Khyung po mdzad pa'i rab gnas bka' rgya ma
Resource ID | SCv4p109 |
---|---|
Title | rig 'dzin khyung po rnal 'byor gyis mdzad pa'i rab gnas bka' rgya ma |
Topics | Consecration |
Author | Khyungpo Neljor |
༄༅། །རིག་འཛིན་ཁྱུང་པོ་རྣལ་འབྱོར་གྱིས་མཛད་པའི་རབ་གནས་བཀའ་རྒྱ་མ་བཞུགས་སོ།།
སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་གངྒའི་ཀླུང་གི་བྱེ་མ་རྙེད་ཕྲག་བདུན་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །དགྲ་བཅོམ་པ་རྣམས་ལ་ཕྱག་འཚལ་ལོ། །ཕྱིར་མི་འོང་བ་རྣམས་ལ་ཕྱག་འཚལ་ལོ། །ལན་གཅིག་ཕྱིར་འོང་བ་རྣམས་ལ་ཕྱག་འཚལ་ལོ། །རྒྱུན་དུ་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །འཕགས་པ་བྱམས་པ་ལ་སོགས་པའི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ་ཕྱག་འཚལ་ལོ། །བརྟུལ་ཞུགས་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ། །མཐུ་སྟོབས་ཀྱི་བདག་པོ་རྣམས་ལ་ཕྱག་འཚལ་ལོ། །སེམས་ཅན་གྱི་དོན་དུ་སྨོན་པ་རྣམས་ལ་ཕྱག་འཚལ་ལོ།
དེ་རིང་རྒྱུ་སྦྱོར་ཡོན་གྱི་བདག་པོ་རྣམས་དང་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྔོན་གྱི་སྨོན་ལམ་དང་ཐུགས་རྗེའི་དབང་གྱིས་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ཁྱད་པར་ཅན་འདི་ ཁང་པ་ལྟ་བུ་ལ་ གནས་ཁང་འདི་ཉིད་དུ་ སོགས་དང་། གཞན་ཡང་། སྲུང་བའི་འཁོར་ལོ་འདི་ཉིད་ལ་ ཞེས་སོགས་ཇི་ལྟར་རིགས་པར་ཁ་བསྒྱུར་བར་བྱའོ། །རྣམས་ལ་འབྱོན་པ་དང་། རབ་ཏུ་གནས་པར་མཛད་དུ་གསོལ། ཅེས་ལན་གསུམ་དང་རྟེན་འབྲེལ་སྙིང་པོ་བརྗོད།
སངས་རྒྱས་ཀྱི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ། ཐུགས་ཟག་པ་མེད་པའི་བདེ་བ་དང་ལྡན་པ། བདེ་བ་ཆེན་པོ་བདེ་བ་བླ་ན་མེད་པ། བྱང་ཆུབ་ཆེན་པོ་ཆོས་ཀྱི་སྐུ་ཆོས་ཐམས་ཅད་མི་གནས་པའི་ངོ་བོར་རབ་ཏུ་གནས་པར་བགྱིའོ། ཞེས་ལན་གསུམ་བརྗོད་ལ་སླར་ཡང་རྟེན་འབྲེལ་སྙིང་པོ་བརྗོད།
ཇི་སྲིད་མེ་དང་ཆུ་དང་ནི། །རླུང་གི་བསྐལ་པས་འཇིག་པ་དང་། །ཇི་ལྟར་ནམ་མཁའ་གནས་ཀྱི་བར། །སྟོན་པ་ཁྱོད་ནི་བཞུགས་སུ་གསོལ།
ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སཱ་ཧཱ།
མི་འགྱུར་ལྷུན་པོ་སོགས་ཤིས་བརྗོད་ཀྱི་ཚིགས་སུ་བཅད་པ་ཅི་རིགས་བརྗོད་པར་བྱའོ། །སརྦ་དཱ་སུ་པྲ་མངྒ་ལཾ་བྷ་ཝནྟུ།། །།