Chos drug gi zin dris

From Shangpa Resource Center
Revision as of 10:36, 25 September 2024 by Sengue (talk | contribs)








༼ཆོས་དྲུག་གི་ཟིན་དྲིས་བཞུགས།༽ དེ་ནས་ཆོས་དྲུག་གི་སྐོར་ནི།
ན་མོ་གུ་རུ།
ན་རོ་པ་དང་ཕར་སློབ་ཚུར་སློབ། བྱེད་པའི་སྐབས་སུ།
ཆོས་དྲུག་འདི་ན་རོ་པའི་བཞེད་པས་མ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་གཅིག་དུ་སྡུས་པ། །དེ་ལས་ཀྱང་ཀྱེའི་རྡོ་རྗེ་མན་ངག་དུ་བཞེད། །ནི་གུ་མའི་ལུགས་ཀྱིས་ཕ་རྒྱུད། མ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་ཕྱོགས་གཅིག་དུ་སྡུས་པ། དེ་ལས་ཀྱང་རིན་ཆེན་རྒྱ་མཚོའི་རྒྱུད་ལ་བརྟེན་པར་བཞེད། རིན་པོ་ཆེ་བའི་གསུང་གིས་གསང་འདུས་ལེའུ་བཅོ་ལྔ་པ་ནས་རྨི་ལམ་འོད་གསལ་གྱི་ཆོས་མང་དུ་གསུངས་པས་ཟིན་པོ་གསང་འདུས་རང་ཆེ་བར་འདུག་གསུང་།
ཨའི་སྟོང་རའི་སྐབས་སུ། གོས་དྲི་མ་དང་བཅས་པ་ལ་ཚོས་མི་འཆག །རྒྱུད་སྡིག་པ་དང་བཅས་པ་ལ་དགེ་སྦྱོར་རྒྱུད་ལ་མི་སྐྱེ་ཞིང་། ཐར་པ་མི་ཐོབ། ཐར་པ་བས་མི་ལུས་ཀྱང་མི་ཐོབ་སྟེ།
ཞི་བ་ལྷའི་ཞལ་ནས། བདག་གི་སྤྱོད་པ་འདི་འདྲས་ནི། །མི་ཡི་ལུས་ཀྱང་ཐོབ་མི་འགྱུར། །ཅེས་གསུངས།
སྤྱོད་པ་འདི་འདྲ་ནི་ལུས་ངག་ཡིད་གསུམ་འཁྲུལ་སྣང་ལ་སྤྱོད་པ་ལ་ཟེར་རོ།
།སྡིག་པ་སྦྱོང་བ་ལ་ན་རོ་ཆོས་དྲུག་ན། མཎྜལ་ཡིག་བརྒྱ་ལ་སོགས་པ་ཡོད་པ་ལས་འདིར་ཨའི་སྟོང་ར་གཅིག་པུ་ལ་དྲིལ་བས་སྤྲོས་པ་ཆུང་ལ་སྡིག་སྒྲིབ་འདག་པའི་རྟགས་མྱུར་ཞིང་། ཏིང་ངེ་འཛིན་སྐྱེ་སླ་བས་ཟབ་པའི་གནད་ཡིན་གསུང་།
སྡིག་སྒྲིབ་ལ་དམིགས་པ་ལ་ཆོས་འབྱུང་ཕྱི་ནང་གཉིས་ཀ་དཀར་བ། ནད་ལ་ཕྱི་དཀར་ལ་ནང་དམར་བ། རླུང་ལ་རང་གི་འོག་དུ་མར་ནག་གི་མཚོ་ཁ་ཆུང་ལ་གཏིང་རིང་བ་རེག་བྱ་ཚ་བ་རླངས་དང་བཅས་པའི་ནང་དུ་མིག་མན་ཆད་ནུབ་པ་ལ་ཨའི་བདུད་རྩི་ཞུན་མར་གྱི་རྣམ་པ་བྱུང་ནས་རང་གི་ནད་ཐམས་ཅད་ཞི་བར་བསམ། ཚད་པ་ལ་བདུད་རྩི་དཀར་ལ་རེག་བྱ་བསིལ་བ། གྲང་བ་ལ་བདུད་རྩི་དམར་ལ་རེག་བྱ་ཚ་བ། གདོན་ལ་ངོ་བོ་བདུད་རྩི་ལ། རྣམ་པ་ཁྲོ་ཆུང་མང་པོ་བྱུང་སྟེ། གདོན་ཐམས་ཅད་སྲོག་ཆགས་ཀྱི་གཟུགས་ཆེན་པོ་ལ། ནང་སྡིག་པ་དང་བལ་བ་ལ་སོགས་པས་གང་བ་ལུང་པར་མི་ཤོང་པ་ཙམ་ཐོན་པས་ལུས་ཕྲུ་མ་བུས་པ་ལྟར་དབང་པར་བསམ། སྡིག་པ་དག་རྟགས། རི་རྩེ། གངས་རྩེ། མཁར་མཐོན་པོའི་རྩེར་འཛེགས་པ་དང་། ཉི་ཟླ་ཤར་བ་གོས་མེད་གཅེར་བུར་ཐོན་པ། བུ་མོ་གཞོན་ནུ་མས་མགོ་ལ་མེ་ཏོག་གི་ཕྲེང་བ་འདོགས་པ་ཉི་མ་ལ་སོགས་པ་སྟེ། ཕྱི་མ་ནི་མཁའ་འགྲོའི་བྱིན་རླབས་འཇུག་པའི་རྟགས་ཀྱང་ཡིན། དངོས་སུ་ཡང་ལུས་ཟོ་མདོག་བདེ་བ་དང་། ལྡང་པ་ཡང་པ་ལ་སོགས་པ་འབྱུང་ངོ་།
།དངོས་གཞི་རྒྱུད་ལ་སྐྱེས་པ་ལ་སྔོན་འགྲོ་ཚད་ལ་ཕེབས་དགོས་པས་སྔོན་འགྲོ་ལ་འཇུར་བ་གལ་ཆེའོ། །ངས་ཞག་བཞི་བཅུ་སྔོན་འགྲོ་རྐྱངས་གསུང་། གསོལ་འདེབས་ལ། བདག་དང་སེམས་ཅན་ཐམས་ཅད་ཀྱི། །ཅེས་སོ།

།གཏུམ་མོའི་སྐབས་སུ། གནས་ལུགས་ཀྱི་དོན་ཟབ་མོ་གཞི་ལ་བཞུགས་པ་ལ་སྔགས་མཚན་ཉིད་གཉིས་མཐུན་ཡང་མངོན་དུ་བྱེད་པའི་ཐབས་ཟབ་མི་ཟབ་ཀྱིས་ལམ་ཉེ་རིང་ཡོད། དེ་ལ་ཡང་སེམས་སྤྲོས་བྲལ་ནམ་མཁའ་ལྟ་བུ་ལ་འཇོག་པ་ཕར་ཕྱིན་པ་ལ་ཡང་ཡོད་པས་ཁྱད་ཆོས་མ་ཡིན། བརྟེན་ལུས་ལ་གནད་དུ་སྣུན་པས་རྟེན་པ་སེམས་ལ་རྟོགས་པ་སྐྱེ་བ་འདི་ཁྱད་ཆོས་ཡིན་པས་སྔགས་པ་རྣམས་ཀྱིས་རླུང་སྒོམ་དགོས། རླུང་ལ་ཡང་དྲོད་དང་། ཐུན་མོང་གི་དངོས་གྲུབ་ཐོབ་པ་མུ་སྟེགས་ལ་ཡང་ཡོད་པས་རླུང་གི་སྟོབས་ཀྱིས་སེམས་ཀུན་གཞིའི་རྣམ་པར་ཤེས་པ་བྱིན་གྱིས་རླབས་ཏེ་མཆོག་གི་གནས་སུ་ཞུགས་ནས་ཡེ་ཤེས་སྐྱེ་བ་གཅིག་དགོས། རླུང་ཞི་དྲག་གང་རུང་ཐུན་རེ་མ་སྒོམས་ན་དབང་གཉིས་པའི་དམ་ཚིག་དང་ཡང་འགལ། དེས་ན་འབིར་ཝ་པས། འབྲིང་དམ་ཚིག་དང་སྡོམ་པའི་ལམ། ཞེས་གསུང་པ་དང་ཡང་གནད་གཅིག་སྟེ། དབང་བཞིའི་ལམ་མ་སྒོམས་ན། དམ་ཚིག་འཆོར་མེད་དུ་མི་འབྱུང་བས་སོ།
།དེ་དང་འབྲེལ་ནས་ལམ་བཞི་གསུངས། མེའི་ལྷ་ཡིན་པས་རྗེ་བཙུན་མ་ཎ་ཁ་ཎ་ཡིན། ཞལ་གཅིག་མ་དང་། ཞལ་གཉིས་མ་རང་ཡི་དམ་གང་བྱེད་སྒོམ། དམིགས་པའང་ཀུན་བཏགས་སྒོམ་པ་ཡིན། དངོས་པོ་ལ་གནས་པ་ལ་གསལ་འདེབས་པ་ཡིན་ཏེ། རྐང་པ་བགྲད་པ་རླུང་གི་དཀྱིལ་འཁོར་ཆང་བཟུང་མར་བསྟན་པ་སུམ་མདོའི་མེ་རི་བོང་གི་རིལ་མ་ཙམ་མམ། དམིགས་པ་གང་བདེའོ། །དམིགས་པ་གསལ་མ་ཐེབས་པར་རླུང་ཤོར་ན་འགྲོན་པོ་ཚོང་མ་ཚར་བར་ཟོང་ཟད་པ་དང་འདྲ་བས་དམིགས་པ་གསལ་བཏབ་ལ་རླུང་བཟུང་། བསྒོམ་བྱ་དོན་གྱི་གནད་འཆུགས་ན་ཡོན་ཏན་མི་སྐྱེ་ཞིང་གགས་སུ་འགྱུར་བས་ལུས་ངག་ཡིད་གསུམ་གྱི་གནད་མ་འཆུགས་པར་བྱ། རླུང་དང་ཤེས་པ་ལྟེ་འོག་དུ་འཛིན་པ་གནད་ཆེ། སྟོད་དུ་ལས་ན་གགས་འབྱུང་། མཉམ་བཞག་དུ་རླུང་སྒོམ་པ་དང་། རྗེས་མི་རྟོག་པ་ལ་འཇོག་པ་གཉིས་སྤེལ་མར་བྱས་པས་མི་རྟོག་པ་ལ་རྟེན་ནས་དྲོད་དང་། བདེ་བ་ལ་བོགས་འབྱུང་། དྲོད་དང་བདེ་བ་ལ་རྟེན་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེའོ། །མི་རྒོད་གཏུམ་མོ་ནི། མི་རྒོད་ལྟར་གཏུམ་པའམ། སྟོབས་ཆེ་ལ་མྱུར་བས་མི་རྒོད་དང་མཚུངས་པའོ།
---
།དབང་པོ་རབ་མོས་གུས་ཀྱིས་སྐབས་སུ།
ཡེ་ཤེས་གསལ་བ་སྒྲོན་མེའི་རྒྱུད་ལས། མཚན་དང་དཔེ་བྱད་ལྡན་པའི་ལྷ། །བསྐལ་པ་སྟོང་དུ་སྒོམས་པ་བས། །བླ་མ་དྲན་པ་བསོད་ནམས་ཆེ། །ལྷ་སྐུ་མ་སྒོམ་བླ་མ་སྒོམས། །ལྷ་སྐུ་བྱེ་བ་སྟོང་སྒོམས་པས། །བླ་མ་དྲན་པ་བསོད་ནམས་ཆེ། །ཅེས་པ་དང༌།
དེའི་རྒྱུད་ཕྱི་མ་ལས། གང་གིས་བསྐལ་པ་བརྒྱད་ཁྲི་བཞི་སྟོང་དུ་སྦྱིན་པ་ལ་སོགས་པའི་ཕར་ཕྱིན་དྲུག་སྤྱད་པ་བས་ལྷའི་སྐུ་སྐད་ཅིག་མ་གཅིག་སྒོམས་པ་བསོད་ནམས་ཁྱད་པར་འཕགས་སོ། །ལྷའི་སྐུ་བསྐལ་པ་བརྒྱད་ཁྲི་བཞི་སྟོང་དུ་སྒོམས་པ་བས་བླ་མ་སྐད་ཅིག་མ་གཅིག་དྲན་པ་བསོད་ནམས་ཁྱད་པར་དུ་འཕགས་སོ། །ཅེས་གསུངས་སོ།
།བླ་མའི་གསུང་གིས། བླ་མའི་བྱིན་རླབས་ལ་རྟེན་ནས་སྣང་བ་བདེན་མེད་དུ་ཕྱལ་མ་སོང་ན་དམིགས་པ་ལ་སོགས་པའི་གནད་ཀྱིས་དགེ་སྦྱོར་དམ་དུམ་སྐྱེས་ཀྱང་འཕྲང་མེད་ཅིག་ལས་མི་ཡོང་། བླ་མ་ལ་ཆོས་སྐུའི་འདུ་ཤེས་སྐྱེས་ན། བདེ་དྲོད་རང་འབར། སྒྱུ་མ་རང་ཤར། རྨི་ལམ་རང་ཟིན། འོད་གསལ་རང་ཤར། བར་དོ་རང་འབྱོངས་སུ་འབྱུང་གསུང་ངོ་།
---
།དབང་པོ་རབ་འབྲིང་གཉིས་ཆོས་ཐུན་གསུམ་གསུམ་སྟེ་དྲུག་ཙམ་མཛད་ནས་བཤད་པས་རྒྱབ་སྐྱོར་ཏེ་ངེས་ཤེས་སྐྱེད་པས་འཇུར་དུ་འཇུག །སྤྱིར་ཡང་དགས་པོ་པའི་ལུགས་ཀྱིས་བློ་ཆུན་གྱིས་དོགས་ནས་དམིགས་པའི་ངོ་གདོང་རེ་སྟོན་པ་ལས་ལུང་འདྲེན་དང་བཤད་པ་མང་པོ་མི་འཛད། འདི་པའི་ལུགས་ཀྱིས་མདོ་རྒྱུད་ཀྱི་ལུང་གིས་རྒྱབ་སྐྱོར་ཞིང་། ངེས་ཤེས་སྐྱེད་ནས་ཁྲིད་ཀྱི་ངོ་གདོང་འཇུར་དུ་བཅུག་པས་མདོ་རྒྱུད་ནས་བཤད་པ་དེ་སྒོམ་དོན་དུ་གོ་ཞིང་། སྒོམ་ཆེན་པའི་སྒོམ་དེ་མདོ་རྒྱུད་ནས་བཤད་པར་གོ་བའི་དགོས་པ་ཡོད། མདོ་རྒྱུད་དང་མི་འཐུན་ན་སྒོམ་ལ་སྐབས་སུ་འབབ། བྷི་མ་ལས་ཀྱང་རྒྱུད་པའི་སྐྱོན་བཞི་གསྲུངས་ཏེ།
རྒྱབ་རྟེན་ལུང་དང་བྲལ་བ། ཡིད་ཆེས་ཁུངས་དང་བྲལ་བ། བཅོས་པ་སེལ་དང་བཅས་པ། ཉམས་པ་བདུད་ཀྱིས་བཟུང་བ། བར་ཆད་རྐྱེན་དུ་གྱུར་པའོ།
---
།འབྲིང་གིས་སྐབས་སུ། སྒྱུ་མ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། །ཏིང་ངེ་འཛིན་ཏེ་རྣམ་པར་དཔྱོད་པའི་བྱང་ཆུབ་སེམས་པ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཅེས་པ་དང་།
ཡེ་ཤེས་མངོན་པར་འབྱུང་བའི་རྒྱུད་ལས། སྒྱུ་མ་ལྟ་བུའི་ཆོས་རྣམས་ལ། །སྒྱུ་མ་ལྟ་བུར་སྒོམས་བྱས་ནས། །སྒྱུ་མ་ལྟ་བུར་མངོན་སངས་རྒྱ། །རྨི་ལམ་ལྟ་བུའི་ཆོས་རྣམས་ལ། །ཅེས་སྔར་བཞིན་གསུངས་སོ།
།ཁྱེའུ་རབ་སྣང་ཁྱིམ་བདག་འབྱོར་པ་དང་ལྡན་པ་གཅིག་གི་བུ་ཡིན་ཏེ། དད་པ་དང་ལྡན་པས་ཕ་མ་ལ་ཆོས་ལ་འགྲོ་བར་ཞུས་པས། ཁྱེད་ཆོས་བྱས་པས་ནོར་ཐམས་ཅད་རྒྱལ་པོས་སུམ་དུ་ཡོང་ཟེར་ནས་མ་གནང་བ་ལ། དེར་སངས་རྒྱས་ཀྱི་དྲུང་དུ་ཕྱིན་ཏེ། བདག་རབ་དུ་བྱུང་དུ་ཕ་མས་མ་སྟེར་བས་འདོད་པའི་ཡོན་ཏན་དང་བཅས་ཏེ་ཁྱིམ་ན་གནས་བཞིན། སངས་རྒྱ་བའི་ཆོས་གཅིག་ཞུ་བྱས་པས། སངས་རྒྱས་ཀྱིས། ཆོས་རྣམས་སྒྱུ་མ་རྨི་ལམ་ཞེས། །གང་གིས་ཚིག་རྗོད་དྲན་གྱུར་པ། །ཞེས་པ་ལ་སོགས་པ་དང་ཡང་།
ལས་རྒྱ་མཚོའི་རྒྱུད་ལས། འགྲོ་ཀུན་སྐྱེས་པ་བུད་མེད་སྣ་ཚོགས་པ། །དེ་དག་རང་གི་སེམས་དང་ཐ་དད་མེད། །དེ་དག་སྒྱུ་མའི་སྣང་པར་རབ་ཤེས་པས། །དེ་ཚེ་སངས་རྒྱས་ལག་དུ་གཏོད་པར་འགྱུར། །ཞེས་གསུངས་སོ།

།རང་ལུས་ལྷ་སྐུར་སྒོམ་པ་ལ་སོགས་སྣང་སྲིད་ཀྱི་ཆོས་ཐམས་ཅད་རང་གི་སེམས། སེམས་བདེན་མེད་རྨི་ལམ་དུ་ཡིད་ལ་བསམ་ཞིང་། ཚིག་དུ་བར་མ་ཆོད་པར་རྗོད་པས་ཉིན་བར་གྱི་དུས་འདའ། མཚན་མོའི་དུས་སུ་རང་གི་དགོན་པ་དང་། བླ་མ་གྲོགས་མཆེད་ལ་སོགས་པ་ཡིད་ལ་གཅགས་པའི་བག་ཆགས་རྣམ་རྟོག་འགྱུ་བས་དེ་བཀག་པས་མི་ཁེགས། སྤངས་པས་མི་སྤོངས། བཞག་པས་མི་སྟོད་པས། གང་སྐྱེས་རྔོན་པའི་ཁྱིས་རི་དགའ་དེད་པ་བཞིན་དུ་ཉམས་སུ་བླང་ཅེས་རྨོག་ཅོག་པ་གསུང་ངོ་།

།སྣང་བ་མ་ངེས་པ་ཇི་ལྟ་བུ་ལགས་ཀྱི་སྐབས་སུ། དགས་པོ་རིན་པོ་ཆེ་དང་། ཟུར་ཆུང་ཤེས་རབ་གྲགས་ཀྱི་གཏམ་རྒྱུད་གསུང་། བཀའ་རྩལ་པ། ལྷའི་བུ། ས་ལ་སར་སྣང་བ་ཡོད། ས་ལ་ཆུར། ས་ལ་མེར། ས་ལ་རླུང་དུ། ས་ལ་མཁར་སྣང་བ་ཡོད་དོ། དེའི་ཕྱིར་མ་ངེས་སོ།
།དེ་ཡང་སྲོག་ཆགས་སྦལ་པ་ལ་ས་ལ་ནམ་མཁའི་འདུ་ཤེས་ཡོད་པས། ཁོས་འོག་བས་རྒྱུག་པ། སྟེངས་ནས་རྟ་རྒྱུག་པས་མི་ཟིན། རྒྱ་ཡུལ་ན་མེ་བྱི་ཡོད་པ་ཀུན་མེ་ལ་ཟབ་གོས་ཀྱི་སྣང་བ་ཤར་ནས་རྡོ་སོལ་གྱི་རི་ལ་ཆར་བབས་མེ་ཆེར་འབར་བས་མེ་བྱི་ལུས་སྟོབས་དང་ལྡན་པ་ལུག་ཙམ་ཡོང་། མེ་ཆུང་ན་མདངས་མེད་པ་བྱི་བླ་ཙམ་དུ་འགྲོ། ནམ་མཁའ་ལ་སར་འདུ་ཤེས་པ་ནི་མུ་སྟེགས་རྟག་པ་བས་ནམ་མཁའ་ལ་ལག་པ་རྒྱབ་པས་ཏོག་སྒྲ་ཡོང་བ་དང་། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ལྷོ་ཕྱོགས་ཀོམ་ཀ་ནར་བྱོན་པས་མེ་ཏོག་རྩི་ཤིང་ནགས་ཚལ་ཐམས་ཅད་ནམ་མཁའ་ལས་སྐྱེ་བ་འདུག་ནས་ངེད་ཀྱི་ཡུལ་ན་ས་ལ་སྐྱེ་བྱས་པས་བློར་མ་ཆུད་གསུང་། གཞན་ཡང་བྱ་རོག་དང་། མིའི་ཉིན་མོ་ལ་སྲིན་བྱ་དང་འུག་པའི་མཚན་མོ། ཁོ་པའི་ཉིན་མོ་ལ་མི་དང་བྱ་རོག་གི་མཚན་མོར་འདུ་ཤེས་པས། དེའི་ཕྱིར་ཡང་སྣང་བ་མ་ངེས་པའོ། །ཞེས་གསུངས།

ནང་བ་རང་སེམས་ལ་གསུམ་སྟེ། གྲུབ་མཐའ་ཁས་ལེན་ནི། མྱོང་བ་གཉིས། སྐྱོ་ཤེས་པ་རང་རིག་རང་གསལ་ལ་བདེན་འཛིན་ཡོད་པ། བཀའ་ཐ་མ་དོན་དེ་རྣམ་པར་ངེས་པ་ནས་བཤད་པ་དེ་ནི་སྣང་བ་སེམས། སེམས་ངེས་བཟུང་དང་བྲལ་བའི་ཟུང་འཇུག་ཡིན་ཏེ། ཡང་དག་དོན་ལ་གནས་ནས་ནི། །སེམས་ཙམ་ལས་ནི་འདའ་བར་བྱ། །སྣང་མེད་གནས་པའི་རྣལ་འབྱོར་པ། །དེ་ཡིས་ཐེག་པ་ཆེན་པོ་མཐོང་།
།སྔགས་ཀྱི་ནི་སྣང་བ་སེམས། སེམས་ལྷའི་སྐུ་ངོས་བཟུང་ཐམས་ཅད་དང་བྲལ་བའོ། །མཚན་ཉིད་ཐེག་པའི་ལུགས་ཀྱིས་མཉམ་བཞག་སྣང་སྟོང་ནམ་མཁའ་ལྟ་བུ་དང་། རྗེས་ཤེས་བདེ་སྟོང་སྒྱུ་མ་ལྟ་བུ་ཞེས་མཉམ་རྗེས་ལ་ཉམས་ལེན་ཐ་དད་དུ་འདོད་ལ་འདིར་ཐ་དད་མི་་་་་་།

།གསོལ་བ་སྒྱུ་མ་ལྟ་བུར་ཇི་ལྟར་བལྟ་བར་བགྱི། བཀའ་སྩལ་པ། ཡུལ་དབུས་ན་རྒྱལ་པོ་དཔའ་བ། སྡུག་ཅིང་ལོ་ལེགས་པ་ཅིག་ཡོད་པ་ལ། རྟ་སྲེད་བྱུང་ནས་རྒྱལ་སྲིད་ཉམས་སུ་བྱུང་བ་ལ། བཙུན་མོས་སྒྱུ་མ་མཁན་པོས་ཏེ་རྟ་ལ་སྐྱོ་བ་སྐྱེ་བའི་ཐབས་གྱིས་ཤིག་བྱས་པས། སྒྱུ་མ་མཁན་གྱིས་སྒྱུ་མའི་རྟ་ཚོ་ལ་ཚུགས་བཟང་བ། འགྱོགས་པ་སྤུ་ཐོག་ལེགས་པ་གཅིག་སྤྲུལ་ནས་སྒོ་དྲུང་དུ་འདུག །བཙུན་མོས་རྒྱལ་པོ་གསེར་ཁྲིའི་སྟེང་ན་འདུག་པ་ལ། རྟ་མི་ཉོའམ་བྱས་པས། རྟ་ཇི་འདྲ་ཅིག་འདུག་ཟེར། སྔར་གྱི་རྣམས་ཀྱིས་ཆེས་ལྷག་པ་ཅིག་གདའོ། བྱས་པས། རིངས་པའི་ཚུལ་གྱིས་སྒྱུ་མ་མཁན་གྱི་རྩར་སོང་ནས་རིན་ཅི་ཙམ་འདོད་ཟེར། རྒྱལ་སྲིད་ཕྱེད་འདོད་བྱས་པས། ཆགས་ཐོགས་མི་འདུག །ཧྲིལ་འདོད་བྱས་པས་ཀྱང་སྔར་བཞིན། བཙུན་མོ་དམ་པ་རྣམས་ཀྱི་ཕྱེད་འདོད་བྱས་ཀྱང་། ཧྲིལ་འདོད་བྱས་ཀྱང་སྔར་བཞིན། སྲས་དམ་པ་རྣམས་ཀྱི་ཕྱེད་འདོད་བྱས་པས། ཅུང་ཟད་ཚོམ་བྱས་ནས། བང་འགྲོས་ཅི་འདྲ་ཡོད་ཟེར། རྒྱལ་པོ་རང་གཟིགས་ཅིག་བྱས་པས། རྒྱལ་པོ་རྟས་ཁྱེར་ཏེ། དེ་ཡང་རྩ་མེད་ཆུ་མེད་པའི་འབྲོག་དགོན་པ་གཅན་ཟན་གདུག་པ་ཅན་གྱིས་གང་བ་གཅིག་དུ་ཁྱེར་ནས་རྒྱལ་པོ་སྐྱུར་ཏེ་རྟ་བྲོས། དེར་རྒྱལ་པོས་མྱ་ངན་བྱེད་ཅིང་ཕྱོགས་གཅིག་ན་ཕར་ཕྱིན་པས་དུད་དྲི་ཅིག་བྱུང་། དེར་གོར་མ་ཆག་མི་དང་ཕྲད་པར་འགྱུར་སྙམ་ནས་ཕྱིན་པས། ཁང་ཆུང་གཅིག་ན་རྒན་རྒོན་གཉིས་ལ་བུ་མོ་ཤིན་ཏུ་ལེགས་པ་གཅིག་དང་། བུ་ལྐུགས་པ་གཅིག་འདུག །སྔར་གྱི་ལོ་རྒྱུས་རྗོད་པས་རྒན་མོ་ན་རེ། ད་ཁྱེད་རང་གི་ཁབ་དུ་ཕྱིན་བྱ་བ་མི་ཡོང་བས་འདིར་སྡོད། བཙུན་མོ་རྣམས་དང་ཕྲད་བྱ་བ་མི་ཡོང་བས་ངའི་བུ་མོ་འདི་དང་སྟབས་གཅིག་གྱིས་ཟེར། དེ་བཞིན་བྱས་པས་བུ་ཚ་གཉིས་བྱུང་། དེ་ནས་རེ་ཤིག་ན་རྒན་པོ་ན་རེ། རྒྱལ་པོ་ཁྱེད་བསོད་ནམས་དང་ལྡན་པ་ཡིན་པས་ངའི་བུ་འདི་ལ་བྱམས་པར་གྱིས་ཤིག་ཅེས་ཟེར་ནས་ཤི །དེ་བཞིན་དུ་གཞན་རྣམས་ཀྱང་དེ་སྐད་ཟེར་ཞིང་། ལྐུགས་པ་ལ་དུས་ཚོད་གཅིག་ནང་ཁ་བྱུང་ཞིང་། རྒྱལ་པོ་ཁྱོད་བསོད་ནམས་དང་ལྡན་པ་ཡིན་པས་སྐྱིད་པ་གྱིས་ཟེར་ཏེ་ཤི །དེར་མྱ་ངན་སྐྱེས་ནས་ཉི་གྲིབ་འཚམས་སུ་རྔུལ་ནར་ར་ར་འདུག །དེར་བཙུན་མོ་ན་རེ། ད་གསེར་མ་འཇུག་པར་འགྱུར་བས་སྒྱུ་མ་ཤིག་ཟེར། བཤིག་པས། ལོ་དྲུག་བརྒྱ་སོང་བ་ལ་གྲིབ་མ་སོར་བཞི་ལས་མ་འདས་པར་འདུག །དེར་བདག་གི་རྒྱལ་སྲིད་བཙུན་མོ་དང་བཅས་པ་ཐམས་ཅད་སྔར་གྱི་སྒྱུ་མ་དང་ཁྱད་པར་མི་འདུག་སྙམ་ནས་སངས་རྒྱས་ཀྱི་དྲུང་དུ་རབ་དུ་བྱུང་ནས་སྒྲུབས་པས་དགྲ་བཅོམ་པའི་འབྲས་བུ་ཐོབ་སྟེ། ལྷའི་བུ་དག་སྒྱུ་མ་ནི་དེ་ལྟ་བུའོ། །ཞེས་གསུངས་དང་།

།ཆགས་སྡང་རང་གྲོལ་ནི། རྣམ་འགྲེལ་ལས། ཙན་དན་སྟེ་འུ་མཚུངས་པ་ལ། །ཆགས་བྲལ་ཞེས་ནི་བརྗོད་པ་ཡིན། །ཞེས་གསུངས་སོ།
།ཡང་གསོལ་བ། འཕགས་པ། རྨི་ལམ་ནི་ཇི་ལྟ་བུར་བལྟ་བར་བགྱི། བཀའ་སྩལ་པ། རྒྱ་གར་ལྷོ་ཕྱོགས་ན་རྒྱལ་པོ་ཟླ་བ་ཞེས་བྱ་བ་ལ་བུ་མོ་གཟུགས་མཛེས་པ་ལྟ་ན་སྡུག་པ་རིན་པོ་ཆེའི་བརྒྱན་རང་ཆས་སུ་ཡོད་པ་ལ་རེ་ཤིག་ན་དེ་མྱ་ངན་གྱི་ཁང་པར་ཞུགས་པར་གྱུར་ཏེ། གཡོག་པོ་སུམ་བཅུ་རྩ་གཉིས་ཀྱི་ནང་ནས་དྲག་ཤོས་སུ་གྱུར་པ་ཅིག་གིས། ལྷ་འདི་ལྟ་བུའི་ཕུན་སུམ་ཚོགས་པའི་དུས་སུ་ཅིའི་ཕྱིར་མྱ་ངན་བྱེད་ཅེས་དྲིས་པས། འདི་ལྟར་འབྱོར་པར་གྱུར་པ་ཉིད་ཀྱིས་བདག་གི་ཁྱིམ་ཟླར་འོས་པ་མི་རྙེད་པས་སོ། །ཅེས་པ་དང་།
འོ་སྐོལ་རང་གི་དགྲ་ཟླར་གྱུར་པ་ལ་བུ་མཛེས་ཤིང་ལྟ་ན་སྡུག་པ་ཅིག་ཡོད་པར་འདུག་པས་དེ་དང་གཉེན་བྱའོ། །ཞེས་བྱས་པས།
རུང་ཟེར་ནས་རིན་པོ་ཆེའི་བརྒྱན་ཁལ་སྲང་བྱེ་བ་རི་བ་ཙམ་སྐུར། དེར་རྒྱལ་བུས་ཀྱང་དེ་ལྟ་བུ་ཅིག་སྐུར་སྐད། དེ་དགེས་ཏེ་སྡུག་བསྔལ་ལས་ཐར། མྱ་ངན་གྱི་ཁང་པ་ནས་ཐོན་ཏེ། ལྷའི་རྨི་ལམ་ན་རྒྱལ་བུ་མཛེས་པ་དེ་དང་འགྲོགས་ནས་བུ་ཡིད་དུ་འོང་བ་གཅིག་བརྩས་པས་དགའ། དེ་ནས་བུ་ཤི་བས་མྱ་ངན་དུ་གྱུར་པ་དང། གཉིད་སད་ཁར་སངས་རྒྱས་ཡེ་ཤེས་བླ་མས། ཛ་ཡ་སིད་དྷི་བསོད་སྙོམས་བླང་། གསུངས་པས། མོས་ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། །བུ་ཕོ་སྐྱེས་ཏེ་ཤི་བ་དེ་མཐོང་ནས། །བྱུང་ནས་དགའ་ཞིང་ཤི་ནས་མི་དགའ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཅེས་ཐོས་ཤིང་རྨི་ལམ་དྲན་པས་སྐྱོ་བ་སྐྱེས་ཏེ། ཁྱིམ་སྤངས་ནས་སྒྲུབས་པས་འབྲས་བུ་ཐོབ་ནས། རྨི་ལམ་ནི་དེ་ལྟ་བུའོ།
།ཡང་ལྷའི་བུས་གསོལ་པ། སྣང་བ་མི་བདེན་པ་རྫུན་པ་ཡིན་ན། ཅིའི་ཕྱིར་ས་རྡོ་རི་བྲག་ལ་སོགས་པ་སྲ་ཞིང་མཐས་༼ཟུར་ཆུང་ཤེས་རབ་གྲགས་པས་མཚན་ཉིད་པའི་དགེ་བཤེས་དང་བགྲོ་གླེང་བྱས་པས་ཀ་བ་ཆོས་ཅན་བྱས་པས་ཉིད་ལ་ཐོག་ལགས་ཏེ་ཟུར་ཆུང་ལ་མི་ཐོགས་ལགས་གསུངས་ནས་ཀ་བ་ལ་ཕྱག་གིས་ཕར་ཐལ་མཛད། འདུས་མ་བྱས་ནམ་མཁའ་ཆོས་ཅན་བྱས་པའི་ཉིད་ལ་འདུས་མ་བྱས་ལགས་ཏེ། ངན་པོ་ལ་འདུས་བྱས་སུ་མཆིས་གསུངས་ནས་ཞབས་དཀྱིལ་ཀྲུང་བྱས་ནས་བཞུགས་ལགས་སོ། །དྭགས་པོ་རིན་པོ་ཆེ་ཉིད་ཆེ་བས་སྣང་སེམས་གཅིག་ཏུ་འདྲེས་པ་ལ་ཅི་འདྲ་བ་ཞིག་མཆིས་ཞེས་པས། འདི་རང་མཆིས་གསུངས་ནས། ཀ་བ་ལ་ཕར་ཐལ་ཚུར་ཐལ་མཛད་དོ། །སྣང་བ་སེམས་སུ་ཤེས་ལ་གོ་བ་ཡུལ་འཛིན་གྱི་དྲི་མ་དང་བཅས་ཞེས་པ་རྣམས་བསྡམས། ཡུལ་མེད་རང་ངོ་ཤེས་པ་ཏེ་རྟོགས་པས་ནང་སེམས་གཅིག་ཏུ་འདྲེས་པ་ལ་བསྟན་པ་ཐོབ་པ་ཡིན།༽པར་སྣང་ཞེས་གསོལ་པ་དང་།
བཀའ་སྩལ་པ། ལྷའི་བུ་དག་དྲང་སྲོང་མེས་བྱིན་གྱིས་སྟག་དུ་སྒོམས་པས་དེས་མི་མང་པོ་ཟོས་པ་དང་། ཡང་དགེ་སློང་གཅིག་ལ་ཀླུ་སྲིན་མོ་གནོད་པ་ལ། ཀེང་རུས་སུ་སྒོམས་པས་དེའི་བག་ཆགས་བཏས་ནས། ང་ལ་མ་རེག་ཅིག་འཇིག་པར་འགྱུར་རོ། །ཞེས་བག་ཆགས་ཡུན་ཐུང་པས་ཀྱང་དེ་ལྟར་ཨ་འཐས་སུ་འགྱུར་ན། ཐོག་པ་མེད་པ་ནས་བསགས་པའི་བག་ཆགས་ངན་པ་ལ་ཡུན་རིང་དུ་གོམས་པས་ཅིའི་ཕྱིར་བདེན་པར་མི་འཛིན་ཏེ། ཨ་འཐས་སུ་ཞེན་པས་སོ། །ལྷའི་བུ་དེའི་ཕྱིར་མི་བདེན་པར་རྟོགས་པར་བྱའོ། །ཅེས་གསུངས།
།འདི་མི་བདེན་པ་རྫུན་པའི་སྐབས་སུ་སྦྱོར་བ་ཡང་སྣང་ངོ་། །དེ་ཡང་སྒྱུ་མ་ནི། སྣང་ལ་བདེན་པ་མེད་པ་གཅིག་ལ་ཟེར་ཏེ།
སྣང་ཡང་བདེན་པར་མ་གྲུབ་ཅིང་། །སྟོང་པར་འཛིན་པས་མ་སླད་པ། །ཅེས་དང་།

སྒྱུ་མ་འདི་ནི་ཡོད་མེད་ལས་འདས་ཤིང་། །དབུ་མ་ཙམ་དུའང་མི་གནས་ཀུན་རྫོབ་སྟེ། །སྣང་སྲིད་ཐམས་ཅད་སྒྱུ་མའི་རང་བཞིན་ལས། །འགག་པ་མེད་པའི་རོལ་པར་རང་ཤར་རོ། །ཅེས་གསུངས་སོ།

།དེ་ཡང་སྒྱུ་མའི་སྣང་བ་དེ་རྒྱུ་རྐྱེན་ཚོགས་ན་འབྱུང་གི །མ་ཚོགས་ན་མི་འབྱུང་སྟེ། ཟླ་བའི་དཀྱིལ་འཁོར་དངས་ཤིང་། ནམ་མཁའ་ལ་སྒྲིབ་བྱེད་མེད་ན། འཛམ་གླིང་གི་ཆུ་སྐྱོགས་ཐམས་ཅད་དུ་ཟླ་བའི་གཟུགས་འཆར་ཞིང་། ཆུ་སྐྱོགས་འགྱེལ་ན་ཟླ་བ་ཆུས་ཁྱེར་བའམ། སྣོད་ལ་ཐིམ་པ་མ་ཡིན་ཏེ། རྒྱུ་རྐྱེན་ཚོགས་པ་ཞིག་པས་མི་སྣང་བའོ།
སངས་རྒྱས་སྟོན་པའི་ཞལ་ནས། སྐྱེས་པ་སྟག་དོང་དང་བཅས་ནས་སངས་རྒྱ། ཡོན་ཏན་མཁན་པོ་ལག་ཆ་དང་བཅས་ནས་སངས་རྒྱ། བུད་མེད་བལ་སྐུར་དང་བཅས་ནས་སངས་རྒྱ། གཙོ་བོ་མདུན་མ་དང་བཅས་ནས་སངས་རྒྱ་བའི་ཆོས་ཡིན་གསུང་ངོ་།
Atisha and Rinchen Zangpo
།ཇོ་བོ་རྒྱ་གར་ལ་བྱོན་དུས་སུ་རིན་ཆེན་བཟང་པོའི་ཐུགས་དགོངས་ལ། ང་རང་མཁས་ཀྱང་ལོ་ཙཱ་བའི་༼ཇོ་བ་ཨ་ཏི་ཤ་ལྷ་བཙུན་ཁུ་དབོན་གྱིས་གདན་འདྲེན་པ་ལ་ནག་ཆོའི་ལོ་ཙཱ་བས་མགོ་བྱས་གཅེས་ཕྲུག་སུམ་བཅུ་རྩ་གཉིས་ཀྱིས་གསེར་མང་པོ་ཁྱེར་ནས་ཕུལ་ཏེ། རྒྱ་རྩོན་སེང་དང་བཅས་པས་གདན་དྲངས་པས་ཞལ་གྱིས་བཞེས། དེའི་ནུབ་ཀྱི་རྨི་ལམ་དུ་ཉི་མ་བརྒལ་བ་དང་། རིས་སྦལ་གྱི་སྣ་ཁུང་དོག་པོ་བདག་འགྲོ་བ་ཉི་མ་གཅིག་ཤར་བ་གསུམ་བྱུང་ནས། རྣལ་ལམ་ངན་སྙམ་ནས་རི་མོ་ནག་པོའི་ཁུང་གསེང་ན་བླ་མ་ར་ཧུ་ལ་བཞུགས་པ་ཅན། རྣལ་ལམ་ངན་པ་ཟློག་པ་དང་སྤྱི་ཕྱག་སྐྱེལ་བའི་ཕྱིར་པཱུ་ཛ་བཤམས་པས་འཁར་པཎྜི་ཏ་བཅོ་ལྔ་དང་བཅས་པ་བཞུགས་ཞིང་འདུག །ཐམས་ཅད་གསུང་གླེང་དང་། སྤྱན་ཕར་ཆེར་ཚུར་ཆེར་ལ་སོགས་པ་གང་ཡང་མེད་པར་རང་རང་གི་གྲལ་ལ་འཁོད། མཎྜལ་དང་། ཀ་པ་ལ་སོགས་པ་སོ་སོ་ནས་མཛད་ནས་ཚོགས་འཁོར་མཛེད། མདུན་དུ་བླ་མའི་གསུང་ནས། མཆོག་གྲུབ་པ་ཡིན་ནམ་ཐུང་ངོ་། །སྒྲུབ་པ་ཡིན། སྨོན་ལམ་གྱི་གསུང་བ་ལ། ལས་ཀྱི་རྡོ་རྗེ་གཅིག་ན་རེ། པཎྜི་ཏ་འདི་བོད་དུ་གཤེགས་པའི་ཕྱག་འཚལ་བ་དང་། རྣལ་ལམ་ངན་པ་ཟློག་པའི་དོན་དུ་ཡིན། ཞེས་གསུངས་པས། རྣལ་ལམ་ཇི་འདྲ་བྱུང་གསུང་། སྔར་གྱི་རྣམས་བཤད་དེ། འཆི་བ་དང་། བར་དོ་དང་། དེར་འོད་གསལ་ཀྱི་ཡེ་ཤེས་འཆར་བ་ཡིན་ལ་གྲུབ་པའི་བླ་མའི་གསུང་གི་རྨི་ལམ་ངན་པ་མ་ཡིན། ཉོན་མོངས་པ་ཉི་མ་བརྒལ་བ་བཞིན་འགྲོ་བ་ཡིན། སྤྱོད་པ་རང་སར་རྩེ་མོ་དང་། ཁྱེད་ཀྱི་ཆོས་ཀྱི་ཁྲི་གདུགས་ལ་བབ་བཞིན་ཁྱབ་པར་འགྱུར་བའམ་གསལ་པོ་འདི་ན་འབོད་ཀྱང་བདེ་གདུག་པ་བརྩེ་བའི་སྙིང་རྗེ་ཆེན་པོ་ལྷ་གཅིག་དགྱེས་ནས་ཐུགས་རྗེ་ཆེ་རིན་པོ་ཆེ་ཆོས་རྣམས་རྫོགས་པར་གནང་སྟེ་ཚུར་བྱོན་ནས་གུ་གེར་ཕེབས་པ་དང་།༽ མིང་ལས་མི་འདུག །ཁོང་ལ་པཎྜི་ཏའི་མིང་འདུག་པས་གསུ་བ་ལ་འགྲོ་དགོས་སྙམ་སྟེ། གསུ་ནས་ཐོ་ལིང་གི་གཙུག་ལག་ཁང་དུ་གདན་དྲངས་པས་འོག་གི་བྱ་སྤྱོད་ཀྱི་ལྷ་ཚོགས་ཀྱི་ཐུགས་ཁར་ལྕག་བཙུགས་ནས་བསྟོད་རེ་མཛད་པས། བྱ་སྤྱོད་ཀྱི་རྒྱུས་ཆེ་རབ་ཡོད་པ་ཅིག་འདུག་སྙམ། བར་ཁང་དུ་ཡོ་གའི་ལྷ་ལ་སྟོད་པས་ཡོངས་སུ་རྫོགས་པའི་པཎྜི་ཏ་ཡིན་ནམ་སྙམ། སྟེང་ཁང་བླ་མེད་ཀྱི་ལྷ་ལ་སྟོད་པས་ཡོངས་སུ་རྫོགས་པའི་པཎྜི་ཏར་འདུག་སྙམ་ནས་མོས། །དེར་ཇོ་བོའི་གསུང་གིས། ལྷའི་བཀོད་པ་ལེགས། བོད་ན་ཁྱོད་ལྟ་བུ་འདུག་པས། ང་ཡོང་མི་དགོས་པར་འདུག་པ་ལ་གསུང་སྟེ། མཉེས་ནས། འདི་རྣམས་ཉམས་སུ་ཇི་ལྟར་ལེན་གསུང་། སྲོད་ལ་བྱ་སྤྱོད། གུང་ལ་ཡོ་གའི་ཐོ་རངས་བླ་མེད་ཀྱི་ཐུན་གསུམ་དུ་རིམ་པ་བཞིན་སྒོམ་ཞུས་པས། སྙིང་པོ་སྡུ་བ་མི་ཤེས་པར་འདུག་གསུང་ནས་མ་མཉེས་པས། ང་རྒྱལ་ཆག་ནས། གདམས་པ་ཚིག་ཉུང་ལ་དོན་དུ་འདྲིལ་བ་ཉམས་སུ་བླང་བདེ་བ་ཅིག་ཞུ་བྱས་པས། དེ་ཡང་ཡིན་ཏེ། ཆོས་བཞིན་བྱས་ན་༼མ་མཉེས་པར་སྤང་ཐག་ཕྱིར་བྱུགས་ནས། བོད་ན་ཁྱོད་ཀྱིས་མཁས་པ་ཅིར་མི་འདུག །ཁྱོད་ཀྱིས་ཀྱང་ལྷ་གཅིག་དུ་སྡུ་བའི་མན་ངག་མི་ཤེས་པར་འདུག་པས། ང་གོང་དུ་འོང་དགོས་པར་འདུག་གསུང་༽འཐད་གསུང་། སྒོམས་པ་ལ་མི་མཉེས་པར་འདུག་སྙམ་ནས། བཤད་པ་ཞུ་བ། སྔར་བཞིན་སྤེལ་མར་བྱའམ། དེ་དང་དེའི་དོན་མ་གོ་བྱས་པས། ཚེ་བློས་ཐོང་། གསུམ་གསུང་། དེར་སྔར་གྱི་མཐར་ཐུག་བཅུ་གསུམ་ལ་སོགས་པའང་ཚེ་འདིའི་བརྒྱན་དུ་སོང་འདུག་པས་ཚེ་བློས་བཏང་ལ་སྒྲུབ་སྙམ་པ་ལ། ཇོ་བོ་ན་རེ། རྒྱ་ལོ་ཙ་བ་ཤི་བས་ངའི་ལྕེ་ཆད། ད་ཁྱོད་འགྲོ་དགོས་གསུང་པ་ལ། དབུ་སེ་སོང་པ་བསྟན་ནས་མ་གསན་པར་ཡར་ལོག་སྟེ། ཕྱི་སྒོ་ལ། རྣལ་འབྱོར་གྱི་དབང་ཕྱུག་རིན་ཆེན་བཟང་པོ་ཞེས་བྱ་བ་དུས་ད་ནས་བཟུང་ནས་སངས་རྒྱས་མ་ཐོབ་ཀྱི་བར་དུ་སྒོ་འདི་ལས་འཐོན་ན། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས། མགོ་བོ་ཚལ་པ་སྟོང་དུ་ཁོས་ཅིག་བྱ་བ་སྣག་ཚས་བྲིས། བར་བ་ལ་ཆོས་མིན་གྱི་རྣམ་རྟོག་སྐད་ཅིག་མ་གཅིག་རྒྱུ་ན། ཟངས་ཀྱིས་བྲིས། ནང་མ་ལ་ལུས་ངག་ཡིད་གསུམ་བྱ་བ་དང་སྤྱོད་པ་ཐམས་ཅད་ཆོས་དང་མི་སྟུན་ན། དངུལ་གྱིས། གཟིམས་མལ་གྱི་ལོགས་ལ་མལ་འདི་ལས་གཡོ་ན། ཅེས་པ་གསེར་གྱིས་བྲིས་ནས་སྒྲུབས་པས་མཁའ་སྤྱོད་དུ་བྱོན། འགའ་ཞིག་ན་རེ། འགའ་ཞིག་ན་རེ་མཁའ་སྤྱོད་དུ་བྱོན་པའི་པུ་ཧྲངས་ལོ་ཆུང་ཡིན་ཡང་ཟེར། ཇོ་བོས་ཀྱང་མཐུན་འཇུག་སྤངས་ནས་ཚེ་བློས་བཏང་བའི་ཕྱག་ལེན་ཁོ་ན་མཛད། གྲོངས་པའི་དུས་སུ་ཡང་ཟབ་ཆོས་ཡོད་ཟེར་བའི་བསེའི་གའུ་ཅིག་ཆོས་སྐྱོང་ལ་གཏད་ནས་ཁ་འབྱེད་མི་ནུས་པར་ཡོད་པ་ལ། ཧོར་གྱིས་བཤགས་ནས་ཤོག་རིལ་མང་པོ་བྱུང་སྟེ། སུས་ཐོབ་བྱས་ལྟས་པས། འཆི་བ་ཡིན་ཅེས་པ་བརྒྱ་རྩ་རེ་དང་། ངེས་པར་འཆི། ནམ་འཆི་ཆ་མེད། ཅེས་ཀྱང་དགོས་པ་མེད།
།ཚེ་རིང་ཚེ་ཐུང་གཉིས་ཀ་ཡང་། །འཆི་བའི་ཚེ་ན་དེ་འདྲར་ཟད། །ཚེ་རིང་འོང་ན་ཚེ་རིང་ཤོག །ཚེ་ཐུང་འོང་ན་ཚེ་ཐུང་ཤོག །ཅེས་པ་མང་དུ་བྲིས་འདུག་གསུང་།
དེར་འགའ་ཞིག་ན་རེ། ཆོས་ཀྱི་མཁས་བཤད་དཀའ་ཟེར། བསམ་པ་དང་ལྡན་པ་འགའ་ཞིག་གི་སེམས་ལ་ཟུག་ནས། ཚེ་བློས་བཏང་ནས་སྒྲུབ་པ་མཛད་དོ།
།ལོངས་སྤྱོད་ཆེ་ཆུང་གཉིས་ཀ་ཡང་། །གཏམ་སྙན་གཏམ་ངན་གཉིས་ཀ་ཡང་། །འཆི་བའི་ཚེ་ན་དེ་འདྲར་ཟད།
Kharak Gomchung
ཁ་རག་པས་འཕན་ཡུལ་བེའུ་ཀ་རུའི་བྲག་ལ་སྒྲུབ་པ་མཛད་པའི་ཚེ། པུ་ཏོ་བ་བྲག་ཕ་གི་ལ། རྩང་ངུ་སྒོམ་ཆུང་སྒོམ་བྱེད་དེ། །ཐོས་ཆུང་སྒོམ་ཆེན་བྱེད་པ་ནི། །ལག་རྡུམ་བྲག་ལ་འཛེག་པ་འདྲ། བྱ་བ་ཡིན་བྱས་ཤིང་། ཞལ་བག་རེ་བཏང་བས། སྐད་ལ་རྒྱུགས་སུ་གྲྭ་པ་རྣམས་ཀྱིས་ཀྱང་སྐུར་པ་བཏབ། དེར་འཐབ་དུ་བཏུབ་ངེས་དང་མེད་པ་ལྟར་འདེང་གསུང་ནས་ཕྱིན། ཐོ་ལྔ་ལ་ཡི་གེ་རེ་བྱས། ཤར་གྱི་ལྷ། ཉམས་ཆུང་བདག་ལ་རྐྱེན་ངན་གནོད་པ་མང་། །བརྟན་པ་ཐོབ་ནས་རྐྱེན་ངན་གྲོགས་སུ་འཆར། །ནགས་ཀྱི་མེ་དང་མེ་སྟག་ཇི་བཞིན་དུ། །གཅིག་བུར་སྡོད་པ་ཁོ་བོའི་དབྱར་དམ་ཡིན།
།ཅེས་ཕྱོགས་བཞི་དབུས་དང་ལྔ་མཐོང་བས། སྐྲག་ཆུམ། མོས་ཐིང་སོང་། ནང་དུ་བྱོན་ནས་ཉམས་ལེན་གང་ལ་བྱས། ཉམས་སུ་ཇི་ལྟར་མྱོང་བྱས་པས།
དལ་འབྱོར་རྙེད་པར་དཀའ་བ་དང་འཆི་བ་མི་རྟག་པ་སྒོམས་པས་ཚེ་འདི་ལ་བློ་ལྡོག་དགོས་པར་གོ །ལས་རྒྱུ་འབྲས་དང་། འཁོར་བའི་ཉེས་དམིགས་སྒོམས་པས་འཁོར་བ་མཐའ་དག་ལ་བློ་ལྡོག་དགོས་པར་གོ །བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམས་པས་ཐེག་ཆུང་ལས་བློ་ལྡོག་དགོས་པར་གོ །གནས་ལུགས་སྟོང་བ་ཉིད་སྒོམས་པས་གཟུང་འཛིན་ལས་བློ་ལྡོག་དགོས་པར་གོ །ཅེས་སོགས་གསུངས་པས་མོས་ནས།
ཁྱེད་ནི་སྒོམ་ཆུང་གཅིིག་མི་འདུག །སྒོམ་ཆེན་ཅིག་འདུག་གོ །སྨྲ་བའི་སེངྒེ་ཅིག་གདའོ། །མིའི་སྐྱེས་མཆོག་ཅིག་གདའོ། །ཞེས་བསྟོད་པ་མང་དུ་མཛད་དོ།
།དེ་ནས་ཆོས་སྟོན་ལྟོ་སྐྱེད་བྱེད་དགོས་གསུང་ནས། སྔར་ལོ་མ་ཕྱངས་རེ་གསོལ་བ་ལ། གཉིས་གཉིས་སྣན་ནས་བཙོས། སྔར་ཕྱ་གཟར་རེ་ལ། གཉིས་གཉིས་སྣན་ནས་གསུམ་གསུམ་དྲངས་ཤིང་ཁོང་རང་གིས་ཀྱང་གསོལ་བས། ཚོད་མ་ཕོར་བའི་ཞབས་འཁོར་བ་རེ་དང་། དཔོལ་ཆུང་རེ་བྱུང་། དེ་ནས་ཕྱིར་བྱོན་པས། བུ་ཏོ་བ་ལ་རི་དགས་རྣམས་འབྲོས། ཁོང་བྱོན་བྱུང་བ་དང་རི་དགས་རྣམས་རྒྱུགས་བྱུང་ནས་ནམ་བཟའ་ལ་ལྡག་ཅིང་འདུག
།དེར་ཁོང་དཔོན་སློབ་ཀྱིས་སྙན་པ་སྒྲགས་ནས་གྲགས་པ་ཆེན་པོ་བྱུང་སྟེ་འཕན་ཡུལ་རྒྱལ་ལས་གདན་དྲངས། འབུལ་བ་ཆེན་པོ་བྱས་ནས། སྤྱིར་མི་རྒས་ཀྱིན་ཡུལ་འདོད་བྱ་བ་ཡིན་ཏེ། ཁྱེད་ལ་ཡུལ་དང་། གཞན་ལ་ཁྱད་པར་མེད་པས་བཞུགས་པར་ཞུ་བྱས་པས། ངའི་ཡུལ་ན་ཡན་སྤང་བ་རེའི་དོད་ལ་ཐལ་བ་བྲེ་རེ་འཐོར། དད་པ་ལྷ་བ་རྐང་ནས་འཆད་པ་ཡོད་པས་དགེ་སྦྱོར་ལ་གཡེང་བ་མི་ཡོང་། དེའི་ཕྱིར་ཡང་བྲོད། བཀོར་སྐུ་གླུད་མེད་པས་རིག་པ་རང་བཞིན་གྱིས་དངས་པ་དང་། ལོ་མ་འཚོད་ཚད་ཡོད་པ་དང་། འཚོ་བ་ལ། རྩོལ་བ་མི་དགོས་དེའི་ཕྱིར་ཡང་བྲོད་གསུང་ནས་མ་གསན། མཆེད་ཟླ་བལ་བོ་དབང་རྡོར་ལ་ཞུ་རོགས་བསུལ་བས། ངའི་སྤུན་ཟླ་རྟ་དང་གོས་དར་དུ་མི་འཚོང། ངེད་རང་ལའང་གྲུབ་ཐོབ་ཀྱིས་ནོར་བཏུབ། ཡར་གདན་འདྲེན། སྒྲུབ་པ་བྱེད་དུ་འཇུག་ཟེར་ནས་མ་གསན། འོ་ན་དེ་རྣམས་ལ་གདམས་པ་ཅིག་ཞུ་བྱས་པས། སོ་ཐུབ་པར་གྱིས་དང་། མང་དུ་གསུང་། དེའི་དོན་མ་གོ་ཞུས་པས། ད་ལྟ་བཙུན་ཆུང་རྣམས་ལའང་ཆོས་མགོ་ཐོན་པ། མཁས་པ། བཙུན་པ། བཟང་བ་ཅིག་བྱ་སྙམ་པ་འདུག །སྒྲིས་པོ་དང་གཉེར་པ་རྣམས་ལ་དང་། རང་གི་ཆོས་མགོ་སོགས་སྤྱིའི་ཆེད་དུ་འགྲོ་བ་རེ་བྱ་སྙམ་འདུག་པས་དེ་ལྟར་ལོན་པ་བཞིན་གྱིས་གསུང་ནས། ཁ་རག་ཕུག་ནག་དུ་བྱོན་ནས། དབྱར་མ་རུལ་བ་ཞག་བཅུ། དགུན་མ་འཁྱག་པ་ཟླ་ཕྱེད་ཀྱི་སྐྱོ་པོ་སྐོལ་ནས་སྒྲུབ་པ་མཛད་པ་ལ། རྟ་ནག་པ་སྦ་སྒོམ་གྱིས་རིན་སྤུངས་ཀྱི་ཆོས་རྣམས་སྒོ་སྐྱེལ་མཛད།

ཐུགས་སྐྱེད་ཆེན་པོ་བྱུང་ནས། སྔར་དང་མི་འདྲ་བའི་ལམ་ཆོད་ཆེན་པོ་མདོ་གསུང་། དེའི་དུས་སུ་བྱང་ཆུབ་ཀྱི་སེམས་དྲེའུ་ཚུར་འདྲིལ་ཚུན་ཆད་ལ་རི་དགས་གཅན་ཟན་རྣམས་ཀྱང་ཁྱུ་སྲེས་ནས་སྡོད་པ་ལ་སོགས་པ་ཡོད། ཐུགས་སྣ་ཐུང་པ་ལ་ལམ་གྱི་སྟེང་ན་བྲག་རྡོག་ལ་དབུ་རྡུག་པ་དང་། སྒོའི་ཚེར་ཕུང་གིས་ཐུ་བ་ནས་འཐེན་པ་ལ་རྐོ་རློག་ལ་སོགས་མི་མཛད་པར་མི་རྟག་པའི་སྐུལ་མ་བྱས་ཅིང་། རྩེ་གཅིག་དུ་སྒྲུབ་པ་མཛད་དོ། །སློབ་མ་ནི། སྐུ་ཚེ་གང་ལ། ལྷོ་པ་སྟག་སྒོམ་གཅིག་བུ་ལས་མེད། དེས་ཁོང་པའི་སྙན་པ་ཐོས་ནས། ཟླ་རོགས་ལ་ཆོས་ལ་འགྲོ་བྱས་པས། ཆུང་མ་ན་རེ། དད་པ་ཐལ་ཐོལ་མི་ཆོས་ཀྱི་སད་བྱ་བ་ཡིན། ད་ལྟ་མི་སྨོན་རང་སྐྱིད་ནི་ཡོད་པས་སྡོད། ༼མོས་འཚོ་བ་དང་སྦྲགས་སྐྱེལ་ཐུང་བྱ། ངས་རྒྱགས་མ་སྐྱེལ་ནང་ཞན། ཆོས་མ་འབྱུང་ན་ཁྱོད་ཞན་པ་ཡིན་༽ མོ་རང་་ཤི་ཤི་རྒྱགས་སྲིངས། འཆི་ཁར་རྒྱགས་སྲིང་བའི་ཐ་མ་ཡིན་ཟེར་གསུང་ངོ་། །དེར་ཁོང་པས་བྱོན་ནས་འབྱལ་ཁ་མ་ཁུགས་པར་སྒུགས་པས་ལོ་གསུམ་སོང་བ་དང་། སྟེང་ན་མར་གཟིགས་པས། དབང་རྡོར་གྱི་ཞིང་ཁ་ན་ལས་རོགས་བྱེད་པ་ཅིག་འདུག་ནས། དེ་སུ་ཡིན་བྱས། སྔར་གྱི་ལྷོ་པ་དེ་ལགས་བྱས་པས། ད་ཕྲད་ཀྱིས་ཤོག་གྱིས་གསུང་ནས་ཕྱིན་པས། ཡང་འགྱུར་ནས་འབྱལ་དུ་མ་འདོད། འོ་ན་མར་འདི་རྣམས་དཀོན་མཆོག་ལ་འབུལ་བར་ཞུ་བྱས་པས། དེ་ལ་ཤགས་མེད་གསུང་ནས་སྣམས་པས་ཐུགས་འུར་ནས། མར་ལ་སྤྲད་ནས་མི་ལ་མ་ཕྲད་པར་འདུག་པ་གསུང་ནས། གནམ་སྒོ་ཕྱེ་ནས་ཡར་ཤོག་གསུང་ནས་གདམས་པ་རྣམས་གནང་སྟེ། ད་ལྟའང་ཆོས་འབྲེལ་ཅིག་ཞུ་བྱས་པས་སྡོད་རིའི་མནའ་སྐྱོལ་གསུང་། དགེ་སློང་ལགས་པས་མནའ་མི་འདོར་ཞུས། སློབ་མ་གཅིག་པོ་དེ་ལས་མ་སྐྱངས་གསུང་། ཁོང་གིས་ཁ་རག་སྐོར་གསུམ་ལ་བཤད་པ་མཛད་པས་གྲྭ་པ་ཚུལ་ཤིང་ལེན་པ་སྟོང་ཕྲག་གཉིས་ཙམ་འདུ། སྒྲེས་སོང་ནས་མི་རྒན་གཅིག་གི་རྗེས་སྙག་དགོས་པར་ཡོད་པས་གྱེས་ཅིག་གསུང་། ནིང་བཀྱེ་ཡང་འགྱེས་སུ་མ་འདོད་པ་ལ། ཉིན་གཅིག་དཔེ་ཆ་ལྷ་བརྟེན་དང་། ཡང་རྫས་ཡོད་ཚད་ཕྱིརབཏོན། རྟེན་འབྲེལ་གཅིག་ཡོ་གསུང་ནས་བཏོན་པས་དགོན་པའི་མཐའ་གཉིས་ནས་མེ་བཅུག་ནས་སྲེགས་ཏེ། ཕུག་ནག་དུ་སྒྲུབ་པ་མཛད། ལོ་གསུམ་ནས་ཉེ་གནས་ལ་ཤོག་གསུང་ནས་ཕྱིན་པས། ང་གཞན་གཅིག་དུ་འགྲོ་བས་སྐྱེ་བ་ཐུང་ལ་ཤོག་གསུང་། བཞུགས་པར་ཞུས་པས་མ་གནང་པར། བདག་ཀྱང་ཁྲིད་པར་ཞུ། བྱས་པས་སང་ལྟབ་ཤོག་གསུང་ནས། ཉི་མ་རྩེ་བ་ལ་སླེབ་པར་ཕྱིན་པས་ཕུག་ནག་གི་བྲག་དེ་འཇའ་ཡིས་དྲིལ། འདུག་ནས། ནང་དུ་ཕྱིན་པས་གྲོངས་འདུག་གསུང་། དེ་ལྟར་སློབ་མ་གཅིག་ལས་མ་སྐྱངས་ཀྱང་འགྲོ་ཕན་ཆེན་པོ་གཅིག་པོ་ལ་བྱུང་། ད་ལྟའང་མཚན་ཐོས་པ་ཙམ་གྱིས་དོན་ཆེན་པོར་འགྱུར་ཞིང་ཡོད་པ་ཡིན་ནོ།

།ཁྱད་པར་དུ་དབང་པོ་རྗེ་བཙུན་བྱ་བ་གསུམ་ཁ་རག་པའི་ཆོས་རྒྱུད་ལ་འཐིལ་དུ་བྱེད་པ་བཟང་པོ་གསུམ་བྱོན་ཏེ། ཙང་ནག་པ་བརྩོན་འགྲུས་སེངྒེས་བཀའ་གདམས་པའི་དགེ་བཤེས་ཆུ་མིག་པ་ལ་སོགས་པ་ལ་ཁྲིད་སྐྱངས་པས་གནས་པ་སྐྱེར་མ་འདོད་པ་ལ། དབང་པོ་ཇོ་བཙུན་ཆེན་པོའི་དྲུང་དུ་ཁ་རག་རིན་སྤུངས་པ་ལ་སོགས་པའི་ཁྲིད་སྐྱངས་པས་ཐུགས་དམ་འཁྲུངས་ནས་ཤངས་ཀྱི་བྱེ་ཕྲུག་དགོན་པར་དད་རྫས་མ་གསོལ་བར་ལོ་མང་དུ་སྒྲུབ་པ་མཛད་གསུང་།
འབན་གུང་རྒྱལ་གྱི་ཉི་མའི་ཡོས་དང་། གྲལ་མགོར་ཕྱིན་པ་སྟེ་འཁོར་དགེ་སློང་ཚུལ་ཁྲིམས་རྒྱལ་བ་ལ་ཉན་པས་ཞེས་ཏེ། གཉེན་པོའི་མདུང་ཐོག་པའི་ལན་གསུང་།
Neljor Chojung
རྣལ་འབྱོར་པ་ཆེན་པོ་ནི། མདོ་རྒྱུད་རྣམས་ནས་ལུང་བསྟན་པའི་དགས་པོ་རིན་པོ་ཆེ་སློབ་མ་བཟང་ཤོས་མཉེས་ཤོས་ཡིན་ཏེ། ཐག་རིངས་ཀྱི་གྲྭ་པའམ། མི་ཆེ་བ་སང་པར་གདན་གྱིས་རིན་པོ་ཆེ་པའི་སློབ་མ་རྣམས་ཀྱིས་བཟང་ཤོས་སུ་ལགས་བྱས་པས་ཆོས་ཀྱི། གཏུམ་མོ་འབྱོངས་པ་སུ་ལགས་བྱས་པས། ཐམས་ཅད་ཆོས་ཀྱི་གཡུང་དྲུང་གསུང་། དེ་ཡང་སྤྱོད་ཚུལ་ནི། ནམ་བཟའ་སྐྱ་མིན་སེར་མིན་གཅིག་སྣམས། ཕྲུ་གོག་གཅིག་དང་། ཁྱི་ལྤགས་ཀྱི་སྦུད་བ་གཅིག་ཁྱེར་ནས་བསོད་སྙོམས་ལ་བྱོན་ཏེ། ཤམ་པོ་དང་། སྦང་མ་དང་། རྩམ་པ་དང་། དར་བ་ལ་སོགས་པ་ཐམས་ཅད་ཕྲུ་གོག་དུ་བླུག །སྦུད་པའི་ཁུད་དུ་རྟ་སྦངས། བོང་སྦངས། མི་ལུད་ཁྱི་ལུད་སོགས་གདོང་དུ་བྱུང་ཚད་ཐམས་ཅད་སྡུས་ནས་གྲོག་ཕུགས་སུ་སྐོལ་ནས་གསོལ་ཏེ། ཞག་བདུན་ནམ་ཟླ་ཕྱེད་ཙམ་དེར་གཟིམས་ཏེ་བཞུགས། ཡང་བླངས་ཞིང་དེ་བཞིན་བྱེད་པ་གཅིག་ཡོད། དེར་ཁོང་ལ་བླ་མ་མཉེས་པ་འགའ་ཞིག་གིས་མ་ཐེག་པར། སྤྱོད་པ་རྩིང་པོས་ཞབས་འདྲེན་བྱེད་པ་འདི་ལ་ཡང་མཉེས་པ་ཟེར་ཞིང་། དུས་གཅིག་ན་མི་ཆེ་བ་རྣམས་ཀྱིས་སྙེན་བཀུར་རེས་བྱས་ནས། འགའ་ཞིག་ན་རེ་ཁྱོད་ཀྱིས་ཀྱང་བྱ་དགོས་ཟེར། མི་གྲུབ་བྱས་པས་ནན་ཆེ་བར་ཟེར་ནས་ཞག་གསུམ་ནས་བྱེད་པར་ཁས་བླངས། དེ་ནུབ་གསལ་བ་བཏབ་སྟེ་རྨི་ལམ་བཟུང་ནས། ཅེས་ཀྱང་ཟེར། ཞག་གསུམ་འགྲོ་བའི་མཚན་མོ་ནམ་ཕྱེད་ཡན་ཆད་གསོལ་བ་བཏབ། ཕྱེད་ནས་རྣ་ལམ་བཟུང་སྟེ་ལྷའི་གནས་རྣམས་སུ་བྱོན་ནས་སང་འགྲོ་ལ་ཆོས་རྗེ་རིན་པོ་ཆེ་ལ་སྙེན་བཀུར་ལ་ཤོག །མི་ཡོང་ན་ཕོ་བྲང་རྣམས་བཤིགས་སོ་བྱས། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་ཅན་བྱོན་ནས་སྒྲ་དབྱངས་འབུལ་དུ་ཤོག་ཅེས་སོགས་གསུངས། སང་ཇ་རྫ་འཛུགས་པ་ལ་སོགས་པའི་གྲབས་བྱས་པས། ཁོང་མ་བྱོན། ལྟར་ཕྱིན་པས་སྔར་བཞུགས་པའི་བྲོག་ཕུགས་དེ་ན་དུད་པ་ལང་ལང་འདུག་ནས། དྲོ་ཡོལ་འགྲོ་བར་འདུག །ལ་མོ་བྱོན་བྱས་པས། ཕྲུ་གོག་གི་ནང་དུ་མ་སྲེས་དགུ་སྲེས་སྐལ་བ་དེ་སྦུད་ཁོག་གི་སྟེང་དུ་བཞག་ནས་རིན་པོ་ཆེའི་དཔང་དུ་གཏོད་པས་དགེས་བཞིན་དུ་ཁམ་འགའ་གསོལ། དེར་གཞན་རྣམས་ཀྱིས་གད་མོ་བྱས་པ་དང་། ཤིབ་པའི་སྒང་ན། ནམ་མཁའ་ལ་སྔར་མ་ཐོས་ཞིང་། སྣོམ་མ་མྱོང་བའི། རོལ་མོའི་སྒྲ་དང་། མེ་ཏོག་དང་། སྤོས་ཀྱི་དྲི་དཔག་དུ་མེད་པ་བྱུང་ནས་ལོག་བལྟ་སེལ་ཏེ་རྩོད་མེད་དུ་གྱུར། དེར་འཁམས་པ་རང་པའི་གྲྭ་པ་གཅིག་ན་རེ། ཆོས་དྲུག་ཆིག་རྒྱུད་ཡོད་པར་འདུག་པས་ཞུ་ཟེར། མེད་བྱས་པས་མ་ཉན་ཞིང་། ཚོགས་བརྒྱ་རྩ་ལ་སོགས་པ་འབུལ་བ་མང་པོ་དགོས་པོ་བྱས། དད་པ་ཅི་ལྡོག་བྱས་ཀྱང་མ་ཉམ་པར། འོ་ན་འདེང་ཅིག་བྱས་ནས་བྲོག་ཕུགས་སུ་ཁྲིད་ཏེ་ཕྱག་གཉིས་ཀྱིས་ལག་པ་གཉིས་ནས། ་་་་་ངའང་འཆི། ཁྱོད་ཡང་འཆིའོ་གསུངས། དེར་ངའི་ཡོན་ཏན་རྣམས་དོ་ནུབ་འཆི། སང་ནུབ་འཆི་སྙམ་པའི་མི་རྟག་པ། བླ་མའི་མོས་གུས། བདེན་གཉིས་ཀྱི་མདུན་པ་གསུམ་ལས་བྱུང་། དེ་ལས་ལྷག་པ་ཡོད་རིའི་གསུང་ནས་དབུ་སྙིང་བཞེས་སུ་གསོལ།

ཐ་མའི་སྐབས་སུ། ཡོ་རེ་ལོ་གསུམ་གྱི་ལས་བཞིན་༼ལྟ་བ་སྔ་ཤོས་ཀྱིས་ཕན་པོ། དེ་འོག་གི་ཆུ་ཆུ། ཐ་མ། གཡོན་བཏག་དགོས་པ་བཞིན་ནོ། །སངས་རྒྱས་སྟོན་པའི་དྲུང་དུ་ཆོས་དྲུག་སྐྱངས། དེ་ནས་འོ་མ་སྐོལ་བའི་དཀྱིལ་དུ་རིགས་དྲུག་གི་སྙིང་རྗེ་གསལ་སྣང་ཇི་ལྟ་བ་བཞིན་བྱུང་གསུང་ངོ་།༽ཕོ་སུ་ཐུ་ཐུ་ལ་ལས་ཀ་གང་ཁག་ཁག་དགོས་ཏེ། བ་རི་བའི་བཙུན་མ་འོ་མ་སྐོལ་བ་དང་། སྐྱེར་སྒང་པའི་དུས་ངན་དམིགས་པ་གཅིག་ལ་ཆོས་དྲུག་ཀའི་ཡོན་ཏན་འཆར་བའི་ལོ་རྒྱུས་རྣམས་གསུང་།༼རི་དགས་འགྱུར་འཛུམ་གྲན་ནོ།༽ གསོ་བ་དང་འཆག་པ་སེལ་བའམ་སྐྱེས་བུ། ཁ་ལོ་མ་བྱང་བས་འཆག་ན་ཡེངས་༼སྟོན་ཐོག་སླུད་མེད་ལྟར་འབྲས་བུས་སོ།༽ཐབས་མེད་པའོ།

།མཁའ་འགྲོ་སྡེ་ལྔའི་ལུང་པར་འགྲོ་བ་ལ་ཆུ་དང་། ཚེར་མ་དང་མུན་འཕྲང་རྣམས་ལས་ཐར་ན་༼ཨུ་རྒྱན་དུ་དངོས་གྲུབ་འབྱུང་བ་ལྟ་བུའོ།༽རིན་ཆེན་ཌཱ་ཀི་ལ་སོགས་པ་ཡོད་པ་བཞིན་དུ་གསུམ་ལ་གཉེན་སྟོན་ནས་སྒོམས་པས་བདེ་གསལ་མི་རྟོག་པ་འབྱུང་ངོ་།
།དབང་པོའི་ཚིག་ནི། ལྷ་མ་ཡིན་གྱི་དམག་བུལ་ཚེ་ལ་ལྡན་བྱུང་བ་དང་། དེ་ནི་སྲ་བའི་གོ་གྱོན། རྣོ་བའི་མཚོན་ཐོགས་ལ་རྒྱོབ་ཅིག་ཅེས་པས་ལྷ་མིན་གྱི་གཡུལ་ངོ་འཇོམས་ཏེ།
འཁོར་ལོ་སྒྱུར་བ་བསམས་པས་འགྲུབ། །ལྷ་རྣམས་ཀྱི་ནི་ཚིག་གིས་འགྲུབ། །རྣལ་འབྱོར་ཏིང་ངེ་འཛིན་གྱིས་འགྲུབ། །ཅེས་གསུངས།
རྨི་ལམ་ལན་གཅིག་ཟིན་གྱུར་ན། །རྣལ་འབྱོར་ཟླ་ཕྱེད་བར་དུ་བདེ། །ལྷ་ཀླུ་དྲི་ཟས་མཆོད་ཅིང་བསྟོད། །དཔའ་བོ་མཁའ་འགྲོ་དངོས་སུ་འདུ། །ངན་སོང་མཚོ་ལས་སྒྲོལ་བའི་གྲུ།
༼ཡེ་ཤེས་རྒྱ་མཚོའི་རྒྱུད་ཕྱི་མ་ལས། རྨི་ལམ་ལན་གཅིག་ཟིན་གྱུར་ན། །རྣལ་འབྱོར་ཟླ་ཕྱེད་བར་དུ་བདེ། །དཔའ་བོ་མཁའ་འགྲོ་དངོས་སུ་འདུ། །ལྷ་ཀླུ་གནོད་སྦྱིན་དྲི་ཟས་མཆོག །འཁོར་བའི་ཚོགས་ལས་སྒྲོལ་བའི་གྲུ། །ཅེས་གསུངས་ཏེ། རྨི་ལམ་གཅིག་ཟིན་པ་ལ་ཡང་ཕན་ཡོན་ཆེན་པོ་བཤད་དོ།༽

།རྨི་ལམ་གྱི་ཐིག་ལེ་དཀར་དམར་གྱི་སྐབས་སུ། ཐིག་ལེ་དཀར་དམར་གྱི་དམིགས་པའི་ཐབས་ཁྱད་པར་ཅན་ལ་རྟེན་ནས་ཟིན་པས་ཐབས་ལམ་གྱིས་ཟིན་པར་ཡང་འགྱུར། ཐོ་རངས་རྨི་ལམ་འོད་གསལ་གྱི་དུས་གནད་དུ་འོང་བ་ནི། ཉིན་ཞག་ཕྲུགས་གཅིག་གི་ཟས་ཟོས་པ་རྣམས་མཉམ་གནས་ཀྱི་མེས་བཞུ་ནས་སྙིགས་མ་རྣམས་ལོང་དུ་སྐུར། དངས་མ་ལུས་ལ་ཁྲེམས་ནས་རྩ་མིག་རྣམས་སྟོང་པར་ཡོད་པའོ།
།སངས་རྒྱས་རྣམས་ཐོ་རངས་སངས་རྒྱས་པའི་རྒྱུ་མཚན་ཡང་དེ་ཡིན་གསུང་ངོ་།
།རྟོག་མེད་ལ་འཛིན་པ་སྔ་མ་ལ་བདེ་མཆོག་ཚོན་གང་ཙམ། དམིགས་པ་གང་བདེའོ།
།གཉིས་པ་ལ་བདེ་མཆོག་དཀར་པོ་འོད་ཀྱི་རང་བཞིན་དུ་སྒོམ། རྟོག་བཅས་ལམ་དུ་བྱེད་པའི་སྐབས་སུ་གཉིད་ཀྱི་སྣང་མཆེད་ཐོབ་གསུམ་གྱིས་འཚམས་སྦྱར་ནས། གཉིད་འཐུག་པོའི་དུས་སུ་རིག་པ་སྙིང་ཁ་ན་གནས་ཤིང་། བྷ་པ་དྷ་ལ་རླུང་རྒྱུ། མགྲིན་པའི་འཁོར་ལོ་ལ་རླུང་རྒྱུས་པ་དང་། རྨི་ལམ་གྱི་སྣང་བ་འཆར་ཏེ།
ཨཪྻཱ་དེ་ཝའི་ཞལ་ནས། ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ཀུན། །ཤེས་པ་གཉིས་པོ་དེ་འདིར་རབ་ལུས་ཏེ། །སད་འཐུག་གྱུར་པས་འགྲ་བ་རང་གཉིད་ལོག །རླུང་གི་སྟོབས་ཀྱིས་རྨི་ལམ་འཆར་བར་འགྱུར། །ཞེས་གསུངས།

།སྦྱང་བ་ལ། བདག་མེད་མ་འོད་བ་ནི། རྩ་རླུང་ཐིག་ལེ་བདད་ཉིད་པས་སོ། །སྤེལ་བ་སྔོན་ལ་ཡོད་ཀྱང་ཕྱག་ལེན་ལ་སྤྲུལ་བ་སྔོན་ལ་མཛད་དོ། །དེ་ཡང་གང་ཕྲད་ཕྲད་ལ་སྤྲུལ་ཏེ།
རྨོག་ཅོག་པ་འི་ཞལ་ནས། འབྱུང་བ་ས་དང་ཕྲད་ཙམ་ན། །ས་རུ་སྤྲུལ་ཞིང་ས་རུ་སྒྱུར། །དེ་བཞིན་ཆུ་ལ་སོགས་པ་ལའང་། །ཅེས་སོ།

།ཡང་ཆུ་དང་མེར་སྤྲུལ་བ་དང་། ༼རྨི་ལམ་འཛིན་པ། ཀླད་པར་དུག་བཞི་འདུ་བའི་གནད། མགྲིན་པར་ཨ་ནུ་ཏ་ར་ལ་དམིགས་པ་འཛིན་པ་ལ་གཙོ་བོར་ཡིད་ཀྱི་རྣམ་ཤེས་ཡིན་པས་སྙིང་གར་མེ་སོར་བཞི་ལ་སུ་ཀ་མ་སྨིན་ཕྲག་དུ་ཐིག་ལེ་དཀར་པོ་དེར་གནད་དགུས་འཛིན་ཏོ།༽ གྲུབ་ཐོབ་སྒོམ་བཞན་སྐྱི་ཆུས་གྲོ་ལམ་གཅིག་ཁྱེར་ཡང་མ་ཤི་ཟེར།
ཡུལ་སྣང་གི་སྐབས་སུ། རྨོག་ཅོག་པ་། འོག་མིན་ལ་སོགས་པ་མཐོང་ན་དགའ་སྟེ། འོ་ནའང་གཉིད་ཐུམ་གཅིག་གི་གྲ་ཡིན་གསུང་། རྨོག་ཅོག་པ་འི་གསུང་ནས། སྐྱེར་སྒང་པ་ལ་ཉི་གནས་ཚོགས་འདུས་སུ་ཇ་ཉོར་སོང་བ་ཡུན་རིང་དུ་ཐོགས་ནས། ཁྱོད་ཀྱིས་རྨི་ལམ་ཟུང་ལ་ལྟོས་གསུངས་ཏེ།
ལྟས་པས། ལྷན་མདའ་ན་རེ་བས་བཏུམས་པའི་ནག་མོ་གཅིག་གི་དཀྱིལ་པ་བཅུག་པའི་ཇ་སིག་མགོ་ཆག་གཅིག་ལ་སྔས་བྱས་ཉལ་འདུག་ནག་པོ་ཅེར་འདུག་ལྟོས་གསུང་།
ལྟས་པས་མ་ཤེས། ལྷན་མདའ་ན་རེ་བས་བལྟས་འདུག་པ། ད་དུང་བུང་བུས་བ་མོ་རྒན་པར་འདུག་གསུང་། འཕར་བ་ལ་རྩལ་ཆུང་ན། དཀྱིལ་དཀྲུང་བཅས་པ་་་་མཐའ་གཉིས་ནས་འདེགས་པའམ། རླུང་བཟུང་བས་ཡིན་ཏེ། འོག་རླུང་ཐེན་མཐེན་ཏེ། རྐང་པའི་མཐེ་བོང་གཉིས་ནས་ལག་པ་གཉིས་ཀྱིས་མཐེན་ཞིང་། ཡེར་རེ་རེ་འགྲོ་བར་བསམས་ཏེ།
།བོགས་འདོན་རླུང་གི་རྟ་ཕོ་ཡིས། །ཕྱོགས་རིས་མེད་པའི་ལྟད་མོ་ལྟ། །ཅེས་གསུངས་སོ།
འགའ་ཞིག་གིས་རྨི་ལམ་རྟོག་པའི་ཆོས་ཡིན་ཞེས་ཁ་འདྲི་བྱེད་དེ། མ་གོ་བ་མིན།
མར་པའི་ཞལ་ནས། རྨི་ལམ་གྱི་དུས་སུ་སྒྱུ་ལུས་སྒོམས། །སྣང་བ་སྤྲོས་ཅིང་སྒྱུ་ལུས་སྒོམས། །དེ་རྣམ་རྟོག་དུ་སོང་ཡང་ཡ་མི་ང་། །རྣམ་རྟོག་ཆོས་སྐུར་ཤེས་པའི་གདེང་ཅིག་གདོག །ཅེས་གསུངས་སོ།

།འོད་གསལ་གྱི་སྐབས་སུ། ལུས་ཧྲིལ་པོ་དབུ་མར་སྒོམས་པ་ལ། ཡན་ལག་ཙམ། གཞོ་དོད་ཙམ། ཇེ་ཆེ་ལ་ལུས་ཧྲིིལ་པོ་དབུ་མར་སྒོམ་ཅེས་སོ། །ཨ་སྐྱེ་བ་མེད་པས་གཏི་མུག་གི་གཉེན་པོ་བྱེད་ལ། རྩ་རླུང་ཐིག་ལེ་བདག་མེད་པ་སྟེ། སྐྱེ་མེད་མ། བདག་མེད་དོ།
།ཕྱིར་རིན་པ་འོད་གསལ་ལམ་སྟེགས་དང་། འབྲས་བུ་གཉིས་འདོད་དེ། འོད་གསལ་སྟོང་ཉིད་ཀྱང་ལམ་སྟེགས། ཟུང་འཇུག་གི་འོད་གསལ་འབྲས་བུར་འདོད་གསུང་། གཞན་བདེ་གསལ་མི་རྟོག་པའི་འོད་གསལ་ལ་སོགས་པ་མང་དུ་གསུངས་ཤིང་། འདིར་ངོ་སྤྲོད་མཛད་དོ།
རྨོག་ཅོག་པ་ས་སྐུ་འདའ་ཁར། སློབ་དཔོན་ཇོ་བཙུན་གྱིས་སྐུ་ཁམས་ཇི་འདྲ་འོང་མི་ཤེས་པས་ཐུགས་དམ་མཛད་པར་ཞུས་པས། སེམས་ཉིད་སྐྱེ་མེད་དུ་རྟོགས་པ་ལ་རྣམ་ཤེས་ཁྱོད་རང་འཕོངས་ནས་འཐོན་ནའང་ཐོན། ཅེས་གསུངས་པས་འཕོ་བྱ་འཕོ་བྱེད་དང་བྲལ་བའོ།
།འབྲིང་མན་ཆད་ཀྱིས་འཕོ་བ་དང་བར་དོ་ལ་ཆེད་ཆུངས་མི་བྱ་བར་སྒོམ་དགོས་ཏེ། རྣལ་འབྱོར་པ་དངོས་གྲུབ་ལེན་པའི་དུས་བཞི་ནི། འཆི་ཁ། བར་དོ། རྨི་ལམ། དབང་གསུམ་པའི་སྐབས་སུ་བྲད་བྲད་མི་དགོས་པར་གྲུབ་པ་ཡིན། རྗེ་མི་ལས་སྐྱེལ་ཐུང་བྱས། གདམས་ངག་ཟབ་པ་གཅིག་ཡོད་དེ། འགྲོ་ཆོས་སུ་བྱ་གསུང་། ཕ་ཚད་དུ་དགས་པོས་ཕྱ་ཏུ་བཏིང་ནས་ཞུས་པས། ན་བཟའི་བཤམ་ཟློག་སྟེ། འཕོངས་སྤྲེའུ་བཞིན་སོང་བ་བསྟན་ནས་འདི་བཞིན་རང་སོ་སོ་སྒོམས་པ་ཟབ་པོ་གསུང་ངོ་།
།སྐུ་འདའ་ཁར་མར་མེ་གཅིག་དབུ་ཐོག་དུ་བཞག་སྟེ། དེ་མ་གཡོ་བཞིན་འདས། ངས་ཐ་མའི་དུས་སུ་ཡང་སྒོམས་ཤིང་འདས་པས། ཁྱེད་རྗེས་འཇུག་རྣམས་ཀྱང་དུས་ཐམས་ཅད་དུ་སྒོམ་དང་འབྲལ་བ་མེད་པ་གྱིས་ཤིག་གསུང་བས་རྩེ་གཅིག་དུ་སྒོམ་པ་གལ་ཆེ་གསུང་ངོ་།
།བར་དོ་འདི་གཉན་པས་སྔོན་ལ་མཁའ་སྤྱོད་མའི་བཀའ་བྱས། དེ་རྗེས་ལ་གདམས་པ་བསྟན་པར་བྱ། གསུང་། དུས་ཀྱི་འཁོར་ལོ་བ་བར་དོར་མི་འགྲུབ་པར་འདོད་ཏེ། བར་དོའི་ལུས་ལ་ཁམས་དྲུག་མེད་པ་ཟེར་ཏེ། ཤི་བའི་རོ་ལ་དེས་ཀྱང་མེད་ཏེ།
རྡོ་རྗེ་གདན་བཞི་ལས། ཡེ་ཤེས་གཤེགས་པའི་ལུས་པོ་ལ། །ས་མེད་པས་ནི་ཡང་བ་ཡིན། །ཞེས་སོགས་གསུངས།
འབྱུང་བ་བཞིའི་དངས་མ་སེམས་དང་དབྱེར་མེད་དུ་ཡོད་པས་སོ། །ད་ལྟ་ཉམས་བག་དུ་ཆུད་པར་བྱས་པས་ཇི་ལྟར་འདོད་པ་བཞིན་འོང་གསུང་ངོ་།
།འགའ་ཞིག་ད་ལྟ་འོད་ལྔ་ཡེ་ཤེས་ལྔར་ངོ་སྤྲད་པས་བར་དོར་རྣམ་བྱ་ལྔ་ཡེ་ཤེས་སུ་འཆར་ཟེར་ཏེ། གང་ཟག་ལ་རག་ལུས། ངོ་ཤེས་ན་གྲོལ་ཏེ། མ་ཤེས་ན་འཆིང་། ངོ་སྤྲད་པ་ཙམ་གྱིས་ཆོག་ན་དུག་ལྔའང་ཆོག་སྟེ། བརྟན་པ་ཅུང་ཟད་ཐོབ་དགོས་གསུང་། རྡོ་རྗེའི་གདན་ནི་རང་གི་སེམས་ཉིད་འདི་ལ་ཡིན་ཏེ། ཕྱི་རོལ་གྱི་ནི་མ་ཡིན་གསུང་། མའི་མངལ་ཕྱི་མར་སྐྱེ་བ་ལེན་པ་ཡིན་གསུང་ངོ་།
།སྒོམ་ཆེན་པ་ལ་ལས་གསང་མཚན་དཔེ་ཆའི་འཤམ་དུ་བྲིས་ཡོང་གིན་གདའ། དེ་མ་གོ་བ་ཡིན། བར་དོར་ལྷ་དང་བླ་མར་་་་་་་ཏེ་གདོན་གྱིས་ལུང་བསྟན་བྱེད་སྲིད་པས་ད་ལྟ་གསང་མཚན་གསང་སྟེ་གསང་མཚན་དང་ལྷ་ལ་སོགས་པ་གོམས་པར་བྱེད་དགོས་གསུང་ངོ་།
།རིན་ཆེན་མཁས་གྲུབ་པའི་གསུང་ལ་བྱོན་པ་དཔག་དུ་མེད་ཀྱང་། རགས་རིམ་ཡིག་གེར་ཆོས་རྗེ་ཞང་པས་བཀོད་པར་གདའོ། རྫོགས་སོ།།