Ni gu ma'i chos drug rdo rje tshig rkang
Resource ID | SCv6p161 |
---|---|
Title | ye shes kyi mkha' 'gro ni gu ma'i chos drug rdo rje tshig rkang |
Alt. title | ṣaḍdharma vajragāthā |
Topics | Six doctrines of Niguma |
Sub-Topics | Vajra verses |
Author | Niguma, Lendarma Lodrö |
Associated Person | Khyungpo Neljor Rinchen Zangpo Sangyé Pelsang Gyurmé Dechen |
Link | W23922 BUDA MW2DB16431 BUDA MW2PD20238 (root verses) W23605 W1KG5786 (p.9) W1PD95844 (v42 p.842) W4CZ58783 (p.345) W3CN18508 (v1p.232+244) W8LS16295 (p.3+496) W8LS32723 W8LS32723 W22103 (p.149) W8LS32725 (p.162) W8LS36545 (p.163) W1KG4284 |
Notes | Partly translated in english in the book Lady of illusion p. 139. |
༼༄༅། །ཆོས་དྲུག་རྡོ་རྗེའི་ཚིག་རྐང་བཞུགས་སོ།།༽
Root verses
རྒྱ་གར་སྐད་དུ། ངྷརྨ་ཥཊ་བཛྲ་གཱ་ཐཱ་ནཱ་མ།
བོད་སྐད་དུ། ཆོས་དྲུག་རྡོ་རྗེའི་ཚིག་རྐང་ཞེས་བྱ་བ།
དཔལ་ཟུང་འཇུག་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ།
།གང་ཞིག་བརྗོད་བྲལ་ལྷུན་གྲུབ་འདུས་མ་བྱས། །ཁ་སྦྱོར་བདེ་ཆེན་ལོངས་སྐུ་གང་འདུལ་ཤར། །སྐུ་གསུམ་བདུན་ལྡན་རྡོ་རྗེ་འཆང་ཆེན་གྱིས། །ཐེག་ཆེན་སྐྱེ་མེད་རང་སྒྲ་འདི་སྐད་ཐོས།
།དབང་བཞི་སྨིན་བྱས་དད་དང་བརྩོན་འགྲུས་ལྡན། །མི་རྟག་སྐྱོ་ཤས་ཉེས་དམིགས་སྔོན་འགྲོ་བས། །ལམ་མཆོག་འདི་ལ་གང་གིས་འབད་གྱུར་ན། །ཟླ་དྲུག་ལོ་འམ་ཚེ་འདིར་སངས་རྒྱས་འགྱུར།
།རང་ལུས་ཐབས་ལྡན་རྩ་གསུམ་འཁོར་ལོ་བཞི། །ཨ་ཧཾ་འབར་འཛག་སྐད་ཅིག་དགའ་བཞིས་བརྒྱན། །ཤེས་རབ་ཁ་ག་མུ་ཁའི་སྙོམས་འཇུག་གིས། །ཟག་བཅས་ཟག་མེད་དགའ་བཞི་རིམ་བཞིན་ནོ།
།བཅུད་བསྡུས་དག་བྱེད་སྟོང་རའི་གནད་གསུམ་དང་། །དྲོད་མྱུར་གཏུམ་མོ་ཆོས་དྲུག་རིམ་བཞིན་ཏེ། །རི་བོང་དབབ་གཟུང་ལྡོག་དགྲམ་རླུང་དང་བསྲེ། །ཟག་མེད་ཡེ་ཤེས་ཆེན་པོས་བརྒྱན་པར་བྱ།
།སྒྱུ་ལུས་བདེན་མེད་དབང་པོ་རབ་འབྲིང་གསུམ། །འབྲལ་མེད་མོས་གུས་རང་ལུས་ཅིར་སྣང་ཀུན། །སྣང་སྟོང་ཞེན་བྲལ་ལྷ་སྐུའི་ལམ་ཁྱེར་བྱ། །ཆགས་སྡང་རང་གྲོལ་བཅུ་བཞིའི་ས་འཐོབ་འགྱུར།
།གང་གིས་བསམ་པ་ཐམས་ཅད་ཡོངས་སྤངས་ནས། །རྨི་ལམ་འདུན་པའི་གནད་ལ་འབྲལ་མེད་བྱ། །ཉིང་འཁྲུལ་རང་དག་སྒྱུ་མ་ལམ་རིམ་གྱི། །ཡོན་ཏན་ཉིན་མཚན་དུས་སུ་རང་ཤར་འབྱུང་།
།འཁྲུལ་འབྱམས་སད་འབྱམས་བདེ་འབྱམས་སྟོང་འབྱམས་རྣམས། །མོས་གུས་ཚོགས་གསོག་གེགས་སེལ་བརྒྱན་པར་བྱ།
།འོད་གསལ་འཆར་བྱེད་བླ་མའི་མོས་གུས་དང་། །བདེ་ཆེན་ཟག་བཅས་ཟག་མེད་ལྟ་སྟངས་ཀྱིས། །བདེ་གསལ་མི་རྟོག་དབྱེར་མེད་རང་ཤར་འབྱུང་། །སྦྱོར་དངོས་རྗེས་གསུམ་དུས་གནད་བརྒྱན་པར་བྱ།
།འོད་གསལ་མངོན་གྱུར་དམ་པ་ཉམས་མྱོང་ཅན། །འཆར་སྒོ་བོགས་འདོན་གེགས་སེལ་བརྒྱན་པར་བྱ།
།འཕོ་བྱ་འཕོ་བྱེད་བྲལ་བ་ཡང་རབ་སྟེ། །འབྲིང་དང་ཐ་མས་ཆགས་སྡང་སྤངས་བྱས་ནས། །དགའ་ཞིང་མོས་གུས་དམིགས་པ་རྩེ་གཅིག་གིས། །གྱེན་དུ་འཕང་ཞིང་སྨོན་ལམ་བརྒྱན་པར་བྱ།
།དུས་གནད་ལུས་གནད་ངག་གནད་རྫས་གནད་ལ། །སྦྱངས་ཤིང་བརྟན་པའི་འཕོ་བ་མཆོག་ཡིན་ནོ།
།བར་དོ་སྣང་སོགས་འོད་གསལ་ལྷ་སྐུ་དང་། །གང་འདུལ་སྤྲུལ་སྐུའི་མཚམས་སྦྱོར་སྐྱོ་ཤས་གནད་ཡིན་ནོ། །ཆགས་སྡང་ཕྲག་དོག་འོད་གསལ་ལྷ་སྐུས་སྦྱངས། །སྒྲིབ་གཉིས་རང་དག་སྐུ་གསུམ་མངོན་དུ་འགྱུར།
།གཟུགས་སྒྲ་ས་ཆུ་སྣང་མཆེད་སོགས་པ་ཡིས། །ཐིམ་འགྲོས་རང་བཞིན་བརྒྱད་ཅུ་ཤེས་པར་བྱ།
།ལོག་ལྟས་རྒྱུད་དཀྲུགས་རྩོད་ལྡན་སྙིགས་མའི་དུས། །ཡང་དག་ཆོས་ནི་ཉིན་སྐར་རུས་སྦལ་སྤུ། །ལོག་ཆོས་ཚོང་འདུས་འོ་མའི་ཆོས་སྤྱོད་ཚེ། །ཉམས་མྱོང་ལུང་དང་ཐེམ་ཡིག་བརྒྱན་པ་གཅེས།
།ལམ་གྱི་མཆོག་གྱུར་འདི་ཉིད་ཉམས་ལེན་རྣམས། །གཞན་གྱི་དུས་མིན་འདིའམ་བར་མ་དོར། །བདེ་སྟོང་དབྱེར་མེད་སྐུ་གསུམ་རང་ཤར་ནས། །རྣམ་པར་དག་པའི་མཁའ་སྤྱོད་ཉིད་དུ་འགྲོ།
།འདི་ཉིད་མི་རབས་བདུན་དུ་ཆིག་བརྒྱུད་ལས། །མི་སྤེལ་རྡོ་རྗེའི་རྒྱ་ཡིས་གདབ་པར་བྱའོ། །ཆོས་དྲུག་རྡོ་རྗེའི་ཚིག་རྐང་ཞེས་བྱ་བ་རྫོགས་སོ།། །།
།ཡེ་ཤེས་ཀྱི་ཌཱ་ཀི་མའི་ཞལ་སྔ་ནས། ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བའོ། །བདག་ཁྱུང་པོ་རྣལ་འབྱོར་པས་གསེར་སྲང་ལྔ་བརྒྱ་ཕུལ་ནས་ཞུས་ཏེ་ཉམས་སུ་མྱོང་བར་བྱས་པའོ། །ཕྱིས་ཐོ་ལིང་དུ་ལོ་ཙཱ་བ་རིན་ཆེན་བཟང་པོས་ཀྱང་གཏན་ལ་ཕབ་པའོ།
Annotated version
རྒྱ་གར་སྐད་དུ། དྷརྨ་ཥཊ་བཛྲ་གཱ་ཐཱ་ནཱ་མ།
བོད་སྐད་དུ། ཆོས་དྲུག་རྡོ་རྗེའི་ཚིག་རྐང་ཞེས་བྱ་བ།
།དཔལ་ཟུང་འཇུག་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། ༼།ཞེས་པ་ལོ་ཙཱ་བའི་འགྱུར་ཕྱག༽
།གང་ཞིག་༼ཞེས་པ་ཁྱད་གཞི་ཁྱད་ཆོས་སྐུ་གསུམ་བདུན་ལྡན་ཏེ།༽བརྗོད་༼པ་དང་༽བྲལ་༼བ་དང་༽ལྷུན་༼གྱིས་༽གྲུབ་༼པ་དང་༽འདུས་མ་བྱས་༼པའོ༽།
།༼བདེ་སྟོང་སྣང་སྟོང་༽ཁ་སྦྱོར་༼དང་༽བདེ་༼བ་༽ཆེན་༼པོ་དང་༽ལོངས་སྐུ་༼དང་༽གང་འདུལ་༼དུ་༽ཤར་༼བ་སྤྲུལ་སྐུའི་ཡན་ལག༽།
།སྐུ་གསུམ་༼ཡན་ལག་༽བདུན་༼དང་༽ལྡན་༼པའི་༽རྡོ་རྗེ་འཆང་ཆེན་གྱིས།
།ཐེག་༼པ་༽ཆེན་༼པོ་༽སྐྱེ་༼བ་༽མེད་༼པའི་༽རང་སྒྲ་འདི་སྐད་ཐོས༼པ་སྟེ་རྟོགས་པའམ་མཁྱེན་པ།༽།
།༼སྨིན་པར་བྱེད་པའི་༽དབང་བཞིས་སྨིན་༼པར་༽བྱས་༼པ་༽དད་༼པ་༽དང་བརྩོན་གྲུས་༼དང་༽ལྡན་༼པ༽།
།མི་རྟག་༼པ་དང་༽སྐྱོ་ཤས་༼དང་འཁོར་བའི་༽ཉེས་དམིགས་༼རྣམས་༽སྔོན་༼དུ་༽འགྲོ་བས།
།༼ཆོས་དྲུག་གི་༽ལམ་མཆོག་འདི་ལ་༼གང་གི་ཁྱད་ཆོས་རྣམས་དང་ལྡན་པ་སྒྲུབ་བོ་༽གང་གིས་འབད་༼པར་༽གྱུར་ན།
།༼དབང་པོ་རབ་༽ཟླ་དྲུག་༼འབྲིང་༽ལོ་འམ་༼ཐ་མས་ཀྱང་༽ཚེ་འདིར་སངས་རྒྱས་༼སུ་༽འགྱུར་༼རོ༽།
༼ཐབས་ལམ་བདེ་དྲོད་རང་འབར་། སྒྱུ་ལུས་ཆགས་སྡང་རང་གྲོལ། རྨི་ལམ་ཉིང་འཁྲུལ་རང་དག །འོད་གསལ་གཏི་མུག་རང་སངས། འཕོ་བ་མ་བསྒོམས་སངས་རྒྱས། བར་དོ་རྒྱལ་བ་ལོངས་སྐུ།༽
།༼གསང་དབང་དམ་ཚིག་ཉམས་ལེན་༽རང་ལུས་ཐབས་༼དང་༽ལྡན་༼པ་ལ་༽རྩ་༼རོ་རྐྱང་དབུ་མ་དང་༽གསུམ་འཁོར་ལོ་༼ལྟེ་སྙིང་མགྲིན་སྤྱི་དང་༽བཞི།
།༼ལྟེ་འོག་གི་༽ཨ་༼ཤད་དང་སྤྱི་བོའི་༽ཧཾ་༼ཡིག་༽འབར་༼ཞིང་༽འཛོག་༼པ་ལས་རྣམ་པ་སྣ་ཚོགས་རྣམ་སྨིན་ཉིད་མཚན་ཉིད་དང་བྲལ་བའི་༽སྐད་ཅིག་༼མ་བཞི་དང་དགའ་བ་མཆོག་དགའ་ཁྱད་དགའ་ལྷན་སྐྱེས་ཏེ་༽དགའ་༼བ་༽བཞིས་བརྒྱན་༼པའོ༽།
།༼དབང་གསུམ་པའི་ཉམས་ལེན་༽ཤེས་རབ་༼མའི་རྩ་༽ཁ་ག་མུ་ཁའི་༼སྟེང་མཁའ་འགྲོ་གདོང་མ་༽སྙོམས་འཇུག་གིས།
།༼ཡས་བབས་༽ཟག་བཅས་༼མས་བརྟན་༽ཟག་མེད་༼ཀྱི་༽དགའ་༼བ་༽བཞི་རིམ་བཞིན་༼ཉམས་སུ་བླང་བར་བྱ་བ་ཡིན་༽ནོ།
།༼བྱིན་རླབས་ཀྱི་༽བཅུད་བསྡུས་༼པའི་༽དག་བྱེད་༼ཨའི་༽སྟོང་རའི་གནད་༼ནད་གདོན་སེལ་བྱེད་སོགས་༽གསུམ་དང་།
།༼བདེ་༽དྲོད་མྱུར་༼དུ་འཆར་བའི་ཐབས་༽གཏུམ་མོ་༼ལ་སོགས་པའི་༽ཆོས་དྲུག་རིམ་བཞིན་༼ཉམས་སུ་བླང་བར་བྱ་༽ཏེ།
།༼དང་པོར་༽རི་བོང་དབབ་༼དེ་ནས་༽གཟུང་༼དེ་ནས་༽ལྡོག་༼དེ་ནས་༽དགྲམ་༼དེ་ནས་༽རླུང་དང་བསྲེ་༼བའོ༽།
།༼རྣམ་པར་རྟོག་པ་དང་བྲལ་བའི་༽ཟག་མེད་ཡེ་ཤེས་ཆེན་པོས་༼རང་བཞིན་ཡོངས་སུ་ཤེས་པ་༽བརྒྱན་པར་བྱ་༼བའོ༽།
༼ལུས་གནད་མེའི་སྟོང་ར། གཏུམ་མོ་ཟས་སུ་ཟ་བ། གོས་སུ་གྱོན་པ། སྟན་དུ་འདིང་བ། སྲིད་པའི་དབང་ཞུ་བ། གེགས་རང་གྲོལ་བ། རླུང་རྟར་ཞོན་པའོ།༽
།སྒྱུ་ལུས་༼ཀྱི་གདམས་པ་སྣང་བ་ཐམས་ཅད་༽བདེན་མེད་༼དུ་འཆར་བར་བྱེད་པའི་རྣལ་འབྱོར་ལ་༽དབང་པོ་རབ་༼དང་༽འབྲིང་༼དང་ཐ་མ་༽གསུམ་༼མོ༽།
།༼དབང་པོ་རབ་༽འབྲལ་མེད་མོས་གུས་༼དང་འབྲིང་༽རང་ལུས་༼དང་༽ཅིར་སྣང་ཀུན།
།སྣང་སྟོང་ཞེན་༼པ་དང་༽བྲལ་༼བའི་༽ལྷ་སྐུའི་ལམ་ཁྱེར་བྱ༼འོ༽།
།ཆགས་སྡང་རང་གྲོལ་བཅུ་བཞིའི་ས་༼ཡེ་ཤེས་ཐིག་ལེ་ལས། བུམ་པའི་དབང་ནི་བཅུ་གཅིག་སྟེ། །གསང་བའི་དབང་ནི་བཅུ་གཉིས་མཆོག །ཤེས་རབ་ཡེ་ཤེས་བཅུ་གསུམ་པ། །དེ་ལྟར་དེ་བཞིན་བཅུ་བཞི་པ། །དབང་རེ་ལ་ནི་ས་རེ་སྟེ། །ཞེས་བཤད་པ་བཞིན་༽འཐོབ་༼པར་༽འགྱུར་༼རོ༽།
༼དབང་པོ་རབ་བླ་མ་དམ་པ་གྲོགས་སུ་བསྟེན་པ། འབྲིང་ཚིག་གཞན་གྱིས་བར་མ་ཆོད་པར་ཁྲིད་པ། ཐ་མ་མལ་གཅིག་ཏུ་ཏིང་ངེ་འཛིན་བསྐྱེད་པའོ།༽
།༼རྣལ་འབྱོར་པ་༽གང་གིས་༼འཇིག་རྟེན་གྱི་༽བསམ་པ་ཐམས་ཅད་ཡོངས་༼སུ་༽སྤངས་ནས།
།རྨི་ལམ་འདུན་པའི་གནད་༼ཡིན་པས་དེ་༽ལ་འབྲལ་༼བ་༽མེད་༼པར་༽བྱ༼འོ༽།
།༼དེས་མཚན་མོས་༽ཉིང་འཁྲུལ་རང་དག་༼ནས་༽སྒྱུ་མ་ལམ་རིམ་གྱི།
།ཡོན་ཏན་༼རྣམས་༽ཉིན་མཚན་༼གྱི་༽དུས་སུ་རང་ཤར་༼དུ་༽འབྱུང་༼ངོ༽།
༼རྨི་ལམ་བཟུང་བ། སྦྱང་བ། སྤེལ་བ། སྤྲུལ་པ། བསྒྱུར་བ། ཡུལ་སྣང་ངོ།༽
།༼མ་ཟིན་པར་༽འཁྲུལ་འབྱམས་༼གཉིད་ཡང་ཡང་སད་པའི་༽སད་འབྱམས་༼བྱང་སེམས་ཉམས་པའི་༽བདེ་འབྱམས་༼རྨི་ལམ་རྨི་རུ་ཡེ་མ་འདོད་པའི་ཆད་ལྟར་དེས་པའི་༽སྟོང་འབྱམས་རྣམས་༼བྱུང་ན་བླ་མ་ལ༽།
།མོས་གུས་ཚོགས་གསོག་༼ཚོགས་གང་ཆེ་༽གེགས་༼དམིགས་པའི་གནད་ལ་སོགས་པས་༽སེལ་༼ཞིང་ཟུང་འཇུག་གིས་༽བརྒྱན་པར་བྱ༼འོ༽།
།འོད་གསལ་འཆར་༼བར་༽བྱེད་༼པའི་གནད་༽བླ་མའི་མོས་གུས་དང་༼གསོལ་འདེབས༽།
།བདེ་༼བ་༽ཆེན་༼པོ་མི་སློབ་པའི་ཟུང་འཇུག་ཐོབ་པའི་རྒྱུ་༽ཟག་བཅས་ཟག་མེད་༼སྟ་ཡས་བབས་དང་མས་བརྟན་གྱི་དགའ་བ་བཞིའི་ཉམས་ལེན་དང་དེ་དག་འཆད་པའི་སྒྱུ་ལུས་གནད་དང་༽ལྟ་སྟངས་ཀྱིས།
།བདེ་༼བ་དང་༽གསལ་༼བ་དང་༽མི་རྟོག་༼པ་གསུམ་༽དབྱེར་མེད་༼ཟུང་འཇུག་༽རང་ཤར་༼དུ་༽འབྱུང་༼ངོ་༽།
།སྦྱོར་༼བ་དང་༽དངོས་༼གཞི་དང་༽རྗེས་གསུམ་༼གྱིས་༽དུས་གནད་༼ཀྱིས་༽བརྒྱན་པར་བྱ།
༼འོད་གསལ་གཟུང་བ་ལམ་ཁྱེར་བསྲེ་བ་མཐར་ཐུག་གོ༽
།༼གདོད་མ་ནས་གནས་པའི་༽འོད་གསལ་མངོན་༼དུ་༽གྱུར་༼པའི་བླ་མ་༽དམ་པ་ཉམས་མྱོང་ཅན་༼གྱིས༽།
།༼སློབ་མའི་འོད་གསལ་གྱི་༽འཆར་སྒོ་༼ངོ་སྤྲོད་ཅིང་༽བོགས་འདོན་༼དང་༽གེགས་སེལ་༼གྱིས་༽བརྒྱན་པར་བྱ༼འོ༽།
།༼གང་དུ་༽འཕོ་༼བར་༽བྱ་༼པའི་ཡུལ་དང་༽༼གང་༽འཕོ་༼བར་༽བྱེད་༼པའི་དམིགས་པ་དང་༽བྲལ་བ་༼ནི་དབང་པོ་༽ཡང་རབ་༼ཀྱི་འཕོ་བ་༽སྟེ།
།༼དབང་པོ་༽འབྲིང་དང་ཐ་མས་༼ཚེ་འདིའི་འཁོར་ཡུལ་སོགས་ལ་༽ཆགས་སྡང་སྤངས་བྱས་ནས།
།༼དག་པའི་ཞིང་དུ་འགྲོ་སྙམ་པའི་༽དགའ་ཞིང་༼འཕོ་ཡུལ་ལ་༽མོས་གུས་༼དང་༽དམིགས་པ་རྩེ་གཅིག་གིས།
།༼རྣམ་ཤེས་༽གྱེན་དུ་འཕང་ཞིང་སྨོན་ལམ་༼རྒྱ་ཆེར་བཏབ་པས་༽བརྒྱན་པར་བྱ༼འོ༽།
༼ཆོས་སྐུ་དེ་བཞིན་ཉིད་ཀྱི་འཕོ་བ། ཟུང་འཇུག་ཡི་དམ་གྱི་འཕོ་བ། བྱིན་རླབས་བླ་མའི་འཕོ་བ། འཆུག་མེད་མཁའ་སྤྱོད་ཀྱི་འཕོ་བའོ།༽
།༼ངེས་པའི་འཆི་ལྟས་བྱུང་བའི་༽དུས་གནད་༼སྐྱིལ་ཀྲུང་ཙོག་པུ་སོགས་༽ལུས་གནད་ངག་གནད་༼བསྲེ་འཕོར་སྦྱངས་པའི་ཡི་གེ་ཕྱེད་དང་གཉིས་པས་ང་རོ་དྲག་ཏུ་བརྗོད་པ་ཡིས། ཞེས་པ་ལྟར། ཧིཀ་གི་སྒྲ་དང་ལྡན་པ་༽རྫས་གནད་༼བྱང་སེམས་དཀར་དམར། ཚ་བ་གསུམ་མི་ཀླད་རྣམས་ཀྱིས་སྤྱི་བོར་བྱུགས་པར་བྱས་༽ལ།
W2DB16431: ༼།༼ངེས་པའི་འཆི་ལྟས་བྱུང་བའི་༽དུས་གནད་ལུས་གནད་༼སྐྱིལ་ཀྲུང་ཙོག་པུ་སོགས་༽རྫས་གནད་༼བྱང་སེམས་དཀར་དམར་འཚལ་ལ་མིའི་གླད་པ་རྣམས་སྤྱི་བོར་བྱུགས་པ་སྲེ་འཕེར་༽ངག་གནད་༼སྦྱང་བ་ཡི་གེ་ཕྱེད་དང་གཉིས། ང་རོ་དྲག་ཏུ་བརྗོད་པ་ཡིས། ཞེས་པ་ལྟར། ཧིཀ་གི་སྒྲ་དང་ལྡན་པར་བྱས་༽ལ།༽
།༼མངོན་དུ་༽སྦྱངས་ཤིང་བརྟན་༼པ་ཐོབ་༽པའི་འཕོ་བ་༼ནི་༽མཆོག་ཡིན་ནོ།
།༼རབ་༽བར་དོ་༼དང་པོའི་༽སྣང་༼མཆེད་ལ་༽སོགས་༼པའི་༽འོད་གསལ་༼འབྲིང་ལོངས་སྤྱོད་རྫོགས་པའི་༽ལྷ་སྐུ་དང་།
།༼ཐ་མ་སྐྱེ་སྒོ་དགག་སྟེ་༽གང་འདུལ་སྤྲུལ་སྐུ་༼གསུམ་ལྡན་དུ་ལྡང་བར་བྱས་པ༽འི་མཚམས་སྦྱོར་༼ཆགས་སྡང་གི་ཡུལ་ལ་༽སྐྱོ་ཤས་༼བསྐྱེད་པ་༽གནད་ཡིན་ནོ།
།༼ཕ་མ་ལ་༽ཆགས་སྡང་༼དང་༽ཕྲག་དོག་༼རྣམས་༽འོད་གསལ་ལྷ་སྐུ༼འི་སྤྲུལ་བསྒྱུར་གྱི༽ས་སྦྱངས་༼ཤིང་ཡུད་ཙམ་བསྒོམས་ནས༽།
།༼ཤེས་༽སྒྲིབ་༼དང་ཉོན་སྒྲིབ་༽གཉིས་རང་དག་༼ཏུ་གྱུར་ནས་༽སྐུ་གསུམ་མངོན་དུ་འགྱུར་༼རོ༽།
༼༼དབང་པོ་རབ་༽བར་དོ་དང་པོའི་༼གཞི་དུས་ཀྱི་༽འོད་གསལ་རང་ཤར། ༼དབང་པོ་༽འབྲིང་རྒྱལ་བ་ལོངས་སྐུ་༼རྒྱུ་མའི་ལྟ་༽རང་ཤར། ༼དབང་པོ་༽ཐ་མ་༼སྨོན་ལམ་གྱི་༽སྤྲུལ་སྐུ་འགག་མེད་རང་ཤར། ༼ལམ་༽སྤྱི་གནད་༼ནི་༽འཆུག་མེད་༼གསུམ་༽ལམ་ཁྱེར་རོ།༽
།གཟུགས་༼དང་༽སྒྲ་༼དང་ཤུགས་ཀྱིས་བསྟན་པའི་དྲི་རོ་རེག་བྱ་རྣམས་དང་༽ས་༼དང་༽ཆུ་༼དང་ཤུགས་བསྟན་མེ་རླུང་རྣམ་ཤེས་རྣམས་འོད་གསལ་ལ་ཐིམ་པ་ལས་༽སྣང་༼བ་དང་༽མཆེད་༼པ་ལ་༽སོགས་པ་ཡིས།
།ཐིམ་༼པའི་༽འགྲོས་༼ལས་ཞེ་སྡང་གི་རྟོག་པ་སོ་གསུམ། ཆགས་པའི་བཞི་བཅུ། གཏི་མུག་གི་བདུན་ཏེ་༽རང་བཞིན་བརྒྱད་ཅུ་༼དང་བྲལ་བའི་ཆོས་སྐུ་ངོ་༽ཤེས་པར་བྱ༼འོ༽།
།ལོག་ལྟས་རྒྱུད་དཀྲུགས་རྩོད་ལྡན་སྙིགས་མ་༼ལྔ༽འི་དུས།
།ཡང་དག་༼པའི་༽ཆོས་ནི་༼དཔེ་༽ཉིན་སྐར་༼དང་༽རུས་སྦལ་སྤུ་༼བཞིན་དུ་དཀོན་ནོ༽།
།ལོག་ཆོས་ཚོང་འདུས་འོ་མའི་ཆོས་སྤྱོད་ཚེ།
།ཉམས་མྱོང་༼དང་རྒྱལ་བའི་བཀའ་ཡན་ལག་ལྔ་པའི་༽ལུང་དང་ཐེམ་ཡིག་༼གིས་༽བརྒྱན་པ་གཅེས།
།ལམ་གྱི་མཆོག་༼ཏུ་༽གྱུར་༼པ་༽འདི་ཉིད་ཉམས་༼སུ་༽ལེན་༼པ་པོ་༽རྣམས།
།༼སྐྱེ་བ་ཕྱི་མ་སོགས་༽གཞན་གྱི་དུས་མིན་༼རབ་༽འདི་འམ་༼འབྲིང་༽བར་མ་དོར།
།བདེ་༼བ་དང་༽སྟོང་༼པ་༽དབྱེར་མེད་༼པའི་༽སྐུ་གསུམ་རང་༼རང་༽ཤར་ནས།
།རྣམ་པར་དག་པའི་མཁའ་སྤྱོད་༼ཆེན་པོ་མི་སློབ་པའི་ཟུང་འཇུག་༽ཉིད་དུ་འགྲོ།
།འདི་ཉིད་མི་རབས་བདུན་༼ཏེ་སངས་རྒྱས་སྟོན་པའི་བར་༽དུ་ཆིག་བརྒྱུད་ལས།
།མི་སྤེལ་༼བར་༽རྡོ་རྗེའི་རྒྱ་ཡིས་གདབ་པར་བྱའོ།།
ཆོས་དྲུག་རྡོ་རྗེའི་ཚིག་རྐང་ཞེས་བྱ་བ་རྫོགས་སོ།།
ཡེ་ཤེས་ཀྱི་ཌཱ་ཀི་མའི་ཞལ་སྔ་ནས། ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བའོ། །བདག་ཁྱུང་པོ་རྣལ་འབྱོར་པས་གསེར་སྲང་ལྔ་བརྒྱ་ཕུལ་ནས་ཞུས་ཏེ་ཉམས་སུ་མྱོང་བར་བྱས་པའོ། །ཕྱིས་ཐོ་ལིང་དུ་ལོ་ཙཱ་བ་རིན་ཆེན་བཟང་པོས་ཀྱང་གཏན་ལ་ཕབ་པའོ།
རྡོ་རྗེའི་ཚིག་རྐང་ལ་ཁྱུང་པོའི་མཆན་དཀྱུས་སུ་ཤོར་བ། བུདྡྷ་ཤྲཱིས་གཞུང་མཆན་སོ་སོར་ཕྱེ་ཞིང་། མཆན་བུ་ཅུང་ཟད་གནང་བ་ལ་སླར་ཡང་སྐད་གཉིས་སྨྲ་བ་འགྱུར་མེད་བདེ་ཆེན་གྱི་བློ་གྲོས་ཀྱིས་ཞིབ་ཏུ་དཔྱད་ཅིང་། རྒྱས་པར་བཀོད་པ་འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེ་བར་གྱུར་ཅིག། ༼།འདིའི་ཚིགས་བཅད་རྣམས་རྡོ་རྗེའི་ཚིག་རྐང་དངོས་དང་། བར་གྱི་ལྷུག་པ་རྣམས་ཁྱུང་པོས་མཁའ་འགྲོ་མའི་ཞལ་ཤེས་ཡི་གེར་བཀོད་པར་སྣང་། འདི་ལ་ལོ་ཆེན་འགྱུར་མེད་བདེ་ཆེན་གྱི་རྒྱས་འགྲེལ་ཡོད་དོ།༽ །སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ།
Version of Sangyé Pelsang
༄༅། །ཆོས་དྲུག་རྡོ་རྗེའི་ཚིག་རྐང་མཆན་བུ་མ། མཉམ་མེད་སངས་རྒྱས་དཔལ་བས་བཀྲལ་བའོ།།
རྒྱ་གར་༼སང་ཀྲི་ཏའི་༽སྐད་དུ། དྷརྨ་ཥཊ་བཛྲ་ཡ་ག་ན་མ༼ཞེས་པ༽།
༼བསྒྱུར་ན་༽བོད་༼ཀྱི༽སྐད་དུ། ཆོས་དྲུག་རྡོ་རྗེའི་ཚིག་རྐང་ཞེས་བྱ་བ༼འོ༽།
།དཔལ་ཟུང་འཇུག་བདེ་བ་ཆེན་པོ་ལ་༼ཞེས་པ་ནི་ལོ་ཙཱ་བས་འགྱུར་བྱེད་པའི་ཐོག་མར་ཆོས་ཀྱི་སྐུ་ལ་ཕྱག་བྱས་་་༽ཕྱག་འཚལ་ལོ།
།༼ཆོས་ཐོས་པ་པོ་གང་ལ་ཐོས་ན་༽གང་ཞིག་བརྗོད་བྲལ་༼གནས་ལུགས་ལ་ཡོད་པས་༽ལྷུན་གྲུབ་༼རྒྱུ་རྐྱེན་ལས་མ་སྐྱེས་པས་༽འདུས་མ་བྱས།
།༼ཐབས་ཤེས་རབ་དབྱེར་མེད་པས་༽ཁ་སྦྱོར་༼ངོ་བོ་༽བདེ་ཆེན་༼པོ་སྟེ་ལྔ་པོ་འདི་དང་སྟན་པ་ནི་རང་དོན་ཆོས་ཀྱི་སྐུ་ཡིན་ལ་༽ལོངས་སྐུ་གང་འདུལ་ཤར་༼བ་སྟེ༽།
།སྐུ་གསུམ་༼མམ་ནང་ཚན་གྱིས་ཕྱེ་བའི་ཆོས་༽བདུན་༼དང་༽ལྡན་རྡོ་རྗེ་འཆང་༼དེ་ལ་ཐོས་པ་གང་ཐོས་ན་དེ་ཉིད་༽ཆེན་གྱིས།
།ཐེག་༼པ་པོ་གསང་སྔགས་ཀྱི་ཆོས་འདི་གསུང་རྣམས་ཐམས་ཅད་པ་པོ་གང་གིས་ཐོས་ན་དག་པའི་ས་གསུམ་གནསའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནཻ་གུ་མ་བདག་གིས་སོ།༽ཆེན་སྐྱེ་མེད་རང་སྒྲ་འདི་སྐད་༼་་་༽ཐོས།
།༼གང་ཟག་གང་གིས་ཉན་པའི་གདུལ་བྱ་ནི་ཆོས་ཉན་པའི་ཐོག་མར་དཔལ་རྒྱུད་སྡེ་ལྔ་ལ་སོགས་པའི་སྨིན་བྱེད་ཀྱི་༽དབང་བཞིས་༼རྒྱུད་༽སྨིན་༼པར་༽བྱས་༼པར་༽དད་དང་བརྩོན་འགྲུས་༼དང་༽ལྡན་༼པ༽།
།༼འཆི་བ་༽མི་རྟག་༼པ་དྲན་པའི་་་་་༽སྐྱོ་ཤས་༼དང་འཁོར་བའི་༽ཉེས་དམིགས་༼བསྒོམ་པ་༽སྔོན་༼དུ་༽འགྲོ་བས།
།༼ཆོས་དྲུག་གི་༽ལམ་མཆོག་འདི་ལ་གང་གི་འབད་༼པར་༽གྱུར་ན།
།༼དངོས་གྲུབ་ཐོས་པའི་དུས་ནི་༽ཟླ་དྲུག་༼གམ་༽ལོ་འམ་༼ཐ་མས་ཀྱང་༽ཚེ་འདིར་སངས་རྒྱས་༼ཐོབ་པར་༽འགྱུར་༼རོ༽།
༼ཆོས་དྲུག་པོ་གང་ཞེ་ན་༽ཐབས་ལམ་བདེ་དྲོད་རང་འབར་། སྒྱུ་ལུས་ཆགས་སྡང་རང་གྲོལ། རྨི་ལམ་ཉིང་འཁྲུལ་རང་དག །འོད་གསལ་གཏི་མུག་རང་སངས། འཕོ་བ་མ་བསྒོམས་སངས་རྒྱས། བར་དོ་ལོངས་སྤྱོད་རྫོགས་སྐུའོ།
།༼དང་པོར་བུམ་དབང་གི་ལམ་བསྐྱེད་རིམ་ཅི་རིགས་པ་སྔོན་དུ་སོང་ནས་གསང་གི་ལམ་བསྒོམས་པ་ནི་༽རང་ལུས་ཐབས་ལྡན་༼ལ་དབུས་སུ་དབུ་མ་གཡས་སུ་རོ་མ་གཡོན་དུ་བརྐྱང་མ་རེ་༽རྩ་༼སྤྱི་བོ་མགྲིན་པ་སྙིང་ཁ་ལྟེ་བའི་༽གསུམ་འཁོར་ལོ་བཞི༼རྣམས་མན་ངག་ལྟར་གསལ་བཏབ༽།
།༼ལྟེ་བར་༽ཨ་༼དམར་པོ་༽ཧཾ་༼དཀར་པོ་མགོ་འཐུར་བསྟན་བསྒོམ་༽འབར་༼ནས་འཁོར་ལོ་བཞི་པོ་བསྲེ་་་་་བདུད་རྩི་༽འཛག་༼པས་འཁོར་ལོ་བཞི་པོ་གསོས་ནས་༽སྐད་ཅིག་༼མའི་༽དགའ་༼བ་དང་མཆོག་དགའ་དང་ཁྱད་དགའ་དང་ལྷན་ཅིག་སྐྱེས་པའི་བདེ་བ་༽བཞིས་༼སེམས་༽བརྒྱན་༼པར་བྱའོ།༽།
།༼གཞན་ལུས་ཐབས་ལྡན་དབང་གསུམ་པའི་ལམ་ནི་༽ཤེས་རབ་༼ཀྱི་རིགས་བ་་་ག་པ་དང་༽ཁ་ག་མུ་གའི་༼་་་་་་་་་་་་་་་་་བ་དང་༽སྙོམས་འཇུག་གིས།
།ཟག་བཅས་༼ཡས་བབས་ཀྱི་དགའ་བ་བཞི་དང་༽ཟག་མེད་༼མས་བསྟན་གྱི་༽དགའ་༼བ་༽བཞི་རིམ་༼ཉམས་སུ་བླང་བར་བྱ་བ་ཡིན་༽བཞིན་ནོ།
།༼དེ་ལ་གསང་དབང་གི་ཉམས་སུ་ལེན་པའི་ལག་ལེན་༽བཅུད་བསྡུས་༼པའི་ངོན་འགྲོ་༽དག་བྱེད་སྟོང་རའི་གནད་གསུམ་དང་།
།༼དངོས་གཞི་ལ་༽དྲོད་༼དང་བདེ་བ་དང་སྟོང་པ་༽མྱུར་༼དུ་སྐྱེ་བ་༽གཏུམ་མོའི་ཆོས་དྲུག་༼འོག་ནས་འབྱུང་བ་རྣམས་༽རིམ་༼བཞིན་བསྒོམ་པ་༽བཞིན་ནེ།
།༼གོང་དུ་བསྟན་པའི་ལག་ལེན་གྱི་་་་་་གི་་་་་་པ་ཐོན་ནས་༽རི་བོང་༼ཅན་་་་་བྱང་ཆུབ་ཀྱི་སེམས་དབང་གི་གནས་སུ་༽དབབ་གཟུང་༼བ་དང་ད་་་ལ་བའི་བར་དུ་༽ལྡོག་༼པ་དང་་་ཀུན་ལ་༽དགྲམ་༼པ་དང་་༽རླུང་དང་བསྲེ།
།ཟག་མེད་ཡེ་ཤེས་ཆེན་པོས་བརྒྱན་པར་༼བར་འདུ་༽བྱའོ།
ལུས་གནད་མེའི་སྟོང་ར། གཏུམ་མོ་ཟས་སུ་ཟ་བ། གོས་སུ་གྱོན་པ། སྟན་དུ་འདིང་བ། སྲིད་པའི་དབང་ཞུ་བ། གེགས་རང་གྲོལ། རླུང་རྟར་ཞོན་པའོ།
།སྒྱུ་ལུས་༼ཀྱི་དོན་ནི་ལས་སྣང་༽བདེན་མེད་༼དུ་སྟོན་པ་༽དབང་པོ་རབ་༼དང་༽འབྲིང་༼ཐ་མ་༽གསུམ་༼མོ༽།
།༼རབ་བླ་མ་ལ་༽འབྲལ་མེད་མོས་གུས་༼དང་གསུམ་ཀ་ལ་༽རང་ལུས་༼དང་༽ཅིར་སྣང་ཀུན།
།༼ཡེ་ཤེས་ཀྱི་སྐུར་༽སྣང་སྟོང་༼ཞིང་་་་་་པོའི་ཁམས་ཀྱི་༽ཞེན་༼པ་སྟེ་བཟུངནི་གྱི་དྲི་མ་ཐམས་ཅད་དང་༽བྲལ་ལྷ་སྐུའི་༼རྣམས་ཐམས་ཅད་པ་༽ལམ་ཁྱེར་བྱ།
།༼དེས་འཁོར་བར་སྐྱེ་བའི་རྒྱུ་༽ཆགས་སྡང་༼གི་དྲི་མ་བག་ཆགས་དང་བཅས་པ་ལ་༽རང་གྲོལ་བཅུ་བཞིའི་ས་ཐོབ་༼པར་༽འགྱུར༼རོ༽།
།༼རྣལ་འབྱོར་པ་༽གང་གིས་༼འཇིག་རྟེན་གྱི་༽བསམ་པ་ཐམས་ཅད་ཡོངས་༼སུ་༽སྤངས་ནས།
།རྨི་ལམ་འདུན་པའི་གནད་༼ཡིན་པས་དེ་༽ལ་འབྲལ་༼བ་༽མེད་༼པར་༽བྱ༼འོ༽།
།༼དེས་མཚན་མོས་༽ཉིང་འཁྲུལ་རང་དག་༼ནས་༽སྒྱུ་མ་ལམ་རིམ་གྱི།
།ཡོན་ཏན་༼རྣམས་༽ཉིན་མཚན་༼གྱི་༽དུས་སུ་རང་ཤར་༼དུ་༽འབྱུང་༼ངོ༽།
།༼མ་ཟིན་པར་༽འཁྲུལ་འབྱམས་༼གཉིད་ཡང་ཡང་སད་པའི་༽སད་འབྱམས་༼བྱང་སེམས་ཉམས་པའི་༽བདེ་འབྱམས་༼རྨི་ལམ་རྨི་རུ་ཡེ་མ་འདོད་པའི་ཆད་ལྟར་དེས་པའི་༽སྟོང་འབྱམས་རྣམས་༼བྱུང་ན་བླ་མ་ལ༽།
།མོས་གུས་ཚོགས་གསོག་༼ཚོགས་གང་ཆེ་༽གེགས་༼དམིགས་པའི་གནད་ལ་སོགས་པས་༽སེལ་༼ཞིང་ཟུང་འཇུག་གིས་༽བརྒྱན་པར་བྱ༼འོ༽།
།འོད་གསལ་འཆར་༼བར་༽བྱེད་༼པའི་གནད་༽བླ་མའི་མོས་གུས་དང་༼གསོལ་འདེབས༽།
།བདེ་༼བ་༽ཆེན་༼པོ་མི་སློབ་པའི་ཟུང་འཇུག་ཐོབ་པའི་རྒྱུ་༽ཟག་བཅས་ཟག་མེད་༼སྟ་ཡས་བབས་དང་མས་བརྟན་གྱི་དགའ་བ་བཞིའི་ཉམས་ལེན་དང་དེ་དག་འཆད་པའི་སྒྱུ་ལུས་གནད་དང་༽ལྟ་སྟངས་ཀྱིས།
།བདེ་༼བ་དང་༽གསལ་༼བ་དང་༽མི་རྟོག་༼པ་གསུམ་༽དབྱེར་མེད་༼ཟུང་འཇུག་༽རང་ཤར་༼དུ་༽འབྱུང་༼ངོ་༽།
།སྦྱོར་༼བ་དང་༽དངོས་༼གཞི་དང་༽རྗེས་གསུམ་༼གྱིས་༽དུས་གནད་༼ཀྱིས་༽བརྒྱན་པར་བྱ།
།༼གདོད་མ་ནས་གནས་པའི་༽འོད་གསལ་མངོན་༼དུ་༽གྱུར་༼པའི་བླ་མ་༽དམ་པ་ཉམས་མྱོང་ཅན་༼གྱིས༽།
།༼སློབ་མའི་འོད་གསལ་གྱི་༽འཆར་སྒོ་༼ངོ་སྤྲོད་ཅིང་༽བོགས་འདོན་༼དང་༽གེགས་སེལ་༼གྱིས་༽བརྒྱན་པར་བྱ༼འོ༽།
།༼གང་དུ་༽འཕོ་༼བར་༽བྱ་༼པའི་ཡུལ་དང་༽༼གང་༽འཕོ་༼བར་༽བྱེད་༼པའི་དམིགས་པ་དང་༽བྲལ་བ་༼ནི་དབང་པོ་༽ཡང་རབ་༼ཀྱི་འཕོ་བ་༽སྟེ།
།༼དབང་པོ་༽འབྲིང་དང་ཐ་མས་༼ཚེ་འདིའི་འཁོར་ཡུལ་སོགས་ལ་༽ཆགས་སྡང་སྤངས་བྱས་ནས།
།༼དག་པའི་ཞིང་དུ་འགྲོ་སྙམ་པའི་༽དགའ་ཞིང་༼འཕོ་ཡུལ་ལ་༽མོས་གུས་༼དང་༽དམིགས་པ་རྩེ་གཅིག་གིས།
།༼རྣམ་ཤེས་༽གྱེན་དུ་འཕང་ཞིང་སྨོན་ལམ་༼རྒྱ་ཆེར་བཏབ་པས་༽བརྒྱན་པར་བྱ༼འོ༽།
།༼ངེས་པའི་འཆི་ལྟས་བྱུང་བའི་༽དུས་གནད་༼སྐྱིལ་ཀྲུང་ཙོག་པུ་སོགས་༽ལུས་གནད་ངག་གནད་༼བསྲེ་འཕོར་སྦྱངས་པའི་ཡི་གེ་ཕྱེད་དང་གཉིས་པས་ང་རོ་དྲག་ཏུ་བརྗོད་པ་ཡིས། ཞེས་པ་ལྟར། ཧིཀ་གི་སྒྲ་དང་ལྡན་པ་༽རྫས་གནད་༼བྱང་སེམས་དཀར་དམར། ཚ་བ་གསུམ་མི་ཀླད་རྣམས་ཀྱིས་སྤྱི་བོར་བྱུགས་པར་བྱས་༽ལ།
or Gyurme Dechen: །༼ངེས་པའི་འཆི་ལྟས་བྱུང་བའི་༽དུས་གནད་ལུས་གནད་༼སྐྱིལ་ཀྲུང་ཙོག་པུ་སོགས་༽རྫས་གནད་༼བྱང་སེམས་དཀར་དམར་འཚལ་ལ་མིའི་གླད་པ་རྣམས་སྤྱི་བོར་བྱུགས་པ་སྲེ་འཕེར་༽ངག་གནད་༼སྦྱང་བ་ཡི་གེ་ཕྱེད་དང་གཉིས། ང་རོ་དྲག་ཏུ་བརྗོད་པ་ཡིས། ཞེས་པ་ལྟར། ཧིཀ་གི་སྒྲ་དང་ལྡན་པར་བྱས་༽ལ།
།༼མངོན་དུ་༽སྦྱངས་ཤིང་བརྟན་༼པ་ཐོབ་༽པའི་འཕོ་བ་༼ནི་༽མཆོག་ཡིན་ནོ།
།༼རབ་༽བར་དོ་༼དང་པོའི་༽སྣང་༼མཆེད་ལ་༽སོགས་༼པའི་༽འོད་གསལ་༼འབྲིང་ལོངས་སྤྱོད་རྫོགས་པའི་༽ལྷ་སྐུ་དང་།
།༼ཐ་མ་སྐྱེ་སྒོ་དགག་སྟེ་༽གང་འདུལ་སྤྲུལ་སྐུ་༼གསུམ་ལྡན་དུ་ལྡང་བར་བྱས་པ༽འི་མཚམས་སྦྱོར་༼ཆགས་སྡང་གི་ཡུལ་ལ་༽སྐྱོ་ཤས་༼བསྐྱེད་པ་༽གནད་ཡིན་ནོ།
།༼ཕ་མ་ལ་༽ཆགས་སྡང་༼དང་༽ཕྲག་དོག་༼རྣམས་༽འོད་གསལ་ལྷ་སྐུ༼འི་སྤྲུལ་བསྒྱུར་གྱི༽ས་སྦྱངས་༼ཤིང་ཡུད་ཙམ་བསྒོམས་ནས༽།
།༼ཤེས་༽སྒྲིབ་༼དང་ཉོན་སྒྲིབ་༽གཉིས་རང་དག་༼ཏུ་གྱུར་ནས་༽སྐུ་གསུམ་མངོན་དུ་འགྱུར་༼རོ༽།
༼༼དབང་པོ་རབ་༽བར་དོ་དང་པོའི་༼གཞི་དུས་ཀྱི་༽འོད་གསལ་རང་ཤར། ༼དབང་པོ་༽འབྲིང་རྒྱལ་བ་ལོངས་སྐུ་༼རྒྱུ་མའི་ལྟ་༽རང་ཤར། ༼དབང་པོ་༽ཐ་མ་༼སྨོན་ལམ་གྱི་༽སྤྲུལ་སྐུ་འགག་མེད་རང་ཤར། ༼ལམ་༽སྤྱི་གནད་༼ནི་༽འཆུག་མེད་༼གསུམ་༽ལམ་ཁྱེར་རོ།༽
།གཟུགས་༼དང་༽སྒྲ་༼དང་ཤུགས་ཀྱིས་བསྟན་པའི་དྲི་རོ་རེག་བྱ་རྣམས་དང་༽ས་༼དང་༽ཆུ་༼དང་ཤུགས་བསྟན་མེ་རླུང་རྣམ་ཤེས་རྣམས་འོད་གསལ་ལ་ཐིམ་པ་ལས་༽སྣང་༼བ་དང་༽མཆེད་༼པ་ལ་༽སོགས་པ་ཡིས།
།ཐིམ་༼པའི་༽འགྲོས་༼ལས་ཞེ་སྡང་གི་རྟོག་པ་སོ་གསུམ། ཆགས་པའི་བཞི་བཅུ། གཏི་མུག་གི་བདུན་ཏེ་༽རང་བཞིན་བརྒྱད་ཅུ་༼དང་བྲལ་བའི་ཆོས་སྐུ་ངོ་༽ཤེས་པར་བྱ༼འོ༽།
།ལོག་ལྟས་རྒྱུད་དཀྲུགས་རྩོད་ལྡན་སྙིགས་མ་༼ལྔ༽འི་དུས།
།ཡང་དག་༼པའི་༽ཆོས་ནི་༼དཔེ་༽ཉིན་སྐར་༼དང་༽རུས་སྦལ་སྤུ་༼བཞིན་དུ་དཀོན་ནོ༽།
།ལོག་ཆོས་ཚོང་འདུས་འོ་མའི་ཆོས་སྤྱོད་ཚེ།
།ཉམས་མྱོང་༼དང་རྒྱལ་བའི་བཀའ་ཡན་ལག་ལྔ་པའི་༽ལུང་དང་ཐེམ་ཡིག་༼གིས་༽བརྒྱན་པ་གཅེས།
།ལམ་གྱི་མཆོག་༼ཏུ་༽གྱུར་༼པ་༽འདི་ཉིད་ཉམས་༼སུ་༽ལེན་༼པ་པོ་༽རྣམས།
།༼སྐྱེ་བ་ཕྱི་མ་སོགས་༽གཞན་གྱི་དུས་མིན་༼རབ་༽འདི་འམ་༼འབྲིང་༽བར་མ་དོར།
།བདེ་༼བ་དང་༽སྟོང་༼པ་༽དབྱེར་མེད་༼པའི་༽སྐུ་གསུམ་རང་༼རང་༽ཤར་ནས།
།རྣམ་པར་དག་པའི་མཁའ་སྤྱོད་༼ཆེན་པོ་མི་སློབ་པའི་ཟུང་འཇུག་༽ཉིད་དུ་འགྲོ།
།འདི་ཉིད་མི་རབས་བདུན་༼ཏེ་སངས་རྒྱས་སྟོན་པའི་བར་༽དུ་ཆིག་བརྒྱུད་ལས།
།མི་སྤེལ་༼བར་༽རྡོ་རྗེའི་རྒྱ་ཡིས་གདབ་པར་བྱའོ།།
ཆོས་དྲུག་རྡོ་རྗེའི་ཚིག་རྐང་ཞེས་བྱ་བ་རྫོགས་སོ།།
ཡེ་ཤེས་ཀྱི་ཌཱ་ཀི་མའི་ཞལ་སྔ་ནས། ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བའོ།། བདག་ཁྱུང་པོ་རྣལ་འབྱོར་པས་གསེར་སྲང་ལྔ་བརྒྱ་ཕུལ་ནས་ཞུས་ཏེ་ཉམས་སུ་མྱོང་བར་བྱས་པའོ།། ཕྱིས་ཐོ་ལིང་དུ་ལོ་ཙཱ་བ་རིན་ཆེན་བཟང་པོས་ཀྱང་གཏན་ལ་ཕབ་པའོ།
རྡོ་རྗེའི་ཚིག་རྐང་ལ་ཁྱུང་པོའི་མཆན་དཀྱུས་སུ་ཤོར་བ། བུདྡྷ་ཤྲཱིས་གཞུང་མཆན་སོ་སོར་ཕྱེ་ཞིང་། མཆན་བུ་ཅུང་ཟད་གནང་བ་ལ་སླར་ཡང་སྐད་གཉིས་སྨྲ་བ་འགྱུར་མེད་བདེ་ཆེན་གྱི་བློ་གྲོས་ཀྱིས་ཞིབ་ཏུ་དཔྱད་ཅིང་། རྒྱས་པར་བཀོད་པ་འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེ་བར་གྱུར་ཅིག ༼།འདིའི་ཚིགས་བཅད་རྣམས་རྡོ་རྗེའི་ཚིག་རྐང་དངོས་དང་། བར་གྱི་ལྷུག་པ་རྣམས་ཁྱུང་པོས་མཁའ་འགྲོ་མའི་ཞལ་ཤེས་ཡི་གེར་བཀོད་པར་སྣང་། འདི་ལ་ལོ་ཆེན་འགྱུར་མེད་བདེ་ཆེན་གྱི་རྒྱས་འགྲེལ་ཡོད་དོ།༽ །སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ།