Bdag gi don mngon du byas pa'i yi ge

From Shangpa Resource Center
Revision as of 10:29, 15 September 2024 by Sengue (talk | contribs)








Resource ID YL1
Title bdag gi don mngon du byas pa'i yi ge
Topics Biography
Author Yenpa Lodé
Associated Person Künga Drölchok
Lekpa Gyeltsen
Link BDRC W00KG0638

བདག་གི་དོན་མངོན་དུ་བྱས་པའི་ཡི་གེ
།ངོ་མཐོང་གི་བྱིན་ཆེན་བརྩལ་བའི་བླ་མ་རྒྱ་སྒོམ་ལེགས་པ་རྒྱལ་མཚན་ལ་ཕྱག་འཚལ་ལོ།
།ཁོ་བོས་ལོ་དྲུག་ལོན་པའི་དུས་སུ་ཕ་མའི་ཁྱིམ་དུ། དགེ་སློང་ཐུགས་རྗེ་དཔལ་མགོན་ལ། ཕྱག་ན་རྡོ་རྗེའི་མངོན་རྟོགས་ཁ་སློབ་བྱས་པས། དེའི་དུས་སུ་ཨོཾ་ཤཱུ་ནྱ་ཏ་ཞེས་བརྗོད་པའི་ཚེ། དམིགས་པ་ཇི་ལྟ་བུ་ཅིག་བསྒོམ་བྲིས་པས། ཐམས་ཅད་མེད་པའི་སྟོང་པ་ཅིག་བསྒོམ་པ་ཡིན་ཟེར། བདག་གིས་དེ་བཞིན་དུ་བསྒོམས་པས། སྟོང་པར་སྒོམས་ཀྱང་རིག་རིག །ཏུར་ཏུར་པོ། བཞིག་ཏུ་མེད་པ་ཅིག་ཁོ་ན་འདུག དེ་སློབ་དཔོན་ལ་བཟླས་པས་འུ་རང་གི་བློ་ཡུལ་ཡིན་མཆིས། འདིའི་སྐབས་སུ་དམིགས་པ་སྟོང་པར་སྒོམ་པ་འདི་ཁ་བླ་མ་ཐམས་ཅད་གསུང་གསུང་། དེའི་དུས་སུ་ངོ་བོ་འདི་མཐོང་བར་རིགས་པ་ཡིན་པ་ལ། སྒྲིབ་པའི་དབང་གིས་མ་མཐོང་བར་འདུག
།དེ་ནས་ལོ་བདུན་པ་ལ། དྲུང་པ་ཆོས་རྗེའི་དྲུང་དུ་གཤིན་རྗེ་གཤེད་དམར་གྱི་དབང་ཞུས་པའི་ཡེ་ཤེས་དབབ་པའི་སྐབས་སུ་ཡང་ངོ་བོ་འདི་ཨེན་ཙམ་ཅིག་མཐོང་འདུག་སྟེ་ངོ་མ་ཤེས་པར་སྐྲག་སྣང་འཇིགས་ཆུམ་ཆུམ་པ་རང་བྱུང་འདུག
།དེ་ནས་ལོ་ཉི་ཤུ་རྩ་བདུན་གྱི་བར་པ་བཀར་གྱི་བླ་མ་བཟང་ལ་མང་བ་རང་གི་དྲུང་དུ། དབང་བྱིན་རླབས། རྗེས་སྣང་ཁྲིད་བཀའ་ལུང་གྲངས་མེད་ཉན་ཡང་། སྐལ་བ་ངན་པས་མ་རྟོགས་ཤིང་། གོམས་འདྲིས་སུ་སོང་ནས་ཡིད་དཔྱོད་རང་གི་ང་ལ་ལ། ངོ་སྤྲོད་ཀྱི་ཚུལ་དུ་བཅོས་པའི་ཟབ་ཁྲིད་བསྐྱངས་ཀྱང་ཡི་བཟོའི་དྲིས་མལ་དུ་ཀ་འགྲོ་བ་ལས་ཡིད་ཆེས་པའི་བོགས་བསྐྱེད་ཅིག་ནི་གཏན་ནས་མ་བྱུང་།
ལོ་ཉེར་བརྒྱད་ཀྱི་ངོར་བལྟས་པ་ཙམ་ལ་ཕ་རིན་པོ་ཆེ་རྒྱ་སྒོམ་དྲུང་གིས་ཕྱག་ཆེན་གའུ་མའི་ངོ་སྤྲོད་གནང་དུས་སུ། ངོ་བོ་ཇི་ལྟ་བ་གཟིགས་གསལ་དུ་ཕེབས་འདུག་པའི་ཚེའང་ཁོ་བོའི་བསམ་བློ་ལ། བདག་ལ་རྟོགས་པ་ཤར་བ་མི་སྲིད་དོ།
།མྱོང་བ་བཟང་པོ་གཅིག་སྐྱེས་པོ་སྙམ་དུ་སེམས་པ་ལས། རྗེས་མ་དེ་ཉིད་ཁོ་ན་རྟོགས་པར་འདུག་པས། ཐུགས་དམ་བགྱིས་ཀྱང་རང་བབས་དེ་ཉིད་ཀྱི་སྟེང་དུ་ལྷན་ལྷན་འགྲོ་བ་མ་གཏོགས་བློ་རིགས་ཟུར་པ་ཅིག་གིས་བསྐྱེད་འདོན་རྒྱུ་མི་འདུག །རེས་འགའ་ནི། ཞག་ཁ་ཤས་ཀྱི་བར་ལ་དེ་ཁའི་ངང་དུ་ལྟེམ་ལྟེམ་འགྲོ། ང་ནི་ཁོ་ཤར་ཀྱང་རུང་། མ་ཤར་ཀྱང་རུང་། འཕེལ་འགྲིབ་དང་བཟང་ངན་གང་ཡང་མི་འདུག་གོ
།དེ་ཕྱིན་ཆད་དགོངས་པའི་དོན་འདི་ལས་འདའ་རྒྱུ་ཤིག་ཙམ་ཡང་མི་འདུག་སྙམ་པའི་ཡིད་ཆེས་ཡང་དག་པ་སྙིང་གི་དཀྱིལ་ནས་བྱུང་བས་སྔ་ཕྱིའི་བླ་མ་ཇི་སྙེད་པའི་སྐུ་གསུང་ཐུགས་ཀྱི་རང་བཞིན་སྤྲོ་བ་དང་བསྡུད་པའི་མཛད་པོ་རྡོ་རྗེ་འཆང་ཆེན་པོ་མི་ཡི་གཟུགས་ཀྱི་རྒྱུད་འཕྲུལ་དྲ་བར་བསྟན་པ། རྒྱ་སྒོམ་གཅིག་པུ་ལ་བློ་ཁ་ཞེ་མེད་པར་གཏོད་པ་འདི་ཡིན་ཞིང་། མི་སྲུན་གྱི་ཐ་སྙད་ཙམ་གྱི་ངོར་རབ་ཏུ་བྱུང་བའི་སྐྲ་སྤར་གང་པོ་ཕྱག་ཏུ་ཕུལ། སེར་ཚུགས་དཀོན། མིང་གནང་བས་རྗེ་བཙུན་ཀུན་དགའ་མཆོག་གྲུབ་ཀྱི་གྲྭ་རིགས་སུ་གཏོགས་ཤིང་རྗེས་འཇུག་དུ་ཁས་མཆེ་བ་ལགས་སོ། །མདོར་ན་བདག་གི་རྩ་བའི་བླ་མ་རྣམས་རྒྱ་སྒོམ་དུ་འདུས་ན་དེས་ཆོག །མ་འདུས་ན་གང་མ་ལུས་པ་དེ་སྐྱུར་ཞོག །མཆོག་ཐུན་མོང་གི་དངོས་གྲུབ་སུ་ལའང་ཞུ་སྒོ་རེ་ལྷག་ཡོད་རེ་ཀན། གླ་བོ་བརྗོད་བྱ་མེད། ཅི་བྱུང་བྱུང་ཡིན། དོན་དེར་ཐག་ཆོད་ལགས་སོ།
བྱ་བཏང་ཡན་པ་བློ་བདེའི་བརྗེད་བྱང་ལི་ཁི་ཏཾ། ཤུ་བྷཾ།།