Zab don stan thog gcig ma'i skor mang po
Resource ID | SCv7p689 |
---|---|
Title | shangs chos skor sogs zab don stan thog gcig ma'i skor mang po |
Topics | Various |
Author | Jetsün Taranatha |
༄༅། །ཤངས་ཆོས་སྐོར་སོགས་ཟབ་དོན་སྟན་ཐོག་གཅིག་མའི་སྐོར་མང་པོ་བཞུགས་སོ།།
ན་མོ་མཉྫུ་ནཱ་ཐཱ་ཡ།
།རབ་མཛེས་གསེར་གྱི་ལྷུན་པོ་ནི།
།ཐུན་མཚམས་འོད་རིས་འཆང་བ་བཞིན། །སྒེག་པའི་རྒྱན་གྱིས་ཡིད་འོང་བུ། །འཇམ་དབྱངས་སྐུ་ལ་རྟག་ཕྱག་འཚལ། །སྐྱབས་སེམས་ཚད་མེད་བཞི་བསྒོམ། ཨོཾ་ཤུ་ནྱ་ཏས་སྟོང་པར་སྦྱངས།
སྟོང་པའི་ངང་ལས་རང་སྙིང་འོད་ཀྱི་གུར་ཁང་སྒོང་སྐོགས་ཁ་གྱེན་བསྟན་ལྟ་བུའི་ནང་དུ་ཟླ་བ་ལ་ཧྲཱིཿདམར་སེར་གྱི་འོད་ཀྱི་འཕྲོ་འདུ་ལས་སྐད་ཅིག་གིས། རྡོ་རྗེའི་སྲུང་འཁོར་འབར་བའི་དབུས། །རང་ཉིད་འཇམ་དཔལ་གཞོན་ནུའི་སྐུ། །གུར་གུམ་གཞོན་ནུ་ལྟར་དམར་སེར། །རབ་མཛེས་མཚན་དཔེས་ཡོངས་བརྒྱན་ཏེ། །སྔོ་བསངས་རལ་གྱི་འོད་འབར་བ། །གཡས་པའི་ཕྱག་གི་དཔུང་ཐད་དུ། །འཕྱར་ཞིང་གཡོན་པས་ཨུཏྤལ་སྔོ། །སྡོང་བུ་པོ་ཏིར་བཅས་པ་འཛིན། །དར་དང་རིན་ཆེན་རྒྱུན་གྱིས་སྤྲས། །བུང་བ་ལྟར་གནག་དབུ་སྐྲའི་ཚོགས། །ཟུར་ཕུད་ལྔ་ལྡན་གཡོན་ཕྱོགས་འཕྱང་། །པད་ཟླར་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །ཨུཏྤལ་མཐིང་ཀའི་སྤྱན་མཛེས་ཤིང་། །འོད་དཔུངས་འཁྲིགས་པའི་དབུས་ན་བཞུགས། །མི་བསྐྱོད་རྡོ་རྗེ་དབུ་བརྒྱན་པ། །ས་བཅུའི་དབང་ཕྱུག་རྒྱལ་བའི་ཡབ། །དཔྲལ་མགྲིན་སྙིང་ཁ་ཨོཾ་ཨཱཿཧཱུྃ། །ཧཱུྃ་གི་འོད་ཀྱི་སངས་རྒྱས་རྣམས། །སྤྱན་དྲངས་རང་དང་གཉིས་མེད་ཐིམ། །མཉྫུ་གྷོ་ཥ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཨརྒྷཾ་སོགས་དང་གཞོན་ནུའི་སྐུ་ལུས་སོགས་བྱ། །སྙིང་ཁ་ཟླ་བའི་དབུས་སུ་ཨོཾ་ཨ་དྷཱིཿ ཕྱོགས་བཞིར་ར་པ་ཙ་ན། ལྕེའི་ཕུགས་སུ་དྷཱིཿ འོད་ཟེར་སྤྲོས། རང་གཞན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། འཇམ་དཔལ་དུ་གྱུར། ཨོཾ་ཨ་ར་པ་ཙ་ན་དྷཱིཿབཟླས། མཐར་དྷཱིཿབརྒྱ་བརྒྱད་བཟླས། མཆོད་བསྟོད་དགེ་བ་བསྡོ། བར་ཆད་ཀྱི་རྟགས་བྱུང་ན། ཧཱུྃ་ལས་རང་མི་གཡོ་བ་སྔོན་པོ་རལ་གྲི་ཞགས་པ་འཛིན་པ་པུས་གཙུགས་ཀྱི་མེ་དཔུང་ན་བཞུགས་པར་བསྒོམ། ཨོཾ་ཙཎྜ་མ་ཧུ་རོ་ཥ་ཎ་ཧཱུྃ་ཕཊ་བཟླས་པས་བཟློག་གོ །མ་ཡེངས་པར་སྔགས་བརྒྱད་འབུམ་གྱིས་འགྲུབ་པར་གསུངས་སོ། །མདོར་བསྡུས་ཙམ་འདི་ཡང་ཀུན་དགའ་སྙིང་པོ་ཏཱ་ར་ནཱ་ཐས་སོ། །དགེ་ལེགས་འཕེལ།།
༄། །ན་མོ་ཙཀྲ་མཎྜལ་བཱི་ར་བི་རཻ།
།བླ་མ་རིན་ཆེན་དངོས་གྲུབ་གཏེར། །འགྲོ་བའི་གཙོ་བོ་ལ་བཏུད་ནས། །ནཻ་གུ་ལ་སོགས་མཁའ་འགྲོ་མའི། །གདམས་པ་མདོ་ཙམ་བྲི་བར་བྱ། །སྤྱི་ཡི་སྔོན་འགྲོ་རྙེད་དཀའི་ལུས་ཐོབ་ནས། །མཇལ་བར་དཀའ་བའི་ཆོས་དང་ད་རེས་མཇལ་བལ་སང་ཉིན་ཙམ་ཡང་མི་འཆི་བའི་གདེང་མི་ཐོབ་པ་དང་། ཤི་ནས་ལས་དགེ་སྡིག་སྣ་ཚོགས་པས། འགྲོ་བ་དྲག་ཏུ་འཁྱམས་ནས་གར་ཡང་སྡུག་བསྔལ་བཟོད་བླག་མེད་པ་དྲན་པས་རྒྱུད་བསྐུལ་རྗེས་མཐའ་དག་གི་འགྲོ་བ་དྲིན་ཅན་ཕ་མ་ཀུན་ཡང་མ་རིག་པས་འཁོར་བར་འཁྱམས་པ་དེ། །སྐྱབས་གནས་ཀུན་འདུས་བླ་མས་སྐྱབ་ཏུ་གསོལ། །སླར་བདག་སོགས་སེམས་ཅན་ཅི་མཛད་ཁྱེད་རང་ཤེས་སྙམ་པས། བདག་སོགས་སེམས་ཅན་ཐམས་ཅད་སྐྱབས་ཀུན་འདུས་བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །ཞེས་ཅི་མང་བྱ། སེམས་ཅན་ཐམས་ཅད་ཕ་མར་ཤེས་པའི་སྒོ་ནས་ལུས་སེམས་བཟུང་མི་ཐུབ་པ་ལྟ་བུའི་སྙིང་རྗེའི་ཤུགས་དྲག་གིས་འདི་ཀུན་ད་ལྟ་རང་སངས་རྒྱས་ལ་འགོད་པར་བྱ། །དེའི་ཕྱིར་ལམ་ཟབ་མོ་བསྒོམ་པར་བྱའོ། །ཞེས་བརྗོད་ཅིང་བསམ། དེ་ནས་དག་བྱེད་སྟོང་རའམ། ཡིག་བརྒྱའི་བསྒོམ་བཟླས་སོགས་རྒྱུད་སྦྱང་ཐབས་རྣམས་སྤྲོ་ན། དེ་ཡང་རང་གི་སྤྱི་བོར་བླ་མ་བསྒོམ། མོས་གུས་དྲག་པོས་གསོལ་བ་བཏབ། དེ་རང་ལ་ཐིམ། རང་གི་ཐོད་པའི་ནང་དུ་ཆོས་འབྱུང་དཀར་པོའི་དབུས་སུ། ཨ་དཀར་གསལ། དེ་ལས་བདུད་རྩི་བབས་སྡིག་སྒྲིབ་སངས་དག །སེམས་མ་བཅོས་པའི་ངང་ཧྲིག་གེ་སྐྱོང་། རྒྱུན་གྱི་ཉམས་ལེན་སྟན་ཐོག་གཅིག་པ་འདི་རྣམས་ལ་མཚམས་དམ་པའི་ངང་ནས་བྱ། བླ་མས་རང་གནས་ལུགས་ཟབ་མོ་ལ་བཀྲི་བར་མཛད་པའི་བཀྲིན་དྲན་པས་བླ་མ་ཡི་དམ་རོ་གཅིག་པ་ལ་མཆོད་བསྟོད་ཡན་ལག་བདུན་པ་རྟག་ཏུ་བྱ་ཞིང་ཚོགས་གསོག །འདི་ལ་མྱོང་བ་ཅི་རིགས་བྱུང་ནས་འགྲོ་དྲུག་སྒྱུ་མར་འཆར་བྱེད་ཀྱི་སྒྱུ་ལུས་རྨི་ལམ་བཟུང་སྦྱང་སྤེལ་སྤྲུལ་བསྒྱུར་བ་རྣམས་དང་སྦྲེལ་ནས་ཉམས་སུ་ལེན་པ་འདི་ནི་སྙིང་པོའོ། །བླ་མ་ལམ་ཁྱེར་ལ། སྣང་བ་ལ་བརྟེན་ནས་བླ་མ་ལམ་དུ་ཁྱེར་བ་དང་། དེ་བཞིན་དུ་བླ་མ་ལ་མོས་གུས། དེ་ལ་བཀའ་དྲིན་དེ་ལ་ཚོགས་གསོག །དེ་ལ་རང་ཤར་ལམ་དུ་ཁྱེར་བ། ཡི་དམ་ལམ་ཁྱེར་ལ། སྣང་བ་ཡི་དམ་དག་སྣང་ཚོགས་གསོག་རང་ཤར། ཟུང་འཇུག་གི་ལྷ་སྐུ་དང་། སྒྱུ་མ་ལམ་ཁྱེར་ལ། སྣང་བ། རང་སེམས། སྒྱུ་མ། རྨི་ལམ། འོད་གསལ་རང་ཤར་རྣམས་ལམ་དུ་ཁྱེར་བ་ནི་དེ་ལྟར་ཤེས་པར་བྱའོ། །དེ་ལྟར་ན་སྣང་བ་བླ་མ་ཡི་དམ་དུ་ཤེས། དེ་རང་སེམས་སུ་ཤེས། དེ་སྒྱུ་མ་ལྟ་བུ་གསལ་སྟོང་བདེ་བར་རང་ཤར་རོ། །ཅེས་པ་ནི་ཀུན་དགའ་སྙིང་པོ་ཏཱ་ར་ནཱ་ཐས་སྦྱར་བའོ། །མངྒ་ལམ། །
༄། །ཨོཾ་ནམ་བམྲྀཏ་བཛྲེབྷྱཿ
འཆི་མེད་རང་གྲོལ་གྱི་སྙིང་པོ་ནི། །སྔོན་འགྲོ་དང་རྗེས་ཆོས་དུག་ལྟར་བྱ། རང་སེམས་འཆི་མེད་རང་གྲོལ་རྟོགས་པར་གསོལ་བ་བཏབ། རང་བདེ་མཆོག་ལྷན་སྐྱེས་ཡབ་ཡུམ་གྱི་སྤྱི་བོར་ཧཱུྃ་སྔོན་པོ་དང་བྃ་དམར་པོ། དེ་གཉིས་ལས་འོད་ཟེར་གསལ་དྭངས་འཚེར་བ་དཔེ་ཟླ་མེད་པར་བྱུང་། །འོད་ཀྱིས་གང་ཕོག་པ་ཆེས་དྭངས་གསལ་དུ་གྱུར་ཅིང་། ཤ་ཁྲག་རུས་པ་སོགས་རྡུལ་ཕྲ་རགས་སྦྱངས། མདངས་མའི་འཇའ་ལུས་མངོན་དུ་འགྱུར་པར་བསྒོམ་ཅིང་དེའི་རིམ་པས་གཉིས་ཀའི་སྤྱི་བོ་ནས་རྐང་མཐིལ་གྱི་བར་སྦྱངས། སྐུ་མདོག་ཞལ་ཕྱག་རྒྱན་ན་བཟའ་འཇའཚོན་ལྟར་གསལ་བ་ལ་སེམས་བཟུང་། འདི་སེམས་སྣང་ཁོ་ནའོ། ཞེས་ཐག་བཅད་མཐར་རང་སམས་ངོས་བཟུང་དང་བྲལ་བའི་རང་རིག་ཙམ་གྱི་མདངས་གང་དུ་ཡང་མ་འགག་པའི་རྩལ་ལྷ་སྐུར་སྣང་ཙམ། སྣང་དུས་ཉིད་ནས་སྟོང་པ་རང་སེམས་སྐྱེ་འགག་གནས་གསུམ་དང་བྲལ་བའི་རྩ་ལ་རང་ཤར་དེ་ཉིད་ལ་ཆེ་རེ་འཇོག །ངོ་བོ་བརྗོད་བྲལ་བློ་འདས། རང་བཞིན་དབྱེར་མེད་ལྷན་སྐྱེས། རྣམ་པ་འགག་མེད་རང་ཤར། མཚན་ཉིད་མ་འདྲེས་ཡོངས་རྫོགས། སྐྱེ་རྒ་ན་འཆིའི་ཡེ་ནས་སྟོང་པ་དེ་བཞིན་དུ་འཁོར་འདས་བཅིངས་གྲོལ་སོགས་གཉིས་སྣང་ཐམས་ཅད་ཡེ་ནས་འཁོར་གསུམ་གྱིས་སྟོང་པ། འཆི་མེད་རང་གྲོལ་གྱི་མན་ངག་ཆེན་པོའི། །འདི་ཡང་དོན་གཉེར་སློབ་མ་འགའི་དོན་དུ་ཀུན་དགའ་སྙིང་པོ་ཏཱ་ར་ནཱ་ཐས་དབེན་གནས་བསམ་གཏན་ལྡིང་སུ་བྲིས། །མང་ག་ལཾ། །
༄། །སུ་པྲ་ཏིཥྛ། ཨོཾ་ཨཾ་ཨིཾ། ན་མོ་གུ་རུ་སམྦ་རཱ་དཱི་བྷྱཿ
བདེ་མཆོག་དབུ་མ་ཡིག་བདུན་གྱི་མན་ངག་ཉམས་སུ་ལེན་པ་ལ། རབ་དགའི་གནས་སུ་སྐྱབས་སེམས་དང་། །སཱ་བྷཱ་ཝས་སྦྱངས་བ་རྣམས་བྱ། སྟོང་པའི་ངང་ནས། རང་སེམས་ཧཱུྃ་ལས་སྐད་ཅིག་གིས། སྲུང་འཁོར་གཞལ་ཡས་ཁང་དང་བཅས་པའི་དབུས་སུ་རང་ཉིད་བླ་མ་དཔལ་ཧེ་རུ་ཀ་རྡོ་རྗེ་སྙིང་རྗེའི་སྟོབས། ཨིནྡྲ་ནཱི་ལའི་མདངས་འོད་འཁྲུགས་པའི་སྐུ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དྲིལ་བུ་བསྣམས་པས་ཡུམ་ལ་འཁྱུད་པ། སྤྱན་གསུམ་དང་རལ་པའི་ཅོད་པན་སྣ་ཚོགས་རྡོ་རྗེ་ནོར་བུ་ཟླ་ཕྱེད་ཕྱག་རྒྱ་དྲུག་མི་མགོའི་ཅོད་པན་དང་དོ་ཤལ་གྱིས་བརྒྱན་པ། གཡས་བརྐྱང་གི་སྣ་ཚོགས་པད་ཉིར་དྲག་པོ་དང་དབུ་མ་བརྫིས་པ། སྟག་ལྤགས་གསར་པའི་སྨད་གཡོགས་གྲོལ་བས་གཉུག་མའི་དགའ་མ་དང་གཉིས་མེད་དུ་རོལ་བ་དེ་ལ་འཁྱུད་པའི་རིག་མ་རྡོ་རྗེ་ཕག་མོ་རབ་དམར་ལི་ཁྲིའི་མདངས་གསལ་བ་བསྐལ་པའི་མེ་ལྟར་འབར་བ། གྲི་ཐོད་ཐོགས་པས་དབལ་ཧེ་རུ་ཀའི་མགུལ་ནས་འཁྱུད་ཅིང་། གཅེར་བུ་སྐྲ་གྲོལ་བ། ཕྱག་རྒྱ་ལྔ་པ། གཡོན་བརྐྱང་གིས་ཡབ་ལ་སྦྱོར་བ། ཐོད་སྐམ་གྱི་དོ་ཤལ་ཅན། གཉིས་ཀའང་གར་གྱི་ཉམས་དགུ་དང་ལྡན་པས་མཛེས་ཤིང་ལང་ཚོ་བདོ་བ། རབ་འཇིགས་མེ་དཔུང་གི་ཀློང་ན་བཞུགས་པ། མི་བསྐྱོད་པའི་དབུ་རྒྱན་ཅན། དམ་ཡེ་དབྱེར་མེད་གྱུར། ལུས་ནང་རྩ་དབུ་མ་ཡར་རྩེ་ཕུ་བ་སྤྱི་གཙུག་དང་། མར་སྣ་ཡངས་པ་འོག་སྒོར་སོན་པ། དེའི་ནང་སྤྱི་བོར་པདྨ་འདབ་དྲུག་ལ་ཡིག་བདུན་གཡས་བསྐོར། ཡབ་ཡུམ་སྙོམས་འཇུག་གི་བདེ་བ་བསྒོམ་པས། དྷཱུ་ཏིའི་ནང་ཐམས་ཅད་སྔགས་འབྲུའི་གང་བའི་འོད་ཀྱི་ལུས་གང་། སྡིག་སྒྲིབ་ཀུན་སྦྱངས། རང་གཞན་ཐམས་ཅད་བདེ་མཆོག་དུ་གྱུར་པ་ཐམས་ཅད་ཀྱིས་སྔགས་བཟླས། ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། །ཅི་ནུས་བཟླ། ཨརྒྷཾ་སོགས་དང་ནང་མཆོད་གཏོར་མ་ལྟར་བྱིན་གྱིས་རླབས་ལ་མཆོད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་སོགས་ཀྱིས་བསྟོད་ལ། དེ་ལ་རླུང་འག མི་དམིགས་ཅུང་ཟད་བཞག །དགེ་བ་བསྔོ།།
༄། །རྒྱུད་སྡེ་ལྔ་གཙོ་བསྡུས་ཡང་སྙིང་ལྷན་སྐྱེས་ཀྱི་རྣལ་འབྱོར་ནི་བདེ་མཆོག་ལྷན་སྐྱེས་སྔར་བཞིན་བསྒོམ་ལ། སྤྱི་བོར་ཧཱུྃ་ལས། གསང་བ་འདུས་པ་བདེ་བཞིའ་གཤེགས་པ་རྡོ་རྗེ་མི་བསྐྱོད་པ་འཁོར་ལོ་བསྒྱུར་བའི་ཆ་ལུགས་ཡིད་ཙམ་དུ་ཁྲོ་བ་རྡོ་རྗེ་སྐྱིལ་ཀྲུང་ཅུན། ཡུམ་རང་འདྲའི་རིག་རྡོ་རྗེ་མ། མགྲིན་པར་རོའི་གདན་ལ་ཧྲཱིཿལས་མ་ཧཱ་མ་ཡ་ཐོད་པ་དང་ཁ་ཊྭཱཾ་ཅན་ཡུམ་བུདྡྷ་ཌཱ་ཀི་ནི་དམར་མོ་རང་དང་འདྲ་བ། སྙིང་གར་བདུད་བཞིའི་གདན་ལ་ཧཱུྃ་ལས་དགྱེས་མཛད། ཡུམ་བདག་མེད་མ་གྲི་ཐོད་ཅན་དང་སྦྱོར་བ། ལྟེ་བར་འཇིགས་བྱེད་དུས་མཚན་མའི་གདན་ལ་ཧཱུྃ་ལས་བདེ་མཆོག་ཡབ་ཡུམ་ཕག་མོ་དམར་མོ་གྲི་ཐོད་ཅན། དེ་གསུམ་ཀའང་ཧེ་རུ་ཀའི་ཆ་བྱད་རྫོགས་པ། གཡས་བརྐྱང་གི་སྟབས་སོ། འདུས་པ་བདེ་དགྱེས་རྣམས་རྡོ་རྗེ་དྲིལ་བུ་འཛིན་པས་རིག་མ་ལ་འཁྱུད་པ། གསང་བར་མ་ཧེ་དང་གཤིན་རྗེའི་གདན་ལ། ཧཱུྃ་ལས་རྡོ་རྗེ་འཇིགས་བྱེད་མ་ཧེའི་གདོང་ཅན་གཅེར་བུ་མཚན་མ་འགྲེང་བ་དུར་ཁྲོད་ཀྱི་ཆས་དང་ལྡན་པ། ཡུམ་ཕག་མོ་དམར་མོ་གཉིས་ཀའང་གྲི་ཐོད་འཛིན་པ་ཐམས་ཅད་ཀྱང་པད་ཉི་ལ་བཞུགས་པའོ། །གནས་གསུམ་དུ། ཨོཾ་ཨཱཿཧཱུྃ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལྷ་ལྔའི་རྣམ་པར་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ ནམ་མཁར་བཞུགས་པའི་དབང་གི་ལྷ་རྣམས་ཀྱིས་ཇི་ལྟར་བལྟམས་པ་སོགས་དང་། ཨོཾ་བཛྲ་བྷ་བ་ཨ་བྷི་ཥིཉྩ་ཧཱུྃ། །དབང་བསྐུར་བས་ལྷ་ཐམས་ཅད་ལ་མི་བསྐྱོད་པས་དབུ་བརྒྱན། དབང་ལྷ་ཡབ་ཡུམ་སྙོམས་འཇུག་གི་བྱང་སེམས་དཀར་དམར་ལྕེ་ཐོག་ཏུ་བཞག །ཨོཾ་ཨཱཿཧཱུྃ། ཡེ་ཤེས་ཕྱག་རྒྱ་དང་སྙོམས་པར་ཞུགས་པའི་བདེ་ཆེན་ལྷན་སྐྱེས་ཉམས་སུ་མྱོང་། དེ་ནས་སེམས་མ་བཅོས་པའི་རང་ངོ་ལ་ཆེར་རེ་གཏད། ཨོཾ་ཨཱཿབཛྲ་དྷྲིཀྲ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཧྲཱི་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། །ཨོཾ་དེ་བ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། །ཨོཾ་ཧྲཱི་ཧ་ཧ་ཧཱུྃ་ཧཱུྃ་ཕཊ། །དེ་ནས་རྫོགས་རིམ་སྒོམ། འཇུག་གོང་དང་འདྲ། གཏོར་མ་ཨ་མྲྀ་ཏས་བསང་། སྭ་བྷ་ཝཱས་སྦྱངས། ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་བུ་གསུམ། ཨ་ལས་ཐོད་པའི་ནང་དུ་ཧཱུྃ་བྷྲཱུཾ་ཏྲཾ་ཨཾ་ཁཾ་ལས་ཤ་ལྔ། བཾ་མཱཾ་ལཱཾ་པཱཾ་ཏཱཾ་ལས་བདུད་རྩི་ལྔ་འོད་དུ་ཞུ་བ་ལས་དམ་ཚིག་གི་བདུད་རྩི་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདུད་རྩི་ཐམས་ཅད་བཀུག་སྟེ་ཐིམ་པས་དམ་རྫས་འབར་བ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ རང་གི་སྙིང་ཁའི་འོད་ཀྱིས་རྒྱུད་སྡེ་ལྔའི་ལྷ་ཚོགས་བཛྲ་ས་མཱ་ཛཿ ལྗགས་ལས་ཧཱུྃ་བྱུང་རྡོ་རྗེ་ཡི། །འོད་ཀྱིས་གསོལ་ཞིང་མཉེས་པར་གྱུར། །སྙིང་པོའི་མཐར་ཨོཾ་ཨཱཿཧཱུྃ་ངམ་ཨ་ཀཱ་རོ་སོགས་བཏགས་པ་ལན་གསུམ་སོགས་ཀྱིས། གཏོར་མ་དང་། ཨརྒྷཾ་སོགས་ཀྱིས་ཕྱི་མཆོད་དང་། ཨོཾ་ཨཱཿཧཱུྃ་གྱིས་ནང་མཆོད་ཕུལ། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རབ་རྫོགས་པ། །དཀྱིལ་འཁོར་ལྔ་པོ་ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་འཚལ་ལོ། །ཞེས་བསྟོད་མཆོད་སྦྱིན་གཏོར་མ་སོགས་ཀྱིས་ཕྲིན་ལས་གསོལ། རང་གི་མདུན་དུ་པད་ཉི་ཚོགས་ཀྱི་བདག་པོའི་གདན་སྟེང་ཧཱུྃ་མཐིང་གའི་འོད་ཀྱི་འཕྲོ་འདུ་ལས་ཡེ་ཤེས་མགོན་པོ་མྱུར་མཛད་སྤྱན་རས་གཟིགས་དབང་རྡོ་རྗེ་ནག་པོ་ཆེན་པོ་ཕྱག་དྲུག་གིས་གྲི་ཐོད། མགོ་ཕྲེང་། ཅང་ཏེའུ། ཏྲི་ཤུ་ལ། ཞགས་པ་རྣམས་འཛིན་ཅིང་། སྟག་ལྤགས་རྒྱན་དྲུག་སྦྲུལ་དང་མི་མགོའི་དོ་ཤལ། ཕྱག་ཞབས་གཡེར་ཁའི་ཕྲེང་བ་ཅན། དཔལ་བར་སིནྡྷུ་རའི་ཐིག་ལེ་རྗེ་བཙུན་མ་དང་སྒྲོལ་མ། དེར་ཧྲཱིཿསྤྱན་རུས་གཟིགས་ཀྱི་ངོ་བོ། སྤྱི་བོར་མི་བསྐྱོད་པས་རྒྱས་བཏབ་པ། རབ་ཏུ་ཁྲོས་པའི་མཚན་ཉིད་རྫོགས་པ་ཀྲིག་ཀྲིག་ཞབས་ཀྱི་སྟབས་ཅན་མེ་དཔུང་གི་ཀློང་ན་བཞུགས་པའི་སྟེང་ན་རྩ་བའི་བླ་མ། གཡས་ན་དཔའ་བོའི་ངར་དང་བཅསཤིང་། གཡོན་ན་དཔའ་མོ་འཛུམ་དང་བཅས་པ། འཁོར་དུ་དཔལ་ལྡན་ལྷ་མོ་རེ་མ་ཏཱི། གནོད་སྦྱིན་བཞི། གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ། དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས་པས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། ཤིང་ཙནྡན་རྐང་གཅིག་པའི་དྲུང་ནས་མྱུར་མཛོད་མགོན་པོ་བཀའ་སྡོད་ཞིང་སྐྱོང་ཕོ་ཉ་ཐམས་ཅད་བཛྲ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཀྵིཾ་ཀྵིཾ་ཉེར་གཅིག་གིས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ བླ་མ་མགོན་པོ་དབྱེར་མེད་ཀྱི་གསོལ་འདེབས་དང་། གྲིབ་སེལ། ཡིག་བརྒྱ་དང་བཤགས་པ་གནད་དབབ། དབང་བསྡུད། ནུས་མཐུ་སྐྱེད་པ་དང་། འཁུ་ལྡོག་ཞི་བའི་དམིགས་པ་དང་བཅས་པའི་བཟླས་པ་འགྲུབ་ན་ཅི་རིགས་བྱ། གཏོར་འབུལ་ཙམ་ལ་མེད་ཀྱང་རུང་། དེ་ནས་གཏོར་མ་བྱིན་རླབས་བྱས་ལ། ཨོཾ་བཛྲ་མ་ཧཱ་ཀ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣན་བི་ནཱ་ཡ་ཀ་ཧཱུྃ་ཕཊ། ཨི་དཾ་བཱ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ། །ཤཱ་ས་ན་ལན་བདུན་སོགས་ཀྱིས་དབུལ། སྤྲོ་ན་འཁོར་ལ་སོ་སོའི་སྔགས་ཀྱིས་ཕུལ། ཨརྒྷཾ་སོགས་དང་། ཨོཾ་ཨཱཿཧཱུྃ་གི་ནང་མཆོད་དང་། མྱུར་མཛད་སོགས་བསྟོད་པའམ་བསྡུ་ན། ལང་ཀ་པུ་རི་གསུམ་བསྲེགས་ཤིང་། སངས་རྒྱས་བསྟན་སྐྱོང་བདུད་དཔུང་འཇོམས། །ཞལ་གཅིག་ཕྱག་དྲུག་ནག་པོ་ཆེ། །འཇིགས་པའི་གཟུགས་ཅན་ཁྱོད་ལ་བསྟོད། །ཀྵེ་ཏྲ་པཱ་ལ་ཛི་ན་མི་ཏྲ་དང་། །ཊཀྐི་རཱ་ཛ་ཏྲཀྴད་རཻ་མ་ཏཱི། །དཔལ་མགོན་བདུན་ཅུ་རྩ་ལྔ་དང་། །དམ་ཅན་རྒྱ་མཚོའི་དམག །ཚོགས་རྣམས། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་དཔོན་སློབ་ཀྱི། །མི་མཐུན་རྐྱེན་དང་བར་ཆད་སེལ། །མཐུན་རྐྱེན་འཕྲིན་ལས་ཡིད་བཞིན་སྒྲུབ། །དགྲ་བགེགས་ཐམས་ཅད་བསྒྲོལ་བ་དང་། །དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། །ཡིག་བརྒྱ་བརྗོད་ལ་གཤེགས་སུ་གསོལ། །བཀྲ་ཤིས་བཀའ་རྒྱ་མ་སོགས་བྱ། །མཁའ་འགྲོ་སྤྱི་གཏོར་དང་གཞི་བདག་གཏོར་མ་སྤྱི་དང་མཐུན་པར་བྱའོ། །ཅེས་པ་འདི་ཡང་དོན་གཉེར་སློབ་མ་འགས་བསྐུལ་ནས་ཀུན་དགའ་སྙིང་པོ་ཏཱ་ར་ནཱ་ཐས་སྦྱར་བ་སྟེ། །སྒྲུབ་གནས་བསམ་གཏན་ལྡིངས་སུའོ། །དག་ལེགས་གོང་འཕེལ་བཀྲ་ཤིས། །
༄། །ན་མོ་གུ་རུ་ཝེ།
།བདེ་མཆོག་མཁའ་སྤྱོད་སྐོར་ལ། །དམར་མོ་རཱ་ཧུ་ལ་དང་། དཀར་མོ་ཨ་ཏི་ཤ་ཆེན་པོ་ལ། ཁྱུང་པོས་གསན་པ་ལས་འདིར་རཱ་ཧུ་ལ། ཇོ་བའི་བླ་མ་ནག་པོ་རཱ་ཧུ་ལ་ཌོམྦྷི་ཧེ་རུ་ཀའི་ཡང་སློབ་དེ་ཁོ་ན་ཡིན་སྣང་འདི་གྲུབ་ཆེན་རྒྱལ་ཀ་ཟླ་བའི་དངོས་སློབ་ཡིན། དེ་ཌོམྦྷི་ཧེ་རུ་ཀའི་དངོས་སློབ་ཡིན་མིན་བོད་ལ་སྣ་ཚོགས་གླེང་ཡང་། ཡན་ལག་དྲུག་པ་ཌོམྦྷི་ཞལ་སྔ་ནས་ཀྱི་རིམ་པ་ཞེས་པས་དངོས་སློབ་བསྙོན་མེད་དུ་སྣང་བ་ལས། གཞན་དུ་སྨྲ་བ་རིམ་ཞེས་པའི་ཚིག་རིམ་གྱིས་གཞན་ལ་བརྒྱུད་པར་འབྲུ་གནོན་པར་ཡིད་བརྟན་མེད་པར་ནི། སློབ་དཔོན་གཞན་ལའང་དེའི་ཞལ་སྔའི་རིམ་པས་ཞེས་པ་དངོས་སློབ་ཁོ་ནས་བྱས་པ་ལ་སྣང་སྟེ་རྗེ་བཙུན་མའི་སྒྲུབ་ཐབས་མཻ་ཏྲི་པས་མཛད་པར་རི་ཁྲོད་ཞལ་སྔའི་རིམ་ཞེས་འབྱུང་བ་ལྟ་བུ་ཡིན་ལ། བདག་གི་རྗེ་བཙུན་དམ་པ་སངས་རྒྱས་སྦས་པའི་ཞལ་སྔ་ནས་ཀྱང་། སློབ་མ་བླ་མ་ལས་རྟོགས་པ་དམའ་བ་རྣམས་ཀྱིས་རྩ་བའི་བླ་མ་ཁོ་ན་སྨོས་པར་བྱེད་པ་རྒྱ་གར་བའི་ལུགས་ཡིན་ཅེས་བཀའ་སྩལ་སྣང་བ་ཐོས་ལ། གཞན་ཡང་དེ་ལྟར་འབྲུ་མནན་མཛད་པའི་བདག་ཉིད་ཆེན་པོ་དེས། བསྟན་བཅོས་དེ་ཉིད་དུ་སྙིང་རྗེའི་སྟོབས་ཀྱི་སྒྲུབས་པ་བརྩམས། ཞེས་པའི་འབྲུ་མནན་ཐུགས་རྗེའི་སྟོབས་ཧེ་རུ་ཀ་སྤྱི་ཡི་མཚན་ཡིན་པ་ལ་བྱེད་རྒྱུ་དྲུག་སྒྲ་བྱེད་ཚིག་ཏུ་བྱས། བླ་མའི་ཐུགས་རྗེའི་སྟོབས་ཀྱིས་སྒྲུབ་ཐབས་བྱས་པའི་དོན་དུ་བཤད་པ་སོགས་ལས། འདམ་བུ་དང་རྒྱ་མཚོའི་དཔེས་རིག་པར་གྱུར་ཏེ།
སྐབས་དོན་ཉམས་ལེན་ནི། སྐྱབས་སེམས་ཚད་མེད་བཞི་བསྒོམ། སྭ་བྷཱ་ཝས། སྟོང་པའི་ངང་ལས་ཆོས་འབྱུང་གི་ནང་དུ་རང་སེམས་ཧཱུྃ་མཐིང་ཀ་ལས་བདེ་མཆོག་ལྷན་སྐྱེས་འོད་ལྔ་འབར་བ། རང་གི་མདུན་དུ་ཧྲཱིཿདཀར་པོ་འོད་དུ་ཞུ་བ་ལས། རྡོ་རྗེ་རྣལ་འབྱོར་མ་སྟོན་ཀའི་ཟླ་འོད་ལྟར་དཀར་བ་ལ་ཡིད་ཙམ་དམར་བའི་མདངས་ཀྱིས་མཛེས་པ། སྤྱན་གསུམ་ནམ་མཁའ་ལ་ཧྲིག་ཧྲིག་འཕྲུལ་བས་གཟིགས་པ། འཛུམ་ཁྲོ་ཆགས་པའི་ཉམས་རྒྱས་པས་མཆེ་བའི་མྱུ་གུ་གསལ་བར་བཞད་པ། ཕྱག་གཡས་གྲི་གུག་རྡོག་སྟངས་དང་། གཡོན་ཐོད་པ་ཁྲག་གང་ཕྱིར་བསྟན་དུ་འཛིན་པ། ཞབས་རྒྱབ་ངོས་ནས་ཕྲག་པར་བཀལ་བས་ཆུ་སྐྱེས་ཟེའུ་ལྷག་གེར་བཞད་པ། གཅེར་བུ་སྐྲ་སིལ་བུར་གྲོལ་བས་སྐུ་སྟོད་ཁེབས་པ། གཞོན་ནུ་ལང་ཚོ་མ་སྐེད་སྐབས་ཕྲ་ཞིང་བརླ་དང་སྐྱེ་༼འདི་ཇོ་བོའི་གཞུང་ཆང་ནས་བྱུང་།༽གནས་དང་ནུ་འབུར་མཐོ་ལ་རྒྱས་པ། མཛེས་སྡུག་ཡིད་འོང་རྒྱན་༼ཡི་གེ་རྣམས་མགོ་ཕྲེང་གཉིས་ཙམ་དང་། རྒྱན་ཐམས་ཅད་ཀྱི་བརྒྱན་པ་ཞེས་པའང་སྣང་།༽སྤངས་པ། རབ་ཏུ་གཏུམ་པའི་དཔའ་མོ་མེ་རི་དཀར་པོའི་དབུས་ན་བཞུགས་པ། དེའི་གནས་གསུམ་ལས་འོད་ཟེར་དཀར་དམར་སྔོ་གསུམ་གཅིག་ལ་གཅིག་འཁྲིལ་བྷ་ག་ནས་འཐོབ། རང་གི་སྤྱི་བོར་བརྒྱུད་ལུས་གང་སྡིག་སྒྲིབ་བག་ཆགས་བཅས་སྦྱངས། འོད་གསང་གནས་ནས་སྤྱི་བའི་བར་ཡར་འཁྱིལ་དགའ་བཞིའི་བདེ་བ་རྒྱས་པར་བསམ། ཨོཾ་གསུམ་མ་བཟླ། མཇུག་ཏུ་སྐད་ཅིག་གི་ཐམས་ཅད་མི་དམིགས་པའི་འོད་གསལ་ཕྱག་རྒྱ་ཆེན་པོའི་ངང་སྐྱོང་། དགེ་བ་བསྔོ། འདི་ལ་རྫོགས་རིམ་དང་འབྲེལ་བ་རྗེས་གཞིག་་་་་བ་མོ་རྗེ་བཙུན་མ་སྤྱི་བོར་སྒོམ་པའི་གསང་གནས་ནས་བྱང་ཆུབ་སེམས་འོད་དམར་པོ་བྱུང་། ཚངས་བུག་ནས་ཞུགས་ལུས་ཁེངས། འོད་དུ་དམར་ལྟེམ་པ་བདེ་སིང་བ་དེ་ཡང་མཐའ་ནས་འོད་དུ་ཡལ་བ་སྙིང་ཁའི་བར་དུ་བསྡུས་ནས་མི་དམིགས་པར་ལྷོད་དེ་འཇོག །ཡང་དཔའ་བོའམ་རྗེ་བཙུན་མའི་སྐུར་ལྡང་ཡང་ན་ནོར་བུའི་དབུས་སུ་མཁའ་སྤྱོད་མ། དེ་འོད་དུ་ཞུ་རྡོ་རྗེའི་ལམ་བརྒྱུད་ལུས་གང་བ་མན་ཆད་སྔར་བཞིན་བསྒོམ་པ་ཡིན་ནོ། །དམར་མོ་ལ་རང་གི་མདུན་དུ་ཆོས་འབྱུང་གཉིས་བརྩེགས་ཕྱི་དཀར་ནང་དམར་བདེ་སྟོང་དུ་འཆན་ཞིང་། རྒྱུ་བའི་དབུས་སུ་པད་ཉི་མི་རོལ་བྃ་ལས་རྗེ་བཙུན་མ་ལི་ཁྲིའི་མདངས་ཅན། དམར་ཞིང་བཀྲ་བའི་སྤྱན་གསུམ་གཡོ་བ། ཕྱག་གཡས་རྡོ་རྗེ་ཐུར་དུ་བསྣུན་ཅིང་། གཡོན་ཐོད་ཁྲག་སྟེང་དུ་བཟུང་བ་ལ་ཞལ་རས་ཕྱོགས་པས་བདེ་བའི་རྒྱུན་གསོལ་བ། གྲུ་མོར་ཐབས་ཀྱི་རང་བཞིན་ཁ་ཊྭཱཾ་ག་དཀར་པོ། ཞབས་གཡས་བརྐྱང་མི་རོའི་སྙིང་ག་དང་། གཡོན་ཕྲག་པར་བཀལ་བ་གཅེར་བུ་དབུ་སྐྲ་ཞེས་པ་ནས་ཡིད་འོང་བར་སྔར་བཞིན་ཕྱག་རྒྱ་ལྔ་དང་མགོ་ཕྲེང་ཅན། རབ་གཏུམ་མཆེ་གརྩིགས་ཁྲོ་གཉེར་ཡིད་ཙམ་བསྡུས་པ་མེ་དཔུང་གི་ཀློང་ན་བཞུགས་པ། རང་གི་ལྟེ་བར་ཨ་ཐུང་གི་ཆོས་འབྱུང་ལ་ཕོག །བག་ཆགས་ཐམས་ཅད་སྦྱངས། རྗེ་བཙུན་མའི་གསང་བའི་ཆུ་སྐྱེས་ཀྱི་འོད་ཀྱི་རང་ལ་ཕོག་སྡིག་སྒྲིབ་སྦྱངས། ཨོཾ་གསུམ་མ་བཟླས་རྗེས་གོང་བཞིན། ཆང་མཆོད་ནི་སྲིན་ལག་གཡོན་པས་ཆོས་འབྱུང་གཉིས་རིམ་བྲི་ཚུལ་དང་ཨོཾ་གསུམ་མ་བརྗོད། དེ་སྔར་བཞིན་བསྐྱེད། ཆང་ཐམས་ཅད་ཨོཾ་གསུམ་མའི་ཡིག་འབྲུར་དམར་ཧྲཾ་མེ་བ་ལ་དོ་ཤལ་རེག་གེ་བ། ཨོཾ་གསུམ་མ་བཟླས་པས་བྷ་ག་ནས་རང་བྱུང་བདེ་ཕྲི་ལི་ལི་བབས། ཆང་སྣོད་ཁེངས་ལྷ་མོ་འོད་དུ་ཞུ་ཐིམ་པས་བདུད་རྩིར་གྱུར། བླ་མ་ཡི་དམ་ཆོས་སྐྱོང་ལ་འབུལ། རང་གི་གནས་གསུམ་དུ་གཏོར། ཚོགས་དང་གྲོགས་དང་གནས་དང་གཏོར་མ་ལ་གཏོར། རང་ཉིད་ཁྲུས་ཀྱང་བྱ། གཞན་གྱིས་མ་མཐོང་བར་གསང་བ་གལ་ཆེ། དཀར་དམར་གཉིས་ཀ་ལ་གཏོར་མ་བསང་སྦྱངས། ལག་མཐིལ་གཡོན་པར་བཞག །གཡས་པའི་མཐེབ་སྲིན་གྱི་བཟུང་ལསྤྱི་ལྟར་བྱིན་རླབས་བྱས་མཐར་འབྲུ་གསུམ་ལེན་གཉིས་ཀྱི་དམ་ཚིག་པ་དང་ཡེ་ཤེས་ཀྱི་བདུད་རྩིར་བསམ། ཕཻཾ་ཞེས་སྐད་ཅིག་གི་འཁོར་བཅས་སྤྱན་དྲངས་ལ་ཨོཾ་གསུམ་མ་འབྲུ་གསུམ་བཏགས་པས་ཕུལ། ཨརྒྷཾ་དཔལ་ལྡན་རྡོ་རྗེ་མཁའ་འགྲོས་བསྟོད། །མཆོད་སྦྱིན་གཏོར་མ་སོགས་ཕྲིན་ལས་བཅོལ། ཡིག་བརྒྱ་དང་བཤགས་པ་བྱ། རང་ལ་བསྟིམས། གལ་ཏེ་ཚེས་བཅུའི་མཆོད་པ་བྱ་འདོད་ན། །རྗེ་བཙུན་མ་ལ་མཁའ་འགྲོ་སྡེ་ལྔ་དང་། མྱུར་མཛད་མ་ཧཱ་ཀ་ལ་སོགས་དང་། སྟེང་ནས་རྩ་བརྒྱུད་ཀྱི་བླ་མས་བསྐོར་བ་རྣམས་འདིའི་ཁྱད་ཆོས་སོ། དེ་མ་གཏོགས་མན་ངག་གཞན་པའི་ལུགས་ཀྱི་ཚེས་བཅུའི་ཚོགས་མཆོད་བསྡུས་པ་ཁྱད་པར་མེད་པས་དེ་བཞིན་དུ་བྱའོ། །དཀར་མོའི་འཕོ་བ། དམ་ཚིག་གི་གསོ་ཐབས། རིལ་བུའི་ཆོ་ག་དམར་མོའི་འཕོ་བ། མཁའ་སྤྱོད་གསུམ་སྤྲུག་ཨའི་འོད་མཆོད་མཁའ་འགྲོ་དབང་ཆེན། སྙིང་རྗེ་ཆུ་རྒྱུན་ཁྱད་འཕགས་གསོལ་འདེབས་རྣམས་ཉམས་ལེན་བྱ་འདོད་ན་ཡིག་རྙིང་དུ་ཤེས་པར་བྱའོ།
།མན་ངག་ཕྱོགས་མཐུན་གཞན་འདིར་ཞལ་ཤེས་ཀྱི་རྫོགས་རིམ་ནི། རཱ་ཧུ་ལའི་གདམས་པ་མཉམ་མེད་ཨ་ཏི་ཤའི་དགོངས་པ་འདི་ཡིན་ཏེ། བསྐྱེད་རིམ་རང་རྗེ་བཙུན་མ་བསྐྱེད་ཆོག་སྔར་གྱི་མདུན་བསྐྱེད་བཞིན་བྱ། ལྟེ་བར་པད་འདབ་བརྒྱད་པ་དམར་པོ་འོད་སྣ་ལྔའཕྲོ་བའི་ལྟེ་བར་མར་མེ་སོར་བཞི་པ་བསམ་ལ། རླུང་གཏོང་ཁར་རླུང་མེད་པའི་སྦྱོར་བ་བྱེད་པ་དང་། མིག་སྣ་རྩེར་ལྟ་བ་མ་གཏོགས་ལུས་གནད་དང་རླུང་བུམ་ཅན་སྤྱི་མཐུན་དེ་མགྲིན་པར་བཞག་ནས་རྨི་ལམ་དང་། སྙིང་ཁར་འོད་གསོལ། གསང་གནས་སུ་བཞག་ནས་ཐུར་སེལ་དབང་དུ་བྱེད། དབང་དུ་གྱུར་ན་ལས་རྒྱའི་གཏུམ་མོ་སྒོམ། །བུད་མེད་གཟུགས་ནི་སྤངས་ནས་གཞན། །ཞེས་སོགས་ཀྱི་གདམས་ངག་ལེན། །སྔར་བསྟན་རྗེས་གཞིག་གི་འོད་གསལ་བསྒོམ། །དེ་ནས་ཟུང་འཇུག་འབྱུང་ཞེས་པ་མདོ་ཙམ་མོ། །འདི་ལ་ཆགས་གྲོལ་གྱི་ལམ་གཉིས་ཀ་ཆ་ཚང་ཡོད་པར་མངོན། སྙན་བརྒྱུད་དེ་ཙམ་མོ། །མདོ་ཙམ་གཞན་དུ་བྲི་བར་འདོད་ལ། ཤངས་ཆོས་སྐོར་དུ་ཡི་གེར་འཁྱོད་པ་མེད་པས། བར་སྐབས་སུ་ཆད་པ་འདྲ་ཞིང་དེ་ལས་གཞན་ལྷ་བཞིའི་དྲིལ་སྒྲུབ་སོགས་ཀྱང་འདེའི་ཕྱོགས་ཡིན་ནོ།
།དེ་ལྟར་སྔོན་འགྲོ། ཆོས་དྲུག །ཕྱག་ཆེན། ལམ་ཁྱེར། འཆི་མེད། བསྐྱེད་རིམ་མཁའ་སྤྱོད་སྐོར་ཏེ།
༈ འདི་ཙམ་བླ་མའི་མན་ངག་ཡིན། །ད་ནི་དུས་ཀྱི་མི་སྡོད་ཅིང་། །ལང་ཚོའང་སྟོན་ཀའི་སྤྲིན་བཞིན་གཡོ། །དེ་བས་སྒྲུབ་ལ་འབད་པར་བྱ། །མན་ངག་ཚད་ནི་འདི་ཡིན་ཏེ། །གླེགས་བམ་མང་ཡང་ངལ་བའི་རྒྱུ། །སློབ་མས་བསྐུལ་ཕྱིར་འདི་བྲིས་པའི། །དགེ་བས་སངས་རྒྱས་ཐོབ་པར་ཤོག
།འཇམ་དབྱངས་ཀྱི་སྒྲུབ་ཐབས་འདི་དང་། གངས་ཆོས་ཚན་བདུན་པོ་འདི་ཐུན་གཉིས་ལ་བྲིས་པ་སྟེ། བོད་ཡུལ་དབུས་གྲྭ་ཐང་པའི་དགེ་སློང་ཀུན་དགའ་རིན་ཆེན་རྒྱལ་མཚན་འོད་ཟེར་དཔལ་བཟང་པོ་སོགས་ཀྱིས་བསྐུལ་ནས་རང་ལོ་ཉེར་གཉིས་པ་ལའོ། །ཡུར་ཡཏིཥྛནྟུ། །