Rje btsun ma'i 'pho ba
Resource ID | SCv7p488 |
---|---|
Title | rje btsun ma'i 'pho ba |
Topics | Kechari |
Sub-Topics | Powa |
ན་མོ་གུ་རུ།
རྗེ་བཙུན་མ་འདི་ལ་འཕོ་བ་བྱེད་པར་འདོད་པས། ཉམས་ལེན་རྒྱུན་མ་ཆད་པར་བྱས་པའི་རྣལ་འབྱོར་པས། འཆི་ལྟས་རྣམས་བྱུང་བ་དང་། འཆི་བ་བསླུ་བའི་ཆོ་ག་རྣམས་བྱས་ཏེ། དེས་མ་ལྷུས་པར་འཆི་བར་ངོ་ཤེས་པའི་དུས་སུ། རང་གི་ལུས་ལོངས་སྤྱོད་དང་། དུས་གསུམ་དུ་བསགས་པའི་དགེ་བ་ཐམས་ཅད་ལ་མ་ཆགས་པ་དང་། ཞེན་པ་མེད་པར་བླ་མ་དང་དཀོན་མཆོག་ལ་དབུལ། ངན་སོང་སྡུག་བསྔལ་བ་རྣམས་ལ་སྙིང་རྗེའི་བསམ་པས་སྦྱིན་པ་བཏང་། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་ཞིང་། སངས་རྒྱས་ནས་སེམས་ཅན་དོན་དཔག་ཏུ་མེད་པ་འབྱུང་བར་གསོལ་བ་གདབ། དེ་ཐམས་ཅད་རང་གི་སེམས་སུ་ཤེས་པར་བྱ། སེམས་སྐྱེ་མེད་ཆོས་ཀྱི་སྐུ་རུ་ཤེས་པར་བྱ། དངོས་པོ་སྣང་གྲགས་ཀྱི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པར་བྱ་སྟེ། ཞེན་པའི་བློ་ཐམས་ཅད་དང་བྲལ་བར་བྱས་ལ། འདུ་འཛི་དང་གཡེང་བ་ཕྱིར་བསྐྱེད་ལ། རང་གི་བླ་མ་ལ་གསོལ་བ་གདབ། གྲོགས་གོ་ཆོད་པ་གཅིག་ཚགས་བྱས་ལ། རང་ཤེས་ཐད་ཀར་འདུག་ན་རྒྱབ་འབོལ་ལ་བརྟེན་ནས། ཙོག་པུར་བསྡད། ཤེས་ཆུང་ན་སྔས་བག་མཐོ་བ་བྱས་ལ་སེང་གེའི་ཉལ་ཐབས་བྱ། གོང་དུ་སྒྲུབས་པའི་རིལ་བུ་ལྕེ་ཐོག་ཏུ་བཞག །ལག་མཐིལ་གཡོན་དུ་བྱིན་གྱི་རླབས་པའི་སིནྡྷུ་ར་བླུག་ལ་དེང་དེང་བྱ། མདུན་གྱི་ནམ་མཁའ་ལ་མཁའ་སྤྱོད་མ་སྔར་བཞིན་བསྒོམ། དེ་ལ་གསོལ་བ་གདབ། མོས་གུས་བྱ། དེ་ནས་རང་གི་རྡོ་རྗེ་ནོར་བུའི་རྩེ་མོ་ལ་ཧཱུྃ་སྔོན་པོ་མགོ་གྱེན་དུ་བསྟན་པ་ཅིག་བསམ། ལྟེ་བར་རྣམ་ཤེས་ཀྱི་ངོ་བོ་ཨ་དཀར་པོ་འོད་ཀྱི་རང་བཞིན་ཅན་ཡར་ལ་ཁད་པ་ཅིག་བསམ། དེ་ནས་ཨོཾ་གསུམ་མའི་སྔགས་བརྗོད་ཅིང་། རྒྱུ་ཞབས་འུབས་ཀྱི་ཐེན་ལ། ལུས་ཤེད་དང་སྦྱར་ལ་རན་ཙམ་བཟུང་ལ། ཧཱུྃ་དེས་ནོར་བུ་ནང་དུ་བཟློག་སྟེ་ཐེན་པས་ལྟེ་བར་སླེབས་པ་དང་༴ཧཱུྃ་དེས་ལྟེ་བའི་རྣམ་ཤེས་ཀྱི་ངོ་བོ་ཨ་དཀར་པོ་དེ་དེང་གིས་འཕུལ་ནས་རྩ་དབུ་མའི་ནང་ཡར་སྐར་མདའ་ཆད་པ་ལྟར་རྒྱང་གི་སོང་ནས། སྤྱི་བོའི་ཚངས་བུག་ནས་དོན་ནས། རྗེ་བཙུན་མའི་པདྨར་ཚངས་ཀྱིས་སོང་བ་དང་། པདྨ་བཙུམ་བྱས་པས་ཨ་དེ་ཐུགས་ཀར་ཡེར་གྱི་བྱུང་བ་དེ་ལ། སེམས་མ་ཡེངས་པར་ལྷན་ནེ་གནས་པར་བྱའོ། མཁའ་སྤྱོད་ཀྱི་གནས་དེ་ཉིད་ཡིན་པས། གཞན་དུ་འགྲོ་ས་མེད་དོ་གསུངས། དེ་ལྟར་གནས་པས་ལུས་རྙིང་པ་བོར་ནས་སེམས་མཁའ་སྤྱོད་དུ་འགྲོ་བ་ཞེས་བྱའོ། དེ་ནི་འཕོ་བའི་གདམས་ངག་ཞེས་བྱའོ། །རྗེ་བཙུན་མ་འདི་ལ་ཡི་དམ་མ་ཆག་པར་བྱས་ཤིང་། དུས་ཡར་གྱི་ཚེས་བཅུ། མར་གྱི་ཚེ་བཅུ་ལ་པཱུ་ཛ་སྤྱི་དང་མཐུན་པར་བྱས་ཤིང་། གསོལ་བ་བཏབ་ན་མཁའ་སྤྱོད་དུ་ངེས་པར་འགྲོ་བ་ཡིན་ནོ་གསུང་ངོ་། མཁའ་སྤྱོད་དཀར་མོའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་རྫོགས་སོ། །ཤུ་བྷཾ།།