Sems 'chi med kyi 'grel pa zung 'jug gsal ba
Resource ID | SCv10p99 |
---|---|
Title | sems 'chi med kyi 'grel pa zung 'jug gsal ba |
Alt. title | 'chi med ye shes chen po'i khrid yig zung 'jug gsal ba |
Topics | Immortality |
Sub-Topics | Commentary |
Author | Sangyé Pelsang |
Link | BDRC W23922 BDRC W3CN18508 (v2p.170) |
༄༅། །སེམས་འཆི་མེད་ཀྱི་འགྲེལ་པ་ཟུང་འཇུག་གསལ་བ་བཞུགས་སོ།།
༄༅། །མཉམ་མེད་ཆེན་པོ་སངས་རྒྱས་དཔལ་བཟང་པོའི་ཞལ་མངའ་ནས་མཛད་པ་ལགས་སོ།།
འཆི་མེད་ཡེ་ཤེས་ཆེན་པོའི་ཁྲིད་ཡིག་ཟུང་འཇུག་གསལ་བ་ཞེས་བྱ་བ།
འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ།
།སྐྱེ་དང་འཆི་བའི་རྒུད་པ་ལས་སྒྲོལ་ཞིང་། །ཡེ་ཤེས་སྒྱུ་མ་རྟག་པའི་སྐུ་བརྙེས་པ། །ཁྱབ་བདག་བླ་མའི་ཞབས་ལ་གུས་བཏུད་ནས། །འཆི་མེད་ཁྲིད་ཀྱི་རིམ་པ་འདིར་བཤད་བྱ། །འདིར་རིགས་དྲུག་པ་རྡོ་རྗེ་འཆང་ཆེན་གྱིས། ཡེ་ཤེས་ཀྱི་མཁའ་འགྲོ་ནཻ་གུ་མ་ལ་གསུངས་པའི་འཆི་མེད་ཡེ་ཤེས་ཆེན་པོའི་ཁྲིད་སྟོན་པར་བྱེད་པ་ལ། མཚན་གྱི་དོན་དང་། མཚན་ཅན་གཞུང་གི་དོན་གཉིས་ལས།
དང་པོ་ལ་མཚན་བསྒྱུར་བ་དང་། བཤད་པ་གཉིས་ལས།
དང་པོ་ནི་རྒྱ་གར་གྱིས་སཾ་སྐྲྀ་ཏའི་སྐད་དུ། ཤྲཱི་ཨ་མ་ར་ཛྙཱ་ན་མ་ཧཱ་ན་མ། ཞེས་པ་བོད་ཀྱི་སྐད་དུ་བསྒྱུར་ན། དཔལ་འཆི་མེད་ཡེ་ཤེས་ཆེན་པོ་ཞེས་བྱ་བའོ།
།གཉིས་པ་ནི། དེ་ལྟ་བུའི་གནས་ལུགས་ཀྱི་འཆི་མེད་དེ་ནི། སྐྱེ་འཇིག་དང་འགྱུར་བའི་སྒྲིབ་པས་མ་གོས་པས་འཆི་མེད། ཐབས་ཤེས་གཉིས་སུ་མེད་པའི་འོད་གསལ་གྱི་སྐུ་ཡིན་པས་ཡེ་ཤེས། དེའི་གོང་ན་གཞན་མེད་པས་ཆེན་པོའོ།
།མཚན་ཐོག་མར་སྨོས་པ་ནི། དོན་རགས་པ་རྟོགས་པར་བྱེད་པ་དང་། དཔེ་བཙལ་སླ་བའང་ཡིན་ནོ།
།དཔལ་འཆི་མེད་ཡེ་ཤེས་ཆེན་པོ་ལ་ཕྱག་འཚལ་ལོ། །ཞེས་པ་ནི། ལོ་ཙཱ་བས་འགྱུར་མཐར་ཕྱིན་པའི་དོན་དུ་ཕྱག་བྱས་སོ།
།གཉིས་པ་ནི། སེམས་ཅན་ཐམས་ཅད་ཀྱང་གནས་ལུགས་ལ་སྐུ་གསུམ་རང་ཆས་སུ་ཡོད་པ་དེ། འཁྲུལ་པའི་དྲི་མས་སྒྲིབས་ནས་མི་གསལ་ཞིང་མ་རིག་པས་འཁོར་བར་འཁྱམས་པ་ལ། ལམ་ཟབ་མོ་འདི་བསྒོམས་པས་འཁྲུལ་པའི་དྲི་མ་སངས་ནས། སྐུ་གསུམ་བདེ་བ་ཆེན་པོ་མངོན་དུ་འགྱུར་བ་ཡིན་ཏེ།
ཁྱུང་པོས་མཛད་པའི་གཞི་ལམ་འབྲས་གསུམ་ལས། །གཞི་སྐུ་གསུམ་རང་གནས། ལམ་སྐུ་གསུམ་ལམ་ཁྱེར། འབྲས་བུ་སྐུ་གསུམ་མངོན་དུ་གྱུར། ཞེས་གསུངས་པའི་དོན་ནོ།
།དེའི་དོན་སྟོན་པར་བྱེད་པ་ལ་གསུམ། ལམ་དེ་གང་ལས་ཐོས་པ། འཆད་ཉན་གྱི་དོན་ངེས་པར་བྱེད་ཚུལ། ཉམས་ལེན་གྱི་དོན་རྟོགས་པར་བྱེད་པའོ།
།དང་པོ་ནི། རྒྱལ་བ་ལོངས་སྐུ་རྡོ་རྗེ་འཆང་ཆེན་གྱི། །འཆི་མེད་ཡེ་ཤེས་རང་སྒྲ་འདི་སྐད་ཐོས། །ཞེས་གསུངས་པ་ནི།
ཆོས་སྐུའི་ངོ་བོ། ལོངས་སྐུའི་རྣམ་པ། སྤྲུལ་སྐུའི་ཕྲིལ་ལས་ཅན་རྡོ་རྗེ་འཆང་ཆེན་དེའི་གསུང་རྣམ་པ་ཐམས་ཅད་པ་གཞོམ་དུ་མེད་པས། འཆི་མེད་ཡེ་ཤེས་ཀྱི་རང་སྒྲ་སྟེ། བཅོས་མ་མ་ཡིན་པ་འདི་སྐད་དུ། ནཻ་གུ་མ་བདག་གིས་ཐོས་ཞེས་པའོ།
།གཉིས་པ་འཆད་ཉན་གྱི་དོན་ངེས་པར་བྱེད་ཚུལ་ལ་གཉིས་ལས།
དང་པོ་ཉན་པ་པོ་སློབ་མའི་མཚན་ཉིད་ནི། །གང་ཞིག་དད་ལྡན་དབང་ཐོབ་དམ་ཚིག་ཅན། །ཞེས་གསུངས་ཏེ།
སློབ་མ་མི་ཕྱེད་པའི་དད་པ་ལྡན་པས། དཔལ་རྒྱུད་སྡེ་ཆེན་པོ་ལྔའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་དང་། དེའི་དགོས་ཀྱི་བྱིན་རླབས་ཀྱང་ཐོབ། དམ་ཚིག་རྣམས་དང་ལྡན་ལ། ཆོས་དྲུག་དང་། ལམ་ཁྱེར་གསུམ་དང་། གའུ་མའི་ལམ་རྣམས་བསྒོམ་པ་སྔོན་དུ་སོང་བ་ཅན་ནོ།
།གཉིས་པ་སྟོན་པ་པོ་བླ་མ་མཆོག་ལ་བརྟེན་ནས་རྟོགས་ཚུལ་ནི། བླ་མ་མཆོག་བརྟེན་འདི་དོན་རྟོགས་པར་གྱིས། །ཞེས་གསུངས་ཏེ།
བླ་མ་མཆོག་ནི་དབང་ཐོབ་དམ་ཚིག་ལྡན་རྒྱུད་ཤེས་མན་ངག་དང་ལྡན་པས། སློབ་མའི་རྒྱུད་ལ་ཚིག་དང་ཉམས་མྱོང་གི་རིམ་པ་རྟོགས་སླ་བའི་བརྡའ་སྤྲོད་པར་བྱེད་ཅིང་རྟེན་དེ་རྟོགས་པར་གྱིས་ཞེས་པའོ།
།གསུམ་པ་ཉམས་ལེན་གྱི་དོན་རྟོགས་པར་བྱེད་པ་ལ། སྔོན་འགྲོ་དང་། དངོས་གཞི་དང་། རྗེས་ཀྱི་ཆོས་གསུམ་ལས།
དང་པོ་ལ་གཉིས་ལས།
ཐུན་མོང་གི་སྔོན་འགྲོ་ནི། གང་ཞིག་ཚེ་འདིར་བློས་བཏང་ནས། །རྩེ་གཅིག་ཞག་བདུན་ལོ་ཟླ་ཡི། །ཇི་ལྟར་ཉོན་མོངས་ལུས་དག་ལ། །ཡེ་ཤེས་ལུས་འདི་རང་དགར་འབྱུང་། །ཞེས་གསུངས་ཏེ།
འདི་བསྒོམ་པའི་སྐྱེས་བུ་སྙིང་སྟོབས་དང་ལྡན་པ་དེས། གནས་དབེན་པར་འདུག་ནས་འདི་ལྟར་བསམ་པར་བྱ་སྟེ། །བདག་གིས་མི་ལུས་ཁྱད་པར་ཅན་ཞིག་སྔོན་བསོད་ནམས་རྒྱ་ཆེར་བསགས་ཤིང་ཚུལ་ཁྲིམས་བསྲུངས་པའི་མཐུས་ཐོབ་འདུག་པ། འདི་དུས་སྙིགས་མ་ལྔས་བསྣུན་པས་ནམ་འཆི་ཆ་མེད་དུ་འདུག་པས། ཤི་ན་ཅུགས་བྱེད་སྙམ་དུ་ཡང་ཡང་བསམ། ཤི་ནས་མེད་འགྲོ་ན་ལྟ་དྲག་སྟེ། མེད་མི་འགྲོ་སྐྱེ་བ་ལེན་དགོས། སྐྱེ་བ་མཐོ་དམན་དགེ་སྡིག་ལ་རག་ལུས་འདུག་ནའང་། གོམས་པའི་དབང་གིས་དགེ་བ་ནི་མ་སྒྲུབས། སྡིག་པ་ནི་ཞོར་ལའང་བསགས་པས་སྐྱེ་བ་ངན་འགྲོ་ལས་མ་འདས་པ་འདུག །ད་ཅུག་བྱེད་སྙམ་དུ་ཡང་ཡང་བསམ། དམྱལ་བ་ན་ཚ་གྲང་། ཡི་དྭགས་ན་བཀྲེས་སྐོམ། དུད་འགྲོ་ན་བཀོལ་སྤྱད་ཀྱི་སྡུག་བསྔལ་དོས་དྲག་ལ་རྒྱུན་རིང་བ་ཡོད་དོ།
།ད་ལྟ་ནི་མེ་སྟག་སྤར་མ་རེ་ཕོག་པ་དང་། གོས་ཧྲུལ་གྱི་སྲུབས་ཀྱི་རླུང་དང་། ཉིན་རེའི་ལྟོ་འགྱངས་པ་དང་། རང་རེ་གཞན་གྱིས་མནར་བ་ལ་བསམ་ནའང་བཟོད་ཐབས་མེད། ཅི་དྲག་སྙམ་དུ་ཡང་ཡང་བསམ། དེར་མ་ཟད་བདེ་འགྲོ་ནའང་། མི་ལ་སྐྱེ་འཆི། ལྷ་མིན་ལ་འཐབ་རྩོད། ལྷ་ལ་གནད་གཅོད་འཆི་འཕོ། ཁམས་གོང་མར་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཡོད་ཅིང་སྐྱིད་མེད་པས། ད་འཁོར་བ་འདི་ལས་ཅི་ཐར་གཅིག་བྱེད་དགོས་ཏེ། དེ་ལ་ཐབས་ཟབ་མོ་འཆི་མེད་ཀྱི་ལམ་འདིས། རབ་ཞག་བདུན། འབྲིང་ཟླ་བ་བཞི། ཐ་མ་འང་ལོ་གཅིག་ཏུ་བསྒོམས་ན་རྣམ་སྨིན་གྱི་ལུས་འདི་ལས། ཡེ་ཤེས་ཀྱི་ལུས་རང་དགར་འབྱུང་བར་གསུངས་འདུག་ནའང་། བདག་སྡིག་སྒྲིབ་ཆེས་བས། ཚེ་ཐུང་འདིས་ཅི་ཐུབ་ཏུ་འབད་དགོས་སྙམ་དུ་ཡང་ཡང་བསམ་མོ།
།གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ནི། །ཚད་མེད་སེམས་བསྐྱེད་སྔོན་འགྲོ་བས། ཅེས་གསུངས་པས།
ད་ནི་སྐྱབས་བཟང་པོ་གཅིག་འཚོལ་དགོས། རྗེ་དཔོན་དང་ལྷ་འདྲི་ནི་ང་རང་དང་འདྲ། ཕྱི་མར་མི་ཕན་པའི་སྟེང་དུ་སྡིག་པ་ལ་སྦྱོར་བར་འདུག་པས། བསླུ་མེད་ཀྱི་སྐྱབས་དཀོན་མཆོག་གསུམ་མན་པ་རེ་ས་མེད། བློ་གཏད་ཐུབ་པ་ཁྱེད་ལས་མེད་པས། སྐྱིད་རུང་སྡུག་རུང་ཁྱེད་མཁྱེན་སྙམ་དུ་ཐུན་བཞིར་སྐྱབས་འགྲོ་བརྒྱ་རྩ་སོགས་བྱའོ།
།ང་གཅིག་པུར་མ་ཟད་སེམས་ཅན་ཐམས་ཅད་ངའི་ཕ་མ་ཡང་ཡང་བྱས་པའི་དྲིན་ཆེན་ཁོ་ནར་འདུག་ཀྱང་། སྔར་གྱི་སྡུག་བསྔལ་རྣམས་ཀྱིས་ཉམས་ཐག་འདུག་པ་སྙིང་རེ་རྗེ་སྙམ་དུ་ཡང་ཡང་བསམ། འདི་པ་ལའང་ངས་སངས་རྒྱས་གཅིག་ཐོབ་ནས་གདོད་ཕན་བདེ་རྒྱ་ཆེན་སྟེར་བས། འདི་རྣམས་ཀྱི་དོན་དུ་སངས་རྒྱས་བསྒྲུབ་སྙམ་དུ་བསམས་ལ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། ཅེས་སོགས་ཀྱི་སེམས་བསྐྱེད་ཡང་ཡང་བྱ། དེ་ནས་རང་ཡི་དམ་དུ་གསལ་བའི་སྤྱི་བོར་པད་ཉིའི་གདན་ལ་བླ་མ་རྡོ་རྗེ་འཆང་གི་རྣམ་པ་བསྒོམས། མཆོད་པ་ཕུལ་ནས། སེམས་ཅན་ཐམས་ཅད་དང་ཐབས་གཅིག་ཏུ་མོས་གུས་ཀྱི་གདུང་ཤུགས་དྲག་པོས། བརྒྱུད་པའི་གསོལ་འདེབས་ཀྱི་འཇུག་ཏུ། བླ་མ་རིན་པོ་ཆེ། བདག་འཛིན་བློ་ཡིས་ཐོངས་པར་བྱིན་གྱིས་བརླབ་ཏུ་གསོལ། དགོས་མེད་རྒྱུད་ལ་སྐྱེ་བར༴ རང་སེམས་འཆི་མེད་རང་གྲོལ་དུ་རྟོགས་པར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་གསོལ་བ་བཏབ་ལ། བླ་མ་སྤྱི་བོར་བསྟིམ་ལ་དབང་བཞི་བླང་ངོ་།
།གཉིས་པ་དངོས་གཞི་ལ་གསུམ། གཞིའི་གནས་ལུགས་ཀྱིས་ལྷ་སྐུ་དྲན་པར་བྱ་བ། ལམ་གྱི་རིམ་པ་བསྒོམས་པས་དེའི་དྲི་མ་འཁྲུད་པ། དེ་ལས་འབྲས་བུ་ཇི་ལྟར་ཐོབ་ཚུལ་བསྟན་པའོ།
།དང་པོ་ནི། ཆོ་ག་གསུམ་མམ་སྐད་ཅིག་གིས། །རང་ལུས་ཡི་དམ་ཡབ་ཡུམ་གྱི། །ཞེས་གསུངས་ཏེ།
བསྒོམ་པ་པོ་ཏིང་ངེ་འཛིན་གྱི་གསལ་སྣང་མ་ཐོབ་པ་ཡིན་ན།
ཆོ་ག་གསུམ་ནི། པད་ཉིའི་སྟེང་དུ་ཧཱུྃ་སྔོན་པོ་ལས་རྡོ་རྗེ་སྔོན་པོ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ་འོད་དུ་ཞུ་བ་ལས། རང་བདེ་མཆོག་ཡབ་ཡུམ་དུ་བསྒོམ།
གསལ་སྣང་རྙེད་པས་ནི། སྐད་ཅིག་གིས་པདྨ་དང་ཉི་མའི་སྟེང་དུ་རང་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དང་ལྡན་ཞིང་ཞལ་མཆེ་བ་བཞི་གཙིགས་པ། རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཡས་བརྐྱང་པས་དུས་མཚན་མ་དམར་མོ་དང་། གཡོན་བསྐུམ་པས་འཇིགས་བྱེད་ནག་པོ་བརྫིས་པ། རལ་པའི་ཅོད་པན་ལ་སྤྱི་བོར་རྡོ་རྗེ་ནོར་བུ་དང་། ཚོགས་མའི་གཡོན་དུ་ཟླ་ཕྱེད་དང་། དཔྲལ་བར་རྡོ་རྗེའི་ཕྲེང་བ་གཉིས་ལ་བརྒྱུས་པའི་ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། རྣ་བའི་རྒྱབ་ནས་དར་དཔྱངས་ཀྱིས་བརྒྱན་པ། མགོ་རློན་ཁྲག་འཛག་ལྔ་བཅུ་རྒྱུ་མ་ལ་བརྒྱུས་པའི་དོ་ཤལ་ཕྲག་པར་འཆང་བ། འཁོར་ལོ་རྣ་ཆ་མགུལ་རྒྱན་གདུབ་བུ་དྲུག་སྐ་རགས་མཆོད་ཕྱིར་ཐོགས་ཐལ་ཆེན་དང་བཅས་པའི་རུས་པའི་རྒྱན་དྲུག་གིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། དེའི་པང་ན་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ། ཞལ་གཅིག་ཕྱག་གཉིས་མ་སྤྱན་གསུམ་དང་ལྡན་པ་ཁྲོ་ཞིང་འཛུམ་པ། དབུ་སྐྲ་ནག་པོ་འཐུར་དུ་གྲོལ་བ། ཕྱག་གཡས་གྲི་གུག་དང་བཅས་པའི་སྡིག་པ་མཛུབ་ཡབ་ཀྱི་ཕྲག་གོང་ན་བརྐྱང་བ། གཡོན་ཐོད་པ་ཁྲག་གིས་གང་བ་འཛིན་པས་ཡབ་ཀྱིས་མགུལ་ནས་འཁྱུད་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་པས་ཡབ་ལ་འཁྲིལ་བ། གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་པ། དེ་ལྟ་བུ་ཡང་ནས་ཡང་དུ་གསལ་བར་བསྒོམ་མོ།
།གཉིས་པ་ལམ་གྱི་རིམ་པ་བསྒོམས་པས་དྲི་མ་འཁྲུད་པ་ལ་བཞི་སྟེ། །ཁ་དོག་ལ། དབྱིབས་ལ། རྒྱན་ལ་བསླབ་པ། དེའི་དོན་ངོ་སྤྲད་པའོ།
།དང་པོ་ལ་གཉིས་ཏེ།
ཕྱི་སྣང་བ་ནི། །སྤྱི་གཙུག་ས་བོན་འོད་ཟེར་གྱིས། །ལུས་ཀྱི་ཕྱི་ནང་ཐམས་ཅད་ཀུན། །དག་ཅིང་སྟོང་གསལ་ཉིད་སྦྱངས་པས། །སྣང་སྟོང་འཇའ་ཚོན་འོད་ཀྱི་སྐུ། །རང་བཞིན་མེད་བཞིན་སྐུ་མདོག་དང་། །ཅེས་གསུངས་ཏེ།
ཡབ་ཀྱི་སྤྱི་གཙུག་ཚངས་པའི་བུ་གའི་སྟེང་དུ་ས་བོན་ཧཱུྃ་སྔོན་པོ་མཚོན་གང་བ། སྔོ་བ་གསལ་བ། དངས་པ། འཚེར་བ། འོད་དང་འོད་ཟེར་གྱི་རང་བཞིན་ཅན། སྔོ་སིང་ངེ་བ་གཅིག་བསམ་མོ།
ཧཱུྃ་དེ་ཤིན་ཏུ་སྔོ་ཞིང་གསལ་བ་ལ་ལྟོས་ནས། ལྷ་སྐུ་དེ་ཡང་མོག་མོག་པོ་ལྟ་བུར་གྱུར། ཧཱུྃ་དེ་ལས་འོད་ཟེར་སྔོན་པོ་ཤིན་ཏུ་གསལ་བ་བྱུང་ནས། དཔེ་རི་མགོ་ནས་ཉི་མ་ཤར་བ་ལྟར་རིམ་གྱིས་བྱུང་ནས། འོད་ཀྱིས་འཕོག་པའི་དབུ་སྐྲ་རྣམས་བུང་བ་ལྟར་ནག་པ། སྐུ་མདོག་ནི་སྔོ་བ་དཔེར་ན་བཻ་ཌཱུརྱའྨ། ཨིནྡྲ་ནཱི་ལ་རྡུལ་གྱིས་གོས་པ་ལ་སྟེང་ནས་མར་ཆུ་བླུག་པས་ཆུ་སོང་བས་དག་ཅིང་བསལ་བ། མ་སོང་བ་མོག་གེ་ཡོད་པ་ལྟར་སྨིན་མཚམས་ཡན་སྔོ་སེང་ངེ་བ། འོད་ཀྱི་རང་བཞིན་དུ་བསམ་མོ། །མི་གསལ་ན་སླར་བསྐྱར་ཞིང་གསལ་བཏབ་བོ། །དེ་བཞིན་དུ་མགྲིན་པའི་བར་དུ་བྱ། །སྨིན་མ་གནག་ཅིང་སྤྱན་གསུམ་ཁྲ་ཧྲིག་པ། སྤྱན་རྩ་དང་། ཤངས་བུག་དང་། མཆུ་སྒྲོས་རྣམས་དམར་བ། ཚེམས་ཕྲེང་དང་། མཆེ་བ་བཞི་དཀར་བ། ཡང་། ཐུགས་ཀ་དང་། ལྟེ་བ་དང་། ཞབས་པུས་མོ་དང་། ཞབས་མཐིལ་གྱི་བར་དུ་སྦྱངས་པས། ཕྱག་ཞབས་ཀྱི་མཐིལ་རྣམས་དམར་ཞིང་། སེན་མོ་རྣམས་ཟངས་ཀྱི་མདོག་ལྟ་བུར་བསྒོམ།
།གཉིས་པ་ནང་སྦྱང་བ་ནི། སྤྱི་བོའི་འོད་ཟེར་ཚངས་བུག་ནས་ཞུགས་ཏེ། ཤ་ཁྲག་རུས་པ་ལ་སོགས་བེམས་པོའི་ཁམས་ཐམས་ཅད་སྦྱངས་ནས། སྨིན་མཚམས་ཡན་ཆད་ཀྱི་ནང་ཡང་གསལ་སྟོང་འོད་ཀྱི་རྣམ་པར་བསྒོམས་ཏེ། མཐར་ཞབས་མཐིལ་གྱི་བར་དུ་རིམ་པས་གསལ་གདབ། ཕྱག་གཉིས་ཀྱི་འང་། གྲུ་མོ་དང་། འཁྲིག་མ་དང་། སེན་མོའི་ནང་ཚུན་ཆད་སྦྱངས་ཏེ། དེའང་སྣང་སྟོང་འཇའ་ཚོན་ལྟ་བུའི་འོད་ཀྱི་སྐུ། བེམ་པོའི་ཁམས་ཀྱི་རང་བཞིན་མེད་བཞིན་དུ་སྐུ་མདོག་རྣམས་ཤིན་ཏུ་གསལ་བ་མངོན་དུ་གྱུར་གྱི་བར་བྱའོ། །དེ་བཞིན་དུ་ཡུམ་གྱི་སྤྱི་གཙུག་ཏུ་བཾ་དམར་པོ་མཚོན་གང་བ། དེ་ལས་འོད་ཟེར་པདྨ་རཱ་གའི་མདོག་ཅན་ཤིན་ཏུ་འཚེར་བ་བྱུང་བས། ཕྱི་དང་ནང་སྦྱོང་བའི་ཚུལ་ནི་སྔར་ལྟར་བྱའོ། །དེ་ལྟར་ཡུན་ཅི་རིང་དུ་བསྒོམ་དུ་གཞུག་ཅིང་། དབང་པོ་བཏུལ་པོ་ལ་བྲིས་སྐུ་ཤིན་ཏུ་མཛེས་པ་དག་ཀྱང་བསྟན་པས་བོགས་ཤིན་ཏུ་ཆེའོ།
།གཉིས་པ་དབྱིབས་ལ་བསླབ་པ་ནི། །ཞལ་ཕྱག་རྒྱན་དང་མེ་ཕུང་བཅས། །གསལ་ལ་རྟོག་པ་མེད་པ་ཡི། །ཟག་མེད་བདེ་སྟོང་ཆེན་པོར་ལྟོས། །ཅེས་གསུགས་ཏེ།
ཞལ་རས་ཀྱི་དབྱིབས་ཁྲོ་ཞིང་ཆགས་པ། སྤྱན་རྣམས་འབུར་ཞིང་ཟླུམ་པ། དབུ་སྐྲ་རྣམས་ཀྱང་གསལ་ཞིང་མ་འདྲེས་པ། ཕྱག་གཉིས་ཞབས་གཉིས་རྣམས་སོར་མོ་ལྔ་ལྔ་དང་བཅས་པ་རྣམས་བྱིན་གྱིས་འཕྲ་ཞིང་། སྐབས་ཕྱེད་པ། སྐུའང་གར་གྱི་རོའི་ཉམས་དང་ལྡན་པའོ།
།གསུམ་པ་རྒྱན་ལ་བསླབ་པ་ནི། རུས་པའི་རྒྱན་རྣམས་དཀར་ཞིང་སྣུམ་པ། མགོ་རྒྱན་རྣམས་ཀྱང་སྐམ་རློན་གྱི་ཉམ། ཆགས་པ། སྟག་ཤམ་ཀྱང་བཀྲ་ཞིང་ཅུང་ཟད་གྲོལ་བ། ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན། གསལ་ལ་མ་འདྲེས་པ། རྣམ་པར་རྟོག་པའི་དྲི་མ་མེད་ཅིང་། ཡབ་ནི་ཟག་པ་མེད་ཅིང་མཆོག་ཏུ་མི་འགྱུར་བ་ཐབས་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་ངོ་བོ་དང་། ཡུམ་ནི་རང་བཞིན་གྱིས་རྣམ་པར་དག་ཅིང་ལྷུན་གྱིས་གྲུབ་པ་འདུས་མ་བྱས་པའི་ཤེས་རབ་སྟོང་པ་ཉིད་ཀྱི་ངོ་བོ་ཡིན་ལ། ཕན་ཚུན་འཁྱུད་པ་ནི། ཐབས་ཤེས་དེ་དག་ཀྱང་དབྱེར་མེད་ཅིང་ཟུང་དུ་ཆུད་པར་ཤེས་པར་བྱའོ།
།བཞི་པ་དེ་དོན་ངོ་སྤྲད་པ་ལ་དྲུག་ལས།
དང་པོ་འོད་གསལ་ལྷ་སྐུ་དེ་སེམས་སུ་ངོ་སྤྲད་པ་ནི། །རང་ལུས་སྣང་སྟོང་ལྷ་སྐུ་སེམས། །སེམས་ནི་སྣང་སྟོང་ལྷ་ཡི་སྐུ། །ཅེས་གསུགས་ཏེ།
དེ་ཡང་སྤྱིར་དུ་ཐམས་ཅད་སེམས་ཡིན་ཞིང་། ཕྱི་དོན་དུ་གྲུབ་པ་མེད་དེ།
རྡོ་རྗེ་མགུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་གང་ཅན་མེད། །རྣམ་པར་ཤེས་པའི་གནས་དོན་རྣམས། །ཕྱི་རོལ་གྱུར་པ་ཅུང་ཟད་མེད། ཅེས་གསུངས་ཞིང་། སེམས་ལའང་གསུམ་སྟེ། རྒྱུད་བླ་མ་ལས། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམས་བཞིན། །ཞེས་གསུངས་ལ། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། ལུས་དང་སེམས་འདི་དབྱེར་མེད་དང་། །རྟེན་དང་བརྟེན་པ་འབྱུང་བཟློག་གིས། །ཀུན་གྱི་གནད་དུ་ཤེས་པར་བྱ། །ཞེས་གསུངས་པས། སྔར་བསྒོམས་པའི་ལྷ་སྐུ་དེ་ཀ་དག་པའི་སེམས་ཡིན་ཏེ། བརྟག་གཉིས་ལས། སེམས་ནི་ཆེན་པོ་གཅིག་ཉིད་ལ། །ལྔ་ཡི་གཟུགས་ཀྱིས་རྣམ་པར་མཚན། །ཅེས་སོགས་ཀྱི། སངས་རྒྱས་རིགས་ལྔའང་རང་གི་སེམས་སུ་བསྟན་པ་ལྟར། རང་ལུས་བདེ་མཆོག་ཡབ་ཡུམ་གྱི་སྐུར་སྣང་བའི་སྟོང་གསལ་ལྷ་སྐུ་དེ་ཡང་རང་སེམས་དག་པ་ཡིན་ལ། སེམས་ཀྱི་ཆོས་ཉིད་དེ་ཀ་སྣང་སྟོང་ལྷའི་སྐུར་ཐག་བཅད་ལ་སྔར་བཞིན་བསྒོམ་མོ།
།གཉིས་པ་དེ་ཀ་ཟུང་འཇུག་ཏུ་དཔེས་བསྟན་པ་ནི། །སེམས་དང་སྣང་སྟོང་དབྱེར་མེད་དེ། །རྨི་ལམ་ཡུལ་དང་ཆུ་ཟླ་ལྟར། །རང་བཞིན་ཟུང་འཇུག་ཆེན་པོ་ཡི། །ཅེས་གསུངས་ཏེ།
དེ་ལྟར་སེམས་དང་ལྷ་སྐུ་སྣང་སྟོང་དབྱར་མེད་པ་དེ་ཀ་མཐའ་བྲལ་ཡེ་ཤེས་ཀྱི་སྐུ་ཡིན་ཏེ། དཔེར་ན་རྨི་ལམ་གྱི་ཡུལ་དུ་བེམ་པོའི་རྗས་མེད་བཞིན་དགྲ་གཉེན་དང་། དེ་ལ་བརྟེན་པའི་བདེ་སྡུག་ཉམས་སུ་མྱོང་བ་ལྟར་ཡོད་མེད་གཉིས་རོ་མཉམ་པར་ཟུང་དུ་ཆུད་པའོ། །དེ་བཞིན་དུ། དཔེར་ན་ཆུ་དྭངས་པའི་ནམ་མཁའི་ཟླ་བའི་གཟུགས་ཤར་བ་ན། ཟླ་བའི་གཟུགས་དང་ཆུ་གཉིས་རང་བཞིན་ཐ་མི་དད་ཅིང་ཟུར་དུ་ཆུད་པ་ཡིན་ཏེ།
ནཻ་གུ་མས། འདི་ལྟར་རྨི་ལམ་སྣ་ཚོགས་དཔེས། །སྣང་བ་སེམས་སུ་གཏན་ལ་དབབ། །སེམས་ནི་སྒྱུ་མ་རྨི་ལམ་སྟེ། །ཅེས་དང་། ཡང་། སྒྱུ་མ་འདི་ནི་ཡོད་མེད་ལས་འདས་ཤིང་། །ཞེས་གསུངས་ལ། བརྟག་གཉིས་ལས། བརྫུན་མིན་བདེན་མིན་དེ་བཞིན་དུ། །ཐམས་ཅད་ཆུ་ཡི་ཟླ་བ་ལྟར། །འདོད་པས་རྣལ་འབྱོར་མས་ཤེས་གྱིས། །ཅེས་གསུངས་པས། ཟུང་འཇུག་གི་གནས་ཁུགས་ལ་བརྩོན་པས་བསྒོམ་པར་བྱའོ།
།གསུམ་པ་དེ་ཀ་བློའི་ཡུལ་ལས་འདས་པར་བསྟན་པ་ནི། ངོ་བོ་བརྗོད་བྲལ་བློ་འདས་ཏེ། །དེ་ནི་དུས་གསུམ་སངས་རྒྱས་ཀྱིས། །མ་གཟིགས་མི་གཟིགས་གཟིགས་མི་འགྱུར། ཅེས་གསུངས་ཏེ།
ཡེ་ཤེས་དེའི་གནས་ཁུགས་ངག་གིས་བརྗོད་མི་ནུས་ཤིང་། རྟོག་པས་བསམ་པར་མི་ནུས་ཏེ།
མདོ་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །ཞེས་གསུངས་ཤིང་། ཡུམ་ལས། གང་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་དེ་ནི་སངས་རྒྱས་རྗེས་སུ་དྲན་པའོ། །ཞེས་སོགས་གསུངས་སོ།
།དེ་ལྟ་བུའི་ཟག་པ་མེད་པའི་ཡེ་ཤེས་ཀྱི་སྐུ་དེ། དུས་གསུམ་སངས་རྒྱས་ཀྱི་འདུས་བྱས་མ། བེམ་པོའི་ཁམས་སུ་རྟོག་པའི་བློས་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་ཞེས་པའོ། །འོ་ན་གོང་དུ། སྣང་སྟོང་འཇའ་ཚོན་འོད་ཀྱི་སྐུ། །རང་བཞིན་མེད་བཞིན་སྐུ་མདོག་དང་། །ཞལ་ཕྱག་རྒྱན་དང་མེ་དཔུང་བཅས། །གསལ་ལ་རྟོག་པ་མེད་པ་ཡི། །ཟག་མེད་ཡེ་ཤེས་ཆེན་པོར་ལྟོས། ཞེས་གསུངས་པ་དང་འགལ་ལོ།
།ཞེ་ན་མི་འགལ་ཏེ། ཡེ་ཤེས་ཀྱི་སྐུ་སྟེ་འདིར་ནི་བེམ་པོའི་ཁམས་སུ་རྟོག་པའི་བློས་མི་གཟིགས་ཞེས་སྨོས་ལ། གོང་དུ། གསལ་ལ་རྟོག་པ་མེད་པ་ཡིས། ཞེས་སྨོས་པས། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་གཟིགས་པ་ཡིན་ཏེ།
མདོ་ལས། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། ཞེས་དང་། རྒྱུད་བླ་མར། ནང་གི་དམ་པ་ཆོས་སྐུ་ནི། །ཡེ་ཤེས་མིག་གིས་མཐོང་བར་འགྱུར། །ཅེས་དང་། བརྒྱུད་སྟོང་པ་ལས། སེམས་ནི་སེམས་མ་མཆིས་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་དང་། རྒྱུད་བླ་མར། འདི་ལ་གསལ་ཆ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཅེས་གསུངས་པས།
ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། ལྷ་སྐུ་སྣང་སྟོང་སྒྱུ་མ་ཡི། །ངོ་བོ་བརྗོད་བྲལ་བློ་ལས་འདས། །རང་བཞིན་དབྱེར་མེད་མཐའ་དང་བྲལ། །མཚན་ཉིད་མ་འདྲེས་ཡོངས་སུ་རྫོགས། །དེ་ལྟར་ཆོས་རྣམས་ཐམས་ཅད་ཀུན། །མཁས་པས་ཡོངས་སུ་ཤེས་པར་བྱ། ཅེས་དང་། མཚན་བརྗོད་ལས། གཟུགས་མེད་གཟུགས་བཟང་དམ་པ་སྟེ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །གཟུགས་བརྙན་མ་ལུས་འཆང་བ་པོ། །ཅེས་དང་། སོར་མོའི་ཕྲེང་བ་ལ་ཕན་པའི་མདོར། །སོར་མོའི་ཕྲེང་བས། བྱམས་མའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །སངས་རྒྱས་དང་ནི་ཉན་ཐོས་ཀྱིས། །གང་དེ་ཀུན་ཏུ་མ་མཉེས་པ། །ཆོས་དེས་མངོན་པར་སངས་རྒྱས་ནས། །སྲོག་ཆགས་རྣམས་ལ་བསྟན་པར་བྱ། །ཞེས་པའི་དོན་དྲིས་པ་ལས། བདག་མེད་ཅིང་ཅི་ཡང་མི་དམིགས་པ་ནི་སངས་རྒྱས་ཀྱི་དགོངས་པ་ཡིན་པར་ལན་བཏབ་པའི་མཐར། །སོར་མོའི་ཕྲེང་བས། དེ་ལྟར་ཡང་མ་ཡིན་ཞིང་། སངས་རྒྱས་རྣམས་ཀྱིས་མ་བརྙེས་བྱ་བ་དེ་ནི། འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་བྱས་པ་མ་བརྙེས་ནས་འདས་ཏེ། མ་བྱས་པའི་སངས་རྒྱས་ཀྱི་ཁམས་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པ་སེམས་ཅན་ཐམས་ཅད་ལ་ཡོད། །ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་། དེ་བཞིན་གཤེགས་པའི་སྙིང་པོ་བྱས་པ་ནི་ནན་ཏན་དུ་བཙལ་ཀྱང་མ་བརྙེས་ཏེ། སེམས་ཅན་ཐམས་ཅད་ལ་མ་བྱས་པའི་སངས་རྒྱས་ཀྱི་དབྱིངས། སེམས་ཅན་ཐམས་ཅད་ལ་མཐའ་ཡས་པའི་མཚན་ཉིད་དང་དཔེ་བྱད་ཀྱིས་བརྒྱན་པ་ཡོད་དོ། །ཞེས་སོགས་གསུངས་པས་སོ།
།བཞི་པ་དེ་ལ་ན་རྒྱུ་འཆི་རྒྱུ་མེད་པར་བསྟན་པ་ནི། །དེ་ལ་ན་རྒྱུ་འཆི་རྒྱུ་དང་། །ཞེས་གསུངས་ཏེ། ན་བ་ནི་རླུང་མཁྲིས་བད་ཀན་འདུས་པའི་ལུས་འབྱུང་བཞི་ཆ་མ་སྙོམས་པས་ཟུག་རྔུ་འབྱུང་བ་ལ་ན་བ་ཞེས་བརྗོད་པ་ཡིན་ནོ། །འདིར་ནི་གསལ་དངས་འོད་ཀྱི་སྐུ་ཡིན་པས། །འབྱུང་བའི་ཁམས་ལས་འདས་པས་ན་བ་མེད་ལ། འཆི་བ་ཞེས་བྱ་བ་ནི། དབང་པོ་སྐད་ཅིག་མ་སྔ་མ་རྣམས་འགག་པ་ཡིན་ལ། སྐྱེ་བ་ནི་གསར་པ་རྣམས་ཐོབ་པའི་སྐད་ཅིག་ཡིན་ན། འདིར་ནི་འདུས་བྱས་ཀྱི་སྐད་ཅིག་ཐམས་ཅད་འགག་ཤིང་། འདུས་མ་བྱས་པའི་སྐུ་ཡིན་པས། སྐྱེ་བ་དང་འཆི་བ་མེད་པ་ཡིན་ཏེ། སོར་མོའི་ཕྲེང་བ་ལ་ཕན་པའི་མདོར། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་བྱིན་པར་བྱ། །ང་ནི་ཞི་བའི་མཐའ་ལ་གནས་པ་སྟེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ཞེས་དང་། རྐང་པ་གཞན་རྣམས་འདྲ་བ་ལ། །འཆི་བ་མེད་པའི་མཐའ་ལ་ང་གནས་ཏེ། ཞེས་གསུངས་སོ།
།ལྔ་པ་འཁོར་འདས་གཉིས་སུ་མེད་པར་བསྟན་པ་ནི། །འཁོར་བ་མྱང་འདས་མ་གྲུབ་ཅིང་། །ཞེས་བྱ་བ་གསུངས་ཏེ།
འཁོར་བ་ནི་ཆོས་ཐམས་ཅད་ཀྱི་འཁྲུལ་ལུགས་ཡིན་ལ། མྱ་ངན་ལས་འདས་པ་ནི་གནས་ལུགས་ཡིན་པས།
དང་པོ་ཀུན་རྫོབ་དང་། ཕྱི་མ་དོན་དམ་པ་ཡིན་ལ། འདིར་ཡེ་ཤེས་ཀྱི་སྐུ་ནི་དོན་དམ་གྱི་སྐུ་ཡི་པས། བདེན་གཉིས་ཟུང་དུ་ཆུད་པ་ཡིན་ཏེ།
ཀྱཻ་རྡོ་རྗེ་ལས། འདི་ནི་འཁོར་བ་ཞེས་བྱ་སྟེ། །དེ་ཉིད་མྱ་ངན་འདས་པ་ཉིད། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྙེད་མི་འགྱུར། །ཞེས་གསུངས་པས། རྣམ་པ་འཁོར་བ་དང་། །མྱ་ངན་ལས་འདས་པ་གཉིས་དབྱེར་མེད་པའོ།
།དྲུག་པ་དེ་ལ་འཕོ་བྱ་འཕོ་བྱེད་མེད་པར་བསྟན་པ་ནི། འཕོ་བྱ་འཕོ་བྱེད་བྲལ་བས་ན། །དེ་ཕྱིར་འཆི་མེད་རང་གྲོལ་ལོ། །ཅེས་གསུངས་ཏེ།
དེ་ལྟ་བུའི་ཡེ་ཤེས་ཀྱི་སྐུ་དེ་ལ། འཕོ་བྱ་དང་འཕོ་བྱད་དང་། འཕོ་ཡུལ་ལ་སོགས་པ་ཐ་དད་མེད་པས། དེའི་ཕྱིར་འཆི་མེད་རང་གྲོལ་དུ་བསྟན་པ་ཡིན་ནོ། །དེས་ན་འཆི་བའི་ཚེའང་གོང་གི་ཉམས་ལེན་ལས་གཞན་པ་འཕོ་བའི་གདམས་པ་ཟབ་མོ་བསྟན་རྒྱུ་མེད་དོ།
།གསུམ་པ་འབྲས་བུ་བསྟན་པ་ལ་གཉིས། དེ་ལ་ཟུང་འཇུག་ཡེ་ཤེས་ཀྱི་གནས་ལུགས་མ་རྟོགས་ན་འབྲས་བུ་ཉམས་པའི་ཚུལ་དང་། ཟུང་འཇུག་རྟོགས་ན་གྲུབ་པའི་ཚུལ་ལོ།
།དང་པོ་ནི། །དེ་ལྟར་མ་རྟོགས་རྣལ་འབྱོར་པས། །བསྐལ་པར་བསྒྲུབས་ཀྱང་དོན་མེད་འགྱུར། །ལོག་པའི་ལམ་ཞུགས་ཁོ་ནར་ཟད། །ཅེས་གསུངས་ཏེ།
དེ་ལྟར་ཟུང་འཇུག་ཡེ་ཤེས་ཀྱི་སྐུ་མ་གཏོགས་པར་བེམ་པོ་རྣམ་པར་དཔྱད་པའི་སྟོ་ཉིད་དང་། ཆད་པའི་སྟོང་ཉིད་ལ་མཆོག་ཏུ་འཛིན་པའི། བཏགས་པའི་བསྐྱེད་རིམ་ལ་ཞེན་པ་རྣལ་འབྱོར་པ་ལྟར་སྣང་བས་བསྐལ་པ་མང་པོ་བསྒྲུབས་ཀྱང་དོན་མེད་པར་འགྱུར་ཞིང་། ལོག་པའི་ལམ་དུ་ཞུགས་པས་ངལ་བ་ཁོ་ནར་ཟད་དེ། འཇམ་དཔལ་གྱིས་རང་གི་ལྟ་བའི་འདོད་པ་མདོར་བསྟན་པ་ལས། བེམ་པོ་རྣམ་དཔྱད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །ཅེས་དང་། སྟོང་པ་ཉིད་ལ་བལྟ་ཉེས་ན། །ཤེས་རབ་ཆུང་རྣམས་འཕུང་བར་འགྱུར། །ཅེས་དང་། སྤྱན་རས་གཟིགས་ཀྱིས་ཀྱང་། །རྣམ་པར་རྟོག་པ་བསྒོམ་པ་གོམས་པ་ནི། །གྲུབ་པ་འཇིག་རྟེན་པ་དག་འགྲུབ་འགྱུར་གྱིས། །འདོད་པའི་དངོས་གྲུབ་ཆེན་པོ་ག་ལ་ཞིག །ཅེས་གསུངས་པས་སོ།
།གཉིས་པ་ཟུང་འཇུག་རྟོགས་ན་འགྲུབ་པའི་ཚུལ་ལ་གཉིས། འགྲུབ་པའི་ཚུལ་དང་། འབྲས་བུ་དེ་གཏན་ལ་དབབ་པའོ།
།དང་པོ་ལ་བཞིའི་དང་པོ། མཚམས་མེད་ལྔ་རྫོགས་པས་ཀྱང་འགྲུབ་ཚུལ་ནི། གང་གིས་མཚམས་མེད་ལྔ་རྫོགས་ཀྱང་། །འཆི་ཁའི་ཚེའམ་དུས་གཞན་དུ། །འཆི་མེད་རྡོ་རྗེའི་ཚིག་རྐང་བཞི། །སྐད་ཅིག་ཡུད་ཙམ་རྟོགས་པའམ། །དྲན་ཐོས་རེག་པར་གྱུར་པས་ཀྱང་། །གནོད་གཅོད་སྡུག་བསྔལ་རང་དག་ནས། །བར་དོར་ལོངས་སྐུར་མངོན་སངས་རྒྱ། །སྒྲིབ་པ་ཆུང་ལ་སྨོས་ཅི་དགོས། །འདི་ནི་འཆུག་མེད་གནད་ཡིན་ནོ། །ཞེས་གསུངས་ཏེ།
སྐྱེ་བོ་གང་གིས་མཚམས་མེད་པ་ལྔ་གང་རུང་གི་ལས་རྫོགས་པས་ཀྱང་། །འཆི་ཀའི་ཚེའྨ་དེའི་གོང་དུས་གཞན་དག་ཏུའང་རུང་སྟེ། དབང་བསྐུར་བ་ཐོབ་དམ་ཚིག་དང་ལྡན་པས། འཆི་མེད་རྡོ་རྗེའི་ཚིག་རྐང་པ་བཞི་པ་འདི་དུས་སྐད་ཆིག་ཡུད་ཙམ་རྟོགས་པའམ། སྔར་ཐོས་པ་དྲན་པའམ། རྣ་བར་ཐོས་པའམ། ཐ་ན་རེག་པར་གྱུར་པས་ཀྱང་། སྐྱེ་བོ་དེའི་གནད་གཅོད་ཀྱི་སྡུག་བསྔལ་རང་སར་དག་ནས་བར་དོར་ལོངས་སྤྱོད་རྫོགས་པའི་སྐུར་མངོན་པར་སངས་རྒྱ་བར་འགྱུར་ན། སྒྲིབ་པ་ཆུང་བ་ལ་སྨོས་མི་དགོས་ཏེ།
འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་སྔ་ནས། །མཚམས་མེད་ལྔ་པོ་དག་ནི་བྱེད་པ་རྣམས། །དབང་དོན་བདེ་བ་ཉིད་ནི་གང་ཞིག་གིས། །ཐབས་དང་ཤེས་རབ་བདག་ཉིད་རྒྱུད་དག་ལ། །རྒྱལ་བའི་བདག་པོས་རྗེས་སུ་བཟུང་བར་འགྱུར། །ཅེས་གསུངས་ཤིང་། རྒྱུད་བླ་མར་ཡང་། གང་ཞིག་ཡང་ཡང་སྡིག་གྲོགས་བརྟེན་པས་སངས་རྒྱས་ངན་སེམས་ལྡན་གྱུར་དང་། །ཕ་མ་དགྲ་བཅོམ་གསོད་པར་བྱ་བ་མིན་བྱེད་མཆོག་ཚོགས་འཇེད་པའི་མི། །དེ་ཡང་ཆོས་ཉིད་ཉེ་བར་བསམས་པས་མྱུར་དུ་དེ་ལས་ཐར་འགྱུར་གྱི། །གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། ཅེས་གསུངས་ལ། འདིར་བཤད་པའི་འཆི་མེད་ཡེ་ཤེས་ཀྱི་སྐྱ་ནི། དབང་བཞི་པའི་དོན་ཡིན་ཞིང་། ཆོས་ཉིད་ཟབ་མོ་ཡང་ཡིན་པས། དེའི་ཕྱིར་སྒྲིབ་པ་ཆུང་བ་ལ་སྨོས་དགོས། དེས་ན་ལམ་འདི་ནི་གོལ་འཆུགས་མེད་པའི་གནད་ཡིན་ནོ། །ཞེས་ཤེས་པར་བྱའོ།
།གཉིས་པ་འཆི་ཁར་མན་ངག་མི་གསལ་ན་ཡང་འགྲུབ་ཚུལ་ནི། གལ་ཏེ་ལུས་སེམས་རྐྱེན་དབང་གིས། །འཆི་ཁར་གསལ་བར་མ་གྱུར་ཀྱང་། །དཔེར་ན་སྒྱོགས་ཀྱི་འཁྲུལ་འཁོར་བཞིན། །སྔར་གྱི་གནད་ཀྱི་བར་མ་དོར། །རྒྱལ་བ་ལོངས་སྐུར་རང་ཤར་འབྱུང་། ཅེས་གསུངས་ཏེ།
དེ་ཡང་འཆི་མེད་ཀྱི་རྣལ་འབྱོར་སྔོན་དུ་གོམས་ཀྱང་། གལ་ཏེ་ལུས་སེམས་རྐྱེན་དབང་གིས་མྱོས་ཤིང་བརྒྱལ་བས། འཆི་ཁར་གདམས་པ་གསལ་བར་མ་གྱུར་ཀྱང་། བར་དོར་བག་ཆགས་སད་ནས་རང་གྲོལ་ཏེ། དཔེར་ན་སྒྱོགས་ཀྱི་འཁྲུལ་འཁོར་སྔོན་དུ་ལེགས་པར་གཏན་ལ་ཕབ་ནས། ཕྱིས་ནམ་དགོས་དུས་ན་འབྱུང་བ་བཞིན། སྔར་གྱི་ཉམས་ལེན་གྱི་གནད་ཀྱིས་ཟིན་ནས། བར་དོར་རྒྱལ་བ་ལོངས་སྐུར་རང་ཤར་འབྱུང་ངོ་།
གསུམ་པ་མཚམས་སྦྱོར་ངན་པ་བྱུང་ཡང་འགྲུབ་ཚུལ་ནི། །མཚམས་སྦྱོར་ངན་པས་རྒྱུད་དཀྲུགས་ཀྱང་། །གསལ་དྭངས་རྫིང་བུར་རྡོ་རྒྱབ་བཞིན། །སྔར་གྱི་གནད་ཀྱིས་བར་མ་དོར། །ལོངས་སྐུ་བདེ་ཆེན་རང་ཤར་འབྱུང་། ཅེས་གསུངས་ཏེ།
དེ་ཡང་རྣལ་འབྱོར་པ་གང་ཞིག་འཆི་བའི་ཚེ། ཕྱི་ནང་གི་མཚམས་སྦྱོར་ངན་པས་རྒྱུད་དཀྲུགས་ཀྱང་བར་དོར་གྲོལ། དཔེར་ན་རྙོགས་མ་དང་། ཆུ་རླབས་སོགས་དང་བྲལ་བའི་གསལ་ཞིང་དྭངས་པའི་ཆུས་གར་བའི་རྫིང་བུར་རྡོ་རྒྱབ་པའི་རྐྱེན་གྱིས་དར་གཅིག་ཆུ་འཁྲུགས་ཅིང་རྙོག་མར་གྱུར་ཀྱང་། སླར་ཡང་དྭངས་ནས་གསལ་བ་བཞིན་དུ། སྔར་གྱི་མན་ངག་གི་གནད་ཉམས་སུ་མྱོང་བའི་སྟོབས་ཀྱིས་བར་མ་དོར་ཡང་ཉམས་ལེན་གྱི་བག་ཆགས་སད་དེ། ལོངས་སྐུ་བདེ་ཆེན་རང་ཤར་འབྱུང་བར་འགྱུར་རོ།
།བཞི་པ་ཐོས་ནས་ཉམས་ལེན་མ་བྱུང་ཀྱང་འགྲུབ་ཚུལ་ནི། བརྟན་པར་མ་གྱུར་ལོང་མེད་ཀྱང་། །བཅོ་ལྔའི་ཉི་རྒས་ཟླ་ཤར་བཞིན། །འདིའམ་འཆི་ཁར་དྲན་ཐོས་ཀྱིས། །བར་དོར་ལོངས་སྐུར་ཐེ་ཚོམ་མེད། ཅེས་གསུངས་ཏེ།
གང་ཞིག་མན་ངག་ཐོས་ཀྱང་ཡུན་དུ་བརྟེན་པར་མ་གྱུར་ཏེ། བསྒོས་ལོང་མེད་པས་ཀྱང་འགྲུབ་སྟེ། དཔེར་ན་ཚེས་བཅོ་ལྔའི་ཉི་མ་རྒས་པ་དང་། ཟླ་བ་ཤར་ནས་སྣང་བ་མུ་འབྱོར་ནས་མུན་པ་སངས་པ་ལྟར། ཚེ་འདིའམ་འཆི་ཁར་ཡིད་ལ་དྲན་པ་དང་། །རྣ་བར་ཐོས་པའི་སྟོབས་ཀྱིས་སྒྲིབ་པ་དག་སྟེ། །འཆི་ཁའི་འོད་གསལ་ངོས་ཟིན་ནས་བར་དོར་ལོངས་སྐུ་ཐོབ་པར་ཐེ་ཚོམ་མེད་དོ། །འདི་རྣམས་ལ་སྔགས་ཀྱི་དམ་ཚིག་གཙང་བ་གལ་ཆེའོ།
།གཉིས་པ་འབྲས་བུ་དེ་བརྟན་ལ་དབབ་པ་ནི། རང་སེམས་སྐྱེ་མེད་ཆོས་སྐུ་ལས། །འགག་མེད་གཟུགས་སྐུ་རང་ཤར་གྱིས། །འཁོར་བའི་རྒྱ་མཚོ་མ་སྟོངས་བར། །གང་འདུལ་གཞན་དོན་ལྷུན་གྱིས་གྲུབ། །ངོ་བོ་རྣམ་པ་ཕྲིན་ལས་རྣམས། །ཟུང་འཇུག་ཆེན་པོར་རྟོགས་པར་གྱིས། །ཅེས་གསུངས་ཏེ།
འབྲས་བུ་ཇི་ལྟར་འགྲུབ་པ་ཡང་། །སྔར་བསྟན་པའི་ཡེ་ཤེས་ཀྱི་སྐུ་དེ་ཉིད། སྒྲིབ་གཉིས་ཀྱི་བག་ཆགས་ཐམས་ཅད་བྲལ་བས་རང་གི་ངོ་བོ་ལྷུན་གྱིས་གྲུབ་པའི་ཡོན་ཏན་ཚང་མེད་པ་དང་ལྡན་ཞིང་ཟག་པ་མེད་པའི་བདེ་བ་ཆེན་པོ་དང་གཉིས་སུ་མ་མཆིས་པའི་འོད་གསལ་བ། སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གསལ་བར་རྟག་ཏུ་སྣང་བའི། རང་སེམས་དག་པ་ཆོས་ཀྱི་སྐུ་རང་དོན་དུ་ཐོབ་ནས། དེ་ལས་སྐད་ཅིག་ཀྱང་མ་གཡོས་བཞིན་དུ་སྔོན་གྱི་བསོད་ནམས་ཀྱི་ཚོགས་ཀྱི་འབྲས་བུ་འབད་ཙོལ་མེད་བཞིན་དུ། འགག་པ་མེད་པའི་གཟུགས་སྐུ། ལོངས་སྤྱོད་རྫོགས་པའི་སྐུ་རང་ཤར་གྱི་གདུལ་བྱ་དག་པ་རྣམས་དང་། སྣ་ཚོགས་པ་སྤྲུལ་པའི་སྐུ་དུ་མས་མ་དག་པའི་སེམས་ཅན་རྣམས་ལ། རང་རང་གི་མོས་པ་དང་མཐུན་པར་ཆོས་སྟོན་པ་ལ་སོགས་པའི་ཕྲིན་ལས་འཁོར་བའི་རྒྱ་མཚོ་མ་སྟོངས་བར་དུ། གང་ལ་གང་འདུལ་གྱིས་གཞན་དོན་རྒྱ་ཆེན་པོ་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པ་འབྱུང་སྟེ། དེ་ཡང་ཆོས་སྐུའི་ངོ་བོ། ལོངས་སྐུའི་རྣམ་པ། སྤྲུལ་སྐུའི་ཕྲིལ་ལས་རྣམས་དབྱེར་མེད་ཟུང་འཇུག་བདེ་བ་ཆེན་པོར་རྟོགས་པར་བྱ་སྟེ།
རྒྱུད་བླ་མར། བདག་ཉིད་ཀྱིས་ནི་འབྱོར་པའི་གནས། །དམ་པའི་དོན་གྱི་སྐུ་ཡིན་ཏེ། །དྲང་སྲོང་རྣམས་ཀྱི་བརྡའ་ཡི་སྐུ། །ཕ་རོལ་ཕུན་སུམ་ཚོགས་པའི་གནས། །ཞེས་གསུངས་པ་དང་། འཕགས་པ་ཀླུ་སྒྲུབ་ཀྱིས། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་འདིར། །བསོད་ནམས་ཚོགས་ལས་འཁྲུངས་པ་སྟེ། །ཆོས་ཀྱི་སྐུ་དེ་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་གསུངས་ཤིང་།
ཕྲིན་ལས་མཛད་ཚུལ་ཀྱང་། །གསང་བ་བསམ་གྱིས་མི་ཁྱབ་པའི་མདོར་ཡང་། འཁྲུལ་འཁོར་ལས་བྱུང་སིལ་སྙན་ནི། །རླུང་གིས་བསྐྱོད་ན་སྒྲ་འབྱུང་བ། །དེ་ལ་ཁྲོལ་བྱེད་མེད་མེད་ཀྱི། །འོན་ཀྱང་སྒྲ་དག་འབྱུང་གྱུར་པ། །འདི་ལ་རྟོག་པ་ཡོངས་མི་མངའ། །ཞེས་དང་། རྒྱུད་བླ་མར་ཡང་། དེ་བཞིན་ཁྱབ་བདག་འབད་སོགས་དང་། །བྲལ་ཡང་འགྲོ་བ་མ་ལུས་པ། །སངས་རྒྱས་གསུང་གིས་ཁྱབ་མཛད་དེ། །སྐལ་ལྡན་རྣམས་ལ་ཆོས་སྟོན་ཏོ། །ཞེས་དང་། ཕྲིན་ལས་གཉིས་སུ་འདུ་བ་ཡང་། །རྒྱུད་བླ་མར། གདུལ་བྱའི་ཁམས་དང་འདུལ་བའི་ཐབས་དང་ནི། །གདུལ་བྱའི་ཁམས་ཀྱིས་འདུལ་བའི་བྱ་བ་དང་། །དེའི་ཡུལ་དང་དུས་སུ་གཤེགས་པ་ལ། །ཁྱབ་བདག་རྟག་ཏུ་ལྷུན་གྱིས་གྲུབ་པར་འཇུག །ཅེས་དང་། གཞན་གྱི་དབང་གིས་ངེས་འབྱུང་དང་། །བདག་དང་སེམས་ཅན་མཚུངས་གཟིགས་དང་། །མཛད་པ་ཡོངས་སུ་མ་རྫོགས་ཕྱིར། །འཁོར་བ་སྲིད་དུ་མཛད་མི་འཆད། །ཅེས་གསུངས་པས་སོ།
།གསུམ་པ་རྗེས་ཀྱི་ཆོས་ལ་ལྔ་ལས།
དང་པོ་འཆི་མེད་རྟོགས་ན་ཐ་མལ་ཀྱང་མཁའ་སྤྱོད་ཐོབ་ཚུལ་ནི། །འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །འཆི་རྒྱུ་མེད་པ་དབང་པོ་རབ། །དེ་དོན་སྐད་ཅིག་རྟོགས་གྱུར་པས། །དག་པ་བདེ་སྟོང་མཁའ་སྤྱོད་འགྲོ། །ཞེས་གསུངས་ཏེ།
དེ་ཡང་འཆི་བ་ཞེས་བྱ་བ་ནི། རྣམ་པར་རྟོག་པ་ཙམ་ཡིན་ཏེ།
བདེ་མཆོག་ལས། འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །ཞེས་གསུངས་སོ། །དེས་ན། སློབ་དཔོན་རྡོ་རྗེ་དྲིལ་བུ་པས། གལ་ཏེ་འཕོ་འགྱུར་རྣལ་འབྱོར་པ། །མཁའ་ལ་སྤྱོད་པའི་གནས་སུ་ཁྲིད། །ཅེས་གསུངས་ལ། ཁྲི་ཚུལ་ཡང་། སློབ་དཔོན་པུ་རི་པས། འཆི་ཚེ་མགོན་དང་དཔའ་བོ་མ་ཚོགས་ཀྱིས། །མེ་ཏོག་རྒྱལ་མཚན་གདུགས་སོགས་ཐོགས་ནས་ཀྱང་། །རོལ་མོའི་གླུ་དང་སྒྲ་སྙན་ཚོགས་མཆོད་ནས། །མཁའ་ལ་སྤྱོད་པའི་གནས་སུ་ཁྲིད་པར་ཤོག །ཅེས་གསུངས་པ་ལྟར་ཤེས་པར་བྱའོ།
།གཉིས་པ་དེ་དུས་གསུམ་རྒྱལ་བ་ཀུན་གྱི་ལམ་དུ་བསྟན་པ་ནི། །དུས་གསུམ་རྒྱལ་བས་འདི་རྟོགས་པས། །བདུད་བརྟུལ་སངས་རྒྱས་འཁོར་ལོ་བསྐོར། །དེ་ཕྱིར་རྒྱལ་བའི་ཐུགས་བཅུད་འདི། །མདོ་རྒྱུད་དུ་མར་བསྟན་གྱུར་ཀྱང་། །ཅེས་གསུངས་ཏེ།
དུས་གསུམ་གྱི་རྒྱལ་བས་ཀྱང་འཆི་མེད་ཀྱི་གནད་འདི་རྟོགས་པས་བདུད་བཞི་བཏུལ་ནས་མངོན་པར་སངས་རྒྱས་ནས་གཞན་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་ཏེ།
ཇི་སྐད་དུ། དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །རྡོ་རྗེ་སྔགས་ཀྱི་མཐུ་ཡིན་ཏེ། །ཡེ་ཤེས་མཉམ་མེད་ཡང་དག་མཉེས། །གང་གི་ཤཱཀྱ་སེང་གེ་སོགས། །སྐྱབ་པ་རྣམས་ཀྱིས་བདུད་ཀྱི་སྡེ། །མི་བཟད་ཆེན་པོའི་དཔུང་ཆེན་བཅོམ། །འཇིག་རྟེན་རྗེས་འཇུག་བཏགས་ནས་ནི། །འཁོར་ལོ་བསྐོར་ཏེ་མྱ་ངན་འདས། །ཅེས་གསུངས་སོ།
།དེའི་ཕྱིར་རྒྱལ་བའི་ཐུགས་བཅུད་དམ་པ་འདི། །མདོ་རྒྱུད་དུ་མར་བསྟན་པར་གྱུར་ཀྱང་ནི། རྟོག་གེའི་སྤྱོད་ཡུལ་གྱིས་རྟོགས་པ་མ་ཡིན་ཏེ།
།རྒྱུད་བླ་མར། ཕྲ་ཕྱིར་ཐོས་པའི་ཡུལ་མིན་ཕྱིར། །དོན་དམ་ཡིན་ཕྱིར་བསམ་པས་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། །བསྒོམ་པ་ལ་སོགས་ཡུལ་མ་ཡིན། །ཞེས་གསུངས་པས་སོ།
གསུམ་པ་དེ་བླ་མ་དམ་པ་མཉེས་པར་བྱས་པ་ལས་རྟོགས་ཚུལ་ནི། དམ་པའི་དྲིན་གྱིས་མ་གཏོགས་པ། །ཐབས་གཞན་གང་གིས་རྙེད་མི་འགྱུར། །དེ་ཕྱིར་བླ་མ་མཆོག་བསྟེན་པ། །གུས་ཤིང་མཉེས་པ་མཆོག་ཡིན་ནོ། །ཞེས་གསུངས་ཏེ།
རྒྱལ་བའི་ཐུགས་བཅུད་དེ་ཁོ་ན་ཉིད་གང་གིས་རྟོགས་ན། བླ་མ་དམ་པའི་བཀྲིན་ཐོབ་པ་མ་གཏོགས་པ། གོང་དུ་བཤད་པའི་ཐོས་པ་ལ་སོགས་པ་ཐམས་གཞན་གང་གིས་ཀྱང་རྙེད་པར་མི་འགྱུར་ཏེ།
སློབ་དཔོན་ཨཱརྱ་དེ་བས། བསྐལ་པ་བྱེ་བ་དུ་མ་རུ། །ཐོས་པའི་ཕ་རོལ་སོན་གྱུར་ཀྱང་། །བླ་མའི་ལུང་དང་བྲལ་བ་ཡི། །བདག་བྱིན་རླབ་པ་རྙེད་མི་འགྱུར། །དེས་ན་ཡང་དག་དོན་བཙལ་རིགས། །ཞེས་གསུངས་པས། དེའི་ཕྱིར་བླ་མ་མཆོག་སྟེ། མཚན་ཉིད་དང་ལྡན་པ་བསྟེན་ནས། སྒོ་གསུམ་གུས་ཤིང་ཐུགས་མཉེས་པར་བྱས་པ་ལས་བྱིན་རླབས་འཇུག་ཅིང་། ཟབ་དོན་རྙེད་པ་མན་ངག་གི་གནད་ཡིན་ཏེ།
།ཀྱེ་རྡོ་རྗེ་ལས། གཞན་གྱིས་བརྗེད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མ་རྙེད་པ། །བླ་མའི་དུས་ཐབས་བསྟེན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་པ་དང་།
གསང་བ་འདུས་པ་རིམ་ལྔ་ལས། རི་དབང་རྩེ་ནས་འགའ་ཞིག་ལྷུང་གྱུར་ཀྱང་། །ལྷུང་བར་མི་བྱ་སྙམ་ཡང་ལྷུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ནས། །གྲོལ་བར་མི་བྱ་སྙམ་ཡང་གྲོལ་བར་འགྱུར། །ཞེས་པ་དང་། དཔལ་དོན་པའི་བསྙེན་པ་ལས་ཀྱང་། །འདོད་པའི་དངོས་གྲུབ་སློབ་དཔོན་ཞལ་གྱི་རྗེས་འབྲེང་བར། །མ་ལུས་རྡོ་རྗེ་ཐེག་པར་ཐམས་ཅད་མཁྱེན་པས་གསུངས། །ཞེས་གསུངས་པས། གསང་སྔགས་རྡོ་རྗེ་ཐེག་པ་ཟབ་མོ་སྟོན་པའི་བླ་མ་ལ། སངས་རྒྱས་དངོས་ཡིན་པའི་མོས་པ་བྱ་དགོས་ཏེ།
བླ་མ་ལྔ་བཅུ་པ་ལས། འདིར་མ་སྨྲས་པས་ཅི་ཞིག་དགོས། །བླ་མ་དགྱེས་བྱེད་གང་ཡིན་བྱ། །མི་མཉེས་བྱེད་ཀུན་སྤང་པ་ཡིན། །དེ་དང་དེ་ལ་འབད་དེ་སྤྱད། །དངོས་གྲུབ་སློབ་དཔོན་རྗེས་འབྲེང་ཞེས། །རྡོ་རྗེ་འཛིན་པ་ཉིད་གསུང་པར། །ཤེས་ནས་དངོས་པོ་ཐམས་ཅད་ཀྱིས། །བླ་མ་ཡོངས་སུ་མཉེས་པར་བྱ། །ཞེས་གསུངས་པའི་ཕྱིར་རོ།
།བཞི་པ་ཡིད་ཆེས་ལུང་གིས་བརྒྱན་ཏེ་ཆིག་བརྒྱུད་ལ་བསྟན་པ་ནི། སྙིགས་མ་ལོག་ལྟས་རྒྱུད་དཀྲུགས་ཚེ། །ཡིད་ཆེས་ལུང་གིས་བརྒྱན་པར་བྱའོ། །འཆི་མེད་ཡེ་ཤེས་ཆེན་པོ་འདི། །ཆིག་རྒྱུད་རྡོ་རྗེའི་རྒྱ་ཡིས་བཏབ། །མི་རབས་བདུན་ན་གསུམ་པའོ། །ཞེས་གསུངས་ཏེ།
དུས་དང་སེམས་ཅན་དང་། ཚེ་དང་། ལོངས་སྤྱོད། ལྟ་བའི་སྙིགས་མ་ལྔ་བརྡོ་བས། །སྐྱེ་བོ་རྣམས་ལོག་ལྟས་རྒྱུད་དཀྲུགས་པའི་ཚེ། མན་ངག་ལ་ལོག་བལྟ་དང་ཐེ་ཙོམ་འབྱུང་བས་ཡིད་ཆེས་བསྐྱེད་པའི་ཕྱིར་དུ། ལུང་རྣམ་པར་དག་པས་བརྒྱན་ཏེ། འཆི་མེད་ཡེ་ཤེས་ཆེན་པོ་འདི། །མི་རབས་བདུན་དུ་ཆིག་བརྒྱུད་དུ་བཤད་ཅིང་། དེ་ལས་མི་འདའ་བར་རྡོ་རྗེའི་རྒྱ་ཡིས་བཏབ་སོ། །མི་རབས་བདུན་པོ་ནས་བརྒྱུད་པ་གསུམ་པ་ཡིན་ནོ་ཞེས་པ་ནི། གྲུབ་ཐོབ་ཁྱུང་པོ་ཉིད་དང་སངས་རྒྱས་སྟོན་པ་གཅིག་པར་བསྟན་པའོ།
།རང་སེམས་འཆི་མེད་རང་གྲིལ་རྫོགས་སོ། །ཞེས་པ་ནི་གཞུང་རྫོགས་པའི་ཐ་ཚིག་གོ
།ལྔ་པ་འགྱུར་བྱང་སྨོས་ཤིང་བཤད་ཚུལ་ནི། ཡེ་ཤེས་ཀྱི་ཌཱ་ཀི་མས་སེང་ལྡེང་གི་ནགས་བསེབ་ཏུ་གསུངས་ནས། ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བའོ། །ལོ་ཙཱ་བ་རིན་ཆེན་བཟང་པོས་ཀྱང་གཏན་ལ་ཕབ་པའོ། །ཌཱ་ཀི་མ་དེ་ཉིད་ལ། བདག་ཁྱུང་པོ་རྣལ་འབྱོར་པས། གསེར་སྲང་ལྔ་བརྒྱ་ཕུལ་ནས་ཞུས་ཏེ། ཉམས་སུ་མྱོང་བར་བྱས་པའོ། །ཞེས་པ་ནི་བསྒྱུར་ཚུལ་དང་། དཀའ་བ་སྤྱད་དེ་ཉམས་སུ་མྱོང་ཚུལ་ལོ།
།འཆི་མེད་ཡེ་ཤེས་ཆེན་པོའི་རྡོ་རྗེ་ཡི། །ཚིག་གི་འགྲེལ་པ་ཟུང་འཇུག་གསལ་བ་འདི། །འཕགས་ནོར་བདུན་ལྡན་བཤེས་གཉེན་དམ་པ་ནི། །དཔལ་ལྡན་གྲགས་པས་ཡང་ཡང་གསོལ་བཏབ་ངོར། །རྣམ་དག་ལུང་དང་བླ་མའི་མན་ངག་ལྟར། །སངས་རྒྱས་དཔལ་གྱིས་ལྐུགས་ལུང་དགོན་པར་བཀོད། །དག་པར་བསམས་མོད་གལ་ཏེ་ནོངས་སྲིད་ན། །བླ་མ་མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་གསོལ། །འདི་བྲིས་དགེ་བ་གང་ཞིག་ཐོབ་པ་དེས། །འགྲོ་ཀུན་འདིར་བཞུགས་སངས་རྒྱས་ཐོབ་པར་ཤོག།
ཤུབྷམསྟུསརྦཛགཏཱཾ།། ཤུབྷཾ།། །།