་ལམ་དང་མཐུན་པ་གཅིག་འདུག་པ་ཡིན་ཏེ་མ་ཟིན། རྟིང་མ་དེ། ལམ་གྱི་སྙིགས་མ་རྩོད་པའི་དུས་འདི་རུ། བསྡད་ལོང་ཡུན་རིང་ཙམ་ཡང་མི་བདོག་པས། བརྩོན་འགྲུས་དྲག་པོས་ལམ་ལ་འབད་འཚལ་ལོ། །གསུང་གི་འདུག་པ་དང་གཉིད་སད། བླ་མ་དྲན་ནས་གསོལ་བ་བཏབ་པས། ག་རེ་ངེད་ཚོས་བསྙུང་གཡོག་བྱེད་ཅིང་དྲུང་དུ་ཡུན་དེ་ཙམ་ཞིག་བསྡད། དྲུང་ནས་ཀྱི་ཞལ་ཏ་དེ་ཙམ་ཞིག་བྱོན་ཀྱང་། ཞིང་ཁམས་གང་དུ་འབྱོན་གྱི་ཞུ་གོ་མ་ཆོད་པར་འདུག་སྙམ་མྱ་ངན་བྱས་པ་དང་། རྨི་ལམ་དུ་བྱོན་ན་ཞུ་དགོས་ཏེ། དང་པོ་མི་བསྙུང་དུས་ཀྱི་རྨི་ལམ་དུ་ཕལ་ཆེར་ཡོང་བ་འདིས་ཞུ་གོ་མི་ཆོད་པར་འདུག །ཅི་དྲག་ན་སྙམ་ནས་གསོལ་བ་བཏབ་པས། དེ་ཀའི་ནུབ་ཐོ་རངས་རྨི་ལམ་དུ་བླ་མ་བྱོན་བསྙུང་བའི་རྣམ་པ་བསྟན་ནས། དབུ་ཕུར་ཞབས་གཡོན་པ་ས་རྗེན་ལ་བཞུགས་ནས་འདུག །ཞབས་ནས་ཐེག་བྱས་ཏེ། ཞབས་ས་རྗེན་ལ་སོང་གདའ། གཞུགས་སྟན་ལ་བཞུགས་པར་ཞུ་ཞུས་པས། བླ་མའི་གསུངས་ན་ཅོག་གེ་ཞོག་དང་འགྲོ་བ་ཡིན་གསུངས། ད་གཤེགས་པར་གདའ་འམ་ཞུས་པས་ད་འགྲོ་བར་འདུག་གསུངས། བླ་མ་ཞིང་ཁམས་གང་དུ་གཤེགས། གསོལ་བ་གང་དུ་གདབ་ཞུས་པས། དབུ་སྟེགས་མཛད་ནས་བདེ་བ་ཅན་དུ་འགྲོ་དགོས་པས་གསོལ་བ་དེར་ཐོབ་གསུངས། བདག་ཅག་རྣམས་ཅི་འདྲ་ཐུགས་རྗེས་བཟུང་ཞུས་པས། གཡུ་ཕ་གི་ཐོངས་དང་གསུངས། གའུ་ལྗང་གཅིག་འདུག །དེ་ག་ཕྱག་ཏུ་ཕུལ་བ་དང་། ཁ་ཕྱེ་ནས་འདི་གཉིས་ལ་ལྟོས་དང་གསུངས། མེ་ལོང་དེ་ཕྱི་ལོག་ན་འདུག་པའི་མི་མང་པོ་ལ་ཡང་སྟོན་ཅིང་འདུག་སྟེ་དེ་ནས་ཡང་གཉིས་ཀ་གའུ་དེར་བཅུག་སོང་། གཉིད་སད་པ་དང་བསམས་པས། དངུལ་དཀར་གྱི་མེ་ལོང་དེ་སྟོན་པ་དེ་སེམས་ཉིད་མེ་ལོང་བཞིན་དུ་ལྟོས་བྱ་བའི་བརྡ་རུ་འདུག །དར་ལྗང་གུའི་སྐ་རག་དེ་བརྩོན་འགྲུས་ཀྱི་སྐ་རག་ཆིངས་བྱ་བའི་བརྡ་རུ་འདུག་སྟེ་ནུབ་སྔ་མའི་དབྱངས་དང་གནད་གཅིག་ནས་འདུག་ཅིང་ངེས་ཤེས་སྐྱེས་སོ། །དེ་ལ་སོགས་པའི་བདེ་བ་ཅན་དུ་གཤེགས་པའི་རྟགས་མང་པོ་སློབ་མ་དད་པ་ཅན་རྣམས་ལ་བྱུང་འདུག་པས། ཕྱི་རབས་ཀྱི་གང་ཟག་དད་ལྡན་རྣམས་ཀྱིས་ཡིད་གཉིས་ཐེ་ཚོམ་ལོག་ལྟ་མ་བྱེད་པར་བདེ་བ་ཅན་དུ་གསོལ་བ་ཐོབ་ཅིག །ཞིང་མཆོག་དེར་སྐྱེ་བར་ངེས་སོ།
།བླ་མའི་ཡོན་ཏན་རྒྱ་མཚོ་ལ། །བརྗོད་ཅིང་དཔག་པར་མི་ནུས་ཀྱང་། །ཆུ་ཐིག་ཙམ་ཞིག་འདིར་བརྗོད་པ། །དེ་ལ་ཉེས་པ་མཆིས་པ་ཀུན། །བླ་མའི་ཚོགས་ལ་བཟོད་པར་གསོལ། །དགེ་བས་འགྲོ་ཀུན་སངས་རྒྱས་ཤོག
།བླ་མ་དབོན་པོ་བ། སློབ་དཔོན་གྲུབ་ཆེན། སློབ་དཔོན་འཇམ་རྡོར་རྣམས་ལ་རྣམ་ཐར་གསུངས་པ་རྣམས་ཕྱོགས་གཅིག་ཏུ་དྲིལ་ནས་ཡི་གེར་བཀོད་པའོ། །དུས་དང་གནས་སྐབས་ཐམས་ཅད་དུ་བླ་མའི་ཐུགས་རྗེས་འཛིན་པར་གྱུར་ཅིག། །།