Gnad kyi thig le skal ldan bgrod pa'i lam bzang
Resource ID | KRK1 |
---|---|
Title | bla ma dam pa'i bka' drin la brten nas rang gi myong ba dang sbyar ba'i zhal gdams gnad kyi thig le skal ldan bgrod pa'i lam bzang |
Alt. title | sems nyid sku gsum ye rdzogs phyag rgya chen po'i ngo sprod dkar po cig thub |
Topics | Various |
Sub-Topics | Semtri |
Author | Kalu Dorjé Chang |
༄༅། །སེམས་ཉིད་སྐུ་གསུམ་ཡེ་རྫོགས་ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་དཀར་པོ་ཅིག་ཐུབ།
བླ་མ་དམ་པའི་བཀའ་དྲིན་ལ་རྟེན་ནས་རང་གི་མྱོང་བ་དང་སྦྱར་བའི་ཞལ་གདམས་གནད་ཀྱི་ཐིག་ལེ་སྐལ་ལྡན་བགྲོད་པས་ལམ་ཟངས་ཞེས་བྱ་བ་བཞུགས་སོ།།
།ན་མོ་གུ་རུ།
།རྩ་གསུམ་རབ་འབྱམས་རྒྱ་མཚོ་འདུས་པའི་སྐུ།
།བྱིན་རླབས་དངོས་གྲུབ་མ་ལུས་འབྱུང་བའི་གཏེར།
།མངོན་སུམ་ཆོས་སྐུའི་རང་ཞལ་སྟོན་མཛད་པའི།
།མཉམ་མེད་བླ་མ་མཆོག་གིས་བྱིན་རླབས་སྩོལ།
།བདག་དང་བདག་གི་གདུལ་བྱར་གྱུར་པ་རྣམས།
།བློ་སྣ་དམ་པའི་ཆོས་སུ་འགྱུར་བ་དང་།
།རང་སེམས་རིག་པའི་རང་ཞལ་ལེགས་མཐོང་སྟེ།
།དོན་གཉིས་མཐར་རུ་ཕྱིན་པའི་དངོས་གྲུབ་སྩོལ།
དེ་ཡང་ཆོས་ཡང་དག་པར་སྒྲུབ་པར་བྱེད་པ་ལ། །དང་པོ་ལས་འབྲས་བསླུ་མེད་གཏིང་ནས་ཤེས་ཤིང་ཁམས་གསུམ་འཁོར་བ་འདི་སྡུག་བསྔལ་གྱི་རྒྱ་མཚོ་ཉིད་དུ་མངོན་པར་ཤེས་ནས་ཞེན་པ་གཏིང་ནས་ལོག་ཏེ། །དལ་འབྱོར་ལན་གཅིག་ཐོབ་པ་འདི་ཡང་རྒྱུ་གྲངས་དཔེ་གསུམ་གྱིས་ཤིན་ཏུ་རྙེད་པར་བཀའ་ཞིང་། །རྙེད་པ་དེ་ཡང་རླུང་གསེབ་ཀྱི་མར་མེ་ལྟར་མི་རྟག་འཆི་བས་མྱུར་དུ་འཇིགས་པར་ངེས་པས། །ད་ནི་གནས་སྐབས་སྤྲིན་བར་གྱི་ཉི་ཞུར་ལྟ་བུ་སྡོད་རྒྱུ་ཡོད་པའི་ཚེ། །བླ་མའི་གདམས་ངག་ཁོ་ན་བསྒོམ་པ་ལས་གང་གིས་ཀྱང་ཕན་པ་མི་འདུག་སྙམ་པའི་སེམས་ཐག་གཏིང་ནས་ཆོད་པའི་བློ་ལྡོག་རྣམ་བཞི་ཞིག་རྒྱུད་ལ་མ་འབྱོར་ན་ཆོས་སྒྲུབ་ལོ་དང་སྒོམ་ལོ་བྱས་རུང་མ་བྱས་རུང་། །འཁོར་བ་ལ་ཞེན་པ་ཇེ་ཆེ་རང་རྒྱུད་ཇེ་གྱོང་དུ་འགྲོ་བ་ཙམ་ལས་མེད་ངེས་ལགས་པས་བསྒོམ་གྱི་གཞི་དེ་མ་ཤོར་བ་ཞིག་མེད་ན་ཐབས་ཆགས་སོ།
དེ་ལྟར་འཁོར་བ་འདི་ལས་ངེས་པར་འབྱུང་བའི་སྐལ་ལྡན་རྣམས་ཀྱིས་ཉམས་སུ་ལེན་བྱ། །ཆོས་སྐུ་ཕྱག་རྒྱ་ཆེན་པོ་ཟེར་བ་དེ་ནི་རང་གི་རྒྱུད་ལ་དྲན་རྟོག་སྣ་ཚོགས་ཤར་མཁན་གྱི་སེམས་འདི་བཅས་བཅོས་གང་ཡང་མི་བྱ་བར་རང་ལུགས་སུ་ལྷུག་པར་བཞག་ནས།
།ཕྱི་ནང་གང་དུའང་གཏད་སོ་དང་། །གསལ་སྟོང་སོགས་འདི་ལྟར་རོ་སྙམ་པའི་འཛིན་པ་དང་ཡིད་བྱེད་ཀྱི་སྒོམ་བྱ་ཅི་ཡང་མེད་པར་ངོ་ཤེས་ཙམ་གྱི་གདངས་དེ་མ་ཡལ་བར་དྭངས་སང་ངེར་བཞག་ན་སེམས་ཀྱི་གཤིས་ལུགས་ངོ་བོ་གང་དུའང་མ་གྲུབ་པ་སྟོང་སང་ངེ་བ་དེ་ཆོས་སྐུ་ཡིན།
དེ་ཡི་མདངས་གང་ཡང་མ་འགགས་པར་རིག་ཙམ་གྱི་གསལ་དྭངས་ལྷང་ངེ་བ་དེ་སྤྲུལ་སྐུ་ཡིན།
གསལ་རིག་སྟོང་གསུམ་ཟུང་དུ་འཇུག་པའི་དབྱེར་མེད་ཟང་ཐེལ་ལེ་བ་དེ་ལོངས་སྐུ་ལགས་པས།
།སེམས་འདི་གནས་ན་ཡང་སྐུ་གསུམ་གྱི་རང་བཞིན།
།ཚོགས་དྲུག་གི་སྣང་བ་དང་རྟོག་པ་ཅི་ཤར་ཡང་ངོ་བོ་གང་དུའང་མ་གྲུབ་ཤིང་མདངས་མ་འགགས་བཞིན་རྣམ་པ་འདི་ལྟ་བུའོ།
བསམ་པའི་དྲན་རྟོག་སྣ་ཚོགས་ཧྲིག་གེར་འཆར་བ་དེ་སྤྲུལ་སྐུ།
།དེ་ཉིད་ཕྱི་ནང་གང་དུའང་མ་གྲུབ་པའི་སྟོང་སང་ངེ་བ་ཆོས་སྐུ།
།གདོད་ནས་དེ་གཉིས་དབྱེར་མེད་གསལ་དྭངས་ལྷང་ངེ་བ་དེ་ལོངས་སྐུ་ཡིན།
སེམས་འདི་འགྱུ་ན་ཡང་སྐུ་གསུམ་གྱི་རང་བཞིན་ལས་མ་འདས་པས།
།སེམས་ཉིད་བཅོས་བསྒྱུར་གཏད་སོ་འཛིན་པ་ཐམས་ཅད་དང་བྲལ་བའི་ངོ་ཤེས་ཙམ་གྱི་སེམས་རིག་སྟོང་ལྷང་ངེ་བ་འདི། །ད་ལྟའི་ཤེས་པ་སྐད་ཅིག་མའམ། །ཐ་མལ་ཤེས་པ་ཞེས་ཀྱང་བྱ།
འཁྲུལ་པ་དང་མཚན་འཛིན་གྱི་ཤེས་པ་སོགས་ཀ་ནས་དག་ཅིང་། །དུས་གསུམ་གྱི་རྟོག་པས་མ་སླད་ཅིང་ཡིད་བྱེད་དང་བྲལ་སྟེ། །དུས་མེད་གམ་དུས་བཞིའི་ཆ་ཤེས་པ་སྐད་ཅིག་མ་དེ་ལས་ནམ་ཡང་འདའ་བ་མེད་པས་ན། །ཀ་དག་བཞི་ཆ་གསུམ་བྲལ་ཞེས་ཀྱང་བྱ།
།འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ལ་རྫོགས་པས་ན་རྫོགས་པ་ཆེན་པོ།
ཡོད་མེད་ཡིན་མིན་སོགས་མཐའ་ཐམས་ཅད་ལས་འདས་ཤིང་དབུས་དྲངས་པོ་ལྟ་བུ་ཡིན་པས་ན་དབུ་མ་ཆེན་པོ།
།ཆོས་ཐམས་ཅད་ཀྱི་སྲོག་གམ་སྙིང་པོ་ལྟ་བུ་ཡིན་པས་ན་དོན་དམ་བྱང་ཆུབ་སེམས་རིན་པོ་ཆེ།
།སྟོང་གསལ་རིག་པའི་ཡེ་ཤེས་དེ་ལས་འདའ་བ་མེད་པས་ན་ཕྱག་རྒྱ་ཆེན་པོ་སྟེ།
།ཐོག་མར་ངོ་སྤྲོད་བྱ། བར་དུ་རྒྱུན་ཆད་མེད་པར་སྐྱོངས་བྱ། །མཐར་དེ་ཉིད་མངོན་དུ་གྱུར་ཏེ། །བརྟན་པ་ཐོབ་བྱའི་འབྲས་བུ་ལགས་ཤིང་།
།སྔོན་བྱོན་གྱི་སྐྱེ་བུ་དམ་པ་རྣམས་ཀྱང་། །ད་ལྟའི་ཤེས་པ་སྐུ་གསུམ་ཡེ་རྫོགས་ཆེན་པོ་འདི་ཁོ་ན་སྤྱོད་ལམ་རྣམ་བཞིར་ཆུ་བོའི་རྒྱུན་བཞིན་བསྐྱངས་པས་ཚེ་གཅིག་གི་ཟུང་འཇུག་ཆེན་པོའི་རྒྱལ་སར་གཤེགས་པ་ལགས་དེ་ལྟར་གྱི་ཉམས་ལེན་དེ་ངོ་འཕྲོད་ན།
།ཕྱག་རྒྱ་ཆེན་པོ་དཀར་པོ་གཅིག་ཐུབ་ཞེས་ཡོད་ན་དེས་ཆོག་མེད་ན་དེ་མེད།
།སྟོང་གསུམ་གསེར་གྱི་བཀང་སྟེ་ཕུལ་ཀྱང་བཀའ་དྲིན་འཁོར་ཐབས་མེད་པའི་གདམས་ངག་ཟབ་མོ་གཅིག་བརྒྱུད་མ།
།སྐྱེས་བུ་སྟག་དོང་དང་བཅས་ཏེ་སངས་རྒྱས། །བུ་མོ་བལ་སྐུད་དང་བཅས་ཏེ་སངས་རྒྱས། །ཁྱིམ་པ་སོ་ནམ་དང་བཅས་ཏེ་སངས་རྒྱས། །གཙོ་བོ་མདུན་གྲོས་དང་བཅས་ཏེ་སངས་རྒྱས། །ཕྱུག་རྫི་མཚོ་སྐྱོངས་དང་བཅས་ཏེ་སངས་རྒྱས།
དབང་སྣོན་སྐལ་པ་དང་ལྡན་པ་རྣམས་འདོད་ཡོན་མ་སྤངས་པར་སངས་རྒྱས་པའི་གདམས་ངག་ཟབ་མོ་སྙིང་པོའི་ཡང་ཞུན་འདི་ངོ་འཕྲོད་ན་ཡིད་བཞིན་གྱི་ནོར་བུ་ལག་ཏུ་ཟིན་པ་ཡིན་པས། །ཆུད་ཟོས་སུ་མི་བྱ་བར་གཡར་དམ་དུ་འཆང་བར་བྱའོ།
།དེང་སང་སེམས་ངོ་ཧ་ལམ་ཙམ་ཤེས་ནས་སྐོར་རེ་སྐོར་གཉིས་དྲན་ཙམ་རིག་ཙམ་རེས་གོ་ཆོད་ཤག་གིས་སྐྱབས་འགྲོ་སེམས་བསྐྱེད་མོས་གུས་སྙིང་རྗེ་ཁ་གཏོན་བཟླས་བརྗོད་ལྷ་སྒོམ་སྔགས་བཟླས་ཚོགས་བསགས་སྒྲིབ་སྦྱངས་སོགས་ཅི་ཡང་མི་དགོས་པར་ལོག་ལྟ་དང་འཛིན་ཆགས་སྔར་ལས་ཀྱང་དགུ་འགྱུར་ཆེ་བ་ཞིག་བྱས་ནས། །དེས་གོ་ཆོད་ཤག་སྙམས་པ་མང་པོ་འདུག་པས་འཁོར་བ་མཐའ་མེད་དུ་འཁྱམས་དགོས་ན་མ་གཏོགས་དེ་ལྟ་བུའི་གོ་རྟོག་རེད་མ་ཤོར་བར་དུས་རྒྱུན་དུ་རང་གིས་རང་ལ་རྟག་དཔྱད་ཞིབ་དུ་བྱ་ཞིང་། །ཉམས་ལེན་བརྟན་པ་མ་ཐོབ་ཀྱི་བར་དུ། །སྐྱབས་འགྲོ་སེམས་བསྐྱེད་བསྔོ་བ་སྨོན་ལམ་རྣམས་ཀྱིས་ཆོས་ཆོས་མིན་དུ་མི་འགྲོ་ཞིང་། །ཅི་བྱས་ཐར་པའི་ལམ་དུ་འགྲོ་དགེ་རྩ་ཐམས་ཅད་མི་ཉམས་གོང་འཕལ་དུ་འགྲོ་བའི་ཐབས་ཟབ་མོ་མེད་དུ་མི་རུང་བ་དང་། །ཁ་གཏོན་བཟླས་བརྗོད་ཕྱག་བསྐོར་མཆོད་སྦྱིན་རྣམས་ཀྱིས་ཚོགས་གཉིས་འཕྲལ་དུ་རྫོགས་སྒྲིབ་གཉིས་མྱུར་དུ་བྱང་ཏེ་ཆོས་སྐུ་ཕྱག་རྒྱ་ཆེན་པོ་བདེ་བླག་ཏུ་རྟོགས་པའི་ཐབས་ཟབ་མོ་མེད་ཀ་མེད་དང་།
།སྣང་བ་ཀུན་ཀྱང་བདེན་མེད་སྒྱུ་མ་རྨི་ལམ་གྱི་རང་བཞིན་དུ་ཤེས་ཤིང་། །རང་སྣང་ལུས་འདི་ཡང་རྡོ་རྗེ་ཕག་མོ་སོགས་ཡི་དམ་ལྷ་ཡི་སྐུ་ཞལ་ཕྱག་རྒྱན་ཆས་ཡོངས་སུ་རྫོགས་པ་སྣང་ལ་རང་བཞིན་མེད་པར། །གསལ་ལ་རྟོག་པ་མེད་པ། །བདེ་ལ་ཞེན་པ་མེད་པ། །རང་སེམས་སྟོང་པའི་རང་མདངས་སུ་ཤར་ཞིང་།
།དེ་ཡང་སེམས་དང་ལྷ་སྐུ་དབྱེར་མེད། །གཤིས་མདངས་རྩལ་གསུམ་གྱི་རང་བཞིན། །ཡེ་ཤེས་ཆེན་པོའི་ངོ་བོ་ཆོས་ལོངས་སྤྲུལ་གསུམ་གྱི་རྣམ་པ་གདོད་ནས་རང་གནས་སུ་ཡིན་པར་ཤེས་པའི་ང་རྒྱལ་དང་མ་བྲལ་བཞིན་སྣང་གྲགས་རྟོག་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་རང་བཞིན་ཤེས་པས།
ཐ་མལ་གྱི་བདེན་འཛིན་རྣམས་ཧྲུལ་གྱིས་འཇིགས། །ངར་འཛིན་གྱི་བག་ཆགས་དྲུངས་ནས་འབྱིན། །ཆགས་སྡང་དང་ཨ་འཐས་རྩད་ནས་ཞིག་པར་འགྱུར་ཞིང་། །སྐྱེ་མེད་ཆོས་ཀྱི་སྐུ་རུ་སངས་རྒྱས། །རིག་རྩལ་ལོངས་སྐུའི་བཀོད་པ་མངོནདུ་གྱུར། །གང་འདུལ་སྤྲུལ་སྐུའི་མཛད་པ་སྐྱེ་མེད་ཆོས་སྐུརིག་རྩལ་འཁོར་བ་མ་སྟོང་གི་བར་དུ་འབྱུང་བ་ཡིན་པས་ཉམས་ལེན་མི་བྱ་ཀ་མེད་དམ་པ་དང་།
།དེ་ལྟ་བུའི་གནས་ལུགས་མ་རྟོགས་པར་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་དུས་རྟག་ཏུ་བྱིང་བའི་མཁའ་ཁྱབ་སེམས་ཅན་འདི་ཀུན་སྙིང་རེ་རྗེ་སྙམས་པའི་སྙིང་རྗེ་ཕུར་ཚུག་དང་། །སྐབས་སུ་དེ་དག་གི་སྡུག་བསྔལ་རྒྱུ་དང་འབྲས་བུ་བཅས་པ་བདག་ལ་ཐིམ་ཞིང་། །དེ་དག་སྡུག་བསྔལ་དང་བྲལ། །བདག་གི་བདེ་དགེ་མ་ལུས་པ་དེ་དག་ལ་སྟིམ་པས། གནས་སྐབས་བདེ་སྐྱིད་དང་ལྡན། །མཐར་ཐུག་སངས་རྒྱས་ཐོབ་པར་སྙམས་པའི་གཏོང་ལེན་ཡང་ཡང་བྱ་བ་ནི། །སྒྲིབ་སྦྱང་ཀུན་གྱི་རྒྱལ་པོ། །བསྲུང་བ་ཀུན་གྱི་མཆོག་གྱུར། །བྱམས་པའི་གོ་ཆ། །སྙིང་རྗེའི་ཡ་ལད། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཞེས།
།སངས་རྒྱས་ཀྱི་རྒྱུ་མེད་ཐབས་མེད་པའི་གནད་ཟབ་མོའོ།
།དེ་ལྟར་གདམས་ངག་ཐམས་ཅད་དང་། །ཁྱད་པར་རང་སེམས་སངས་རྒྱས་ཀྱི་རང་ཞལ་ངོ་སྤྲོད་པའི་བླ་མ་དམ་པ་དེ། །ཡོན་ཏན་གྱི་ངོས་ནས་རྩ་གསུམ་རབ་འབྱམས་རྒྱ་མཚོ་འདུས་པའི་སྤྱི་དཔལ་བྲལ་སྨིན་ཡོན་ཏན་བྱེ་བའི་བདག་ཉིད། །བཀའ་དྲིན་གྱི་ངོས་ནས་དུས་གསུམ་རྒྱལ་དང་རྒྱལ་སྲས་ཀུན་ལས་ཁྱད་པར་འཕགས་པའི་བདག་ཉིད་དུ་ཤེས་ཤིང་།
།སྣང་བ་ཅི་ཤར་བླ་མའི་རྣམ་རོལ། །བདེ་སྡུག་ཅི་བྱུང་བླ་མའི་བཀའ་དྲིན། །རེ་ས་བླ་མ་ལས་མེད་པའི་ཁོ་ཐག་གཏིང་ནས་བཅད་དེ་ཅི་མཛད་ཁྱེད་ཤེས་བློ་གཏད་ལིངས་བསྐྱུར་གྱི་མོས་གུས་མཆི་མ་འཁྲུགས་པ་དང་མ་བྲལ་བ་བྱས་ཕྱིན། གེགས་ཐམས་ཅད་སེལ། །བོག་ཐམས་ཅད་འདོན་བྱིན་རླབས་དངོས་གྲུབ་ཉམས་དང་རྟོགས་པ་ཐམས་ཅད་དབྱར་གྱི་རྩི་ཐོག་ལྟར་ངམ་ངམ་ཤུགས་ཤུགས་ཀྱིས་འབྱུང་སྟེ། །ས་ལམ་གྱི་ཡོན་ཏན་ཐམས་ཅད་དུས་གཅིག་ལ་རྫོགས་ནས་ཚེ་འདིར་གྲུབ་པ་ཆེན་པོའི་གོ་འཕང་བདེ་བླག་ཏུ་ཐོབ་པའི་ཐབས་ཟབ་མོ་མེད་དུ་མི་རུང་བའི་ལམ་ཟབ་མོ་བླ་མའི་མོས་གུས་བྱ་བ་ལགས་པས།
།དེ་ལྟར་ཐམས་ཅད་ཡ་བྲལ་དུ་མ་སོང་བར། །གཅིག་ཕན་གཅིག་གྲོགས་ཀྱི་ཚུལ་དུ་རང་རྒྱུད་ལ་སྦྱོར་དང་རང་གཞན་དོན་གཉིས་འགྲུབ་པ་ལ་ཐེ་ཚོམ་མི་དགོས་པ་ལགས་སོ།
གྲུབ་པ་ཆེན་པོའི་གོ་འཕང་རྒྱལ་བའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཀུན། །སེམས་ཉིད་གཅིག་པུ་འདུལ་ཐབས་ཁོ་ན་སྟེ། །སེམས་མ་ཐུལ་བའི་བསྒོམ་སྒྲུབ་བྱེད་ལོ་ཀུན། །ཆོས་བརྒྱད་ཁ་སྣོན་ཡིན་པས་རིང་དུ་དོར། །འཁོར་བ་བདེན་མེད་སྒྱུ་མའི་རང་བཞིན་ལ། །ཨ་མཐས་ཞེན་ཆགས་འཛིན་པ་མི་ཆེ་བར། །ཚེ་འདི་བློས་ཐོང་ཕྱོགས་མེད་སྡོམ་བུ་ཡིས། །ཉམས་ལེན་གནད་བསྡུས་གོང་དུ་བཤད་པ་རྣམས། །དུས་ཀུན་རང་གི་རྒྱུད་ལ་ཡང་ཡང་སྦྱོར།
ང་མཁས་པ་ང་བཟང་སྙམ་པའི་མཁས་བཙུན་དང་། །བདེན་འཛིན་ཞེན་ཆགས་ཆེ་བའི་སྒོམ་ཆེན་པ། །བརྫུན་གྱིས་གཞན་མགོ་བསྐོར་བའི་སྡོམ་བུ་བ། །ཁ་བཟང་ངན་སེམས་འཆང་བའི་བྱང་སེམས་པ། །དཀོར་ནག་ཕྱེ་ལྟར་འགམ་པའི་བླ་གཟུགས་དང་། །གཡོ་སྒྱུ་ཚུལ་འཆོས་ཅན་གྱི་སེར་མོ་བ། །གྲུབ་མཐའ་ཕྱོགས་ཞེན་ཅན་གྱི་གཏི་མུག་མཁན།བཤད་ཡམ་ཚིག་ལ་ཞེན་པའི་སྟོན་ཆེན་པ། །ཕྱོགས་འཛིན་ཆགས་སྡང་ཅན་གྱི་དགོན་བདག་སོགས། །ཆོས་ལ་བརྙས་པའི་སྡིག་པ་རྔམ་པོ་ཆེ།
།དུག་ལྟར་སྤངས་ཤིང་ནང་མོ་རེ་རེ་བཞིན། །འདི་འདྲའི་ལས་མི་བཟུང་བའི་དམ་བཅའ་ཟུངས། །ད་རེས་དལ་འབྱོར་བཟང་པོ་ཐོབ་དུས་འདིར། །དགེ་སྡིག་ཅི་བྱེད་རང་གི་ལག་ལ་ཡོད། །ཡིད་བཞིན་ནོར་བུ་རྙེད་པའི་ངོ་མ་ཡིན། །རིས་མེད་བསྟན་པ་སྤྱི་བོར་ཐོད་བཞིན་ཁུར། །རང་རྒྱུད་ཆོས་ལ་སྦྱོར་བའི་སྟོན་པ་དང་། །བྱིན་རླབས་བརྒྱུད་པ་ལྡན་པའི་བླ་མ་ལས། །སྨིན་གྲོལ་ཆོས་ཀྱི་བདུད་རྩི་ཡང་ཡང་ཞུ།
ཕྱོགས་མེད་གདམས་ངག་མེ་ཏོག་བཅུད་བཞིན་བླང་། །ཉེ་ལམ་སློབ་དུས་ས་རྒྱ་མི་སྐོར་བར། །གདམས་ངག་གནད་བསྡུས་གཅིག་ལ་བློ་གཏད་ནས། །འཁོར་བ་འདི་དང་གཏན་བྱེ་ཐུབ་པ་ཞིག །ཅིས་ཀྱང་སྙིང་ལ་འཆོང་ཞིག་སློབ་བུའི་ཚོགས།
བླ་མའི་གདམས་ངག་སེམས་ལ་མ་བཞག་ན། སྟོང་གསུམ་ཡི་གེར་བྲིས་ཀྱང་ངལ་བའི་རྒྱུ། གདམས་ངག་རང་གི་རྒྱུད་ལ་སྦྱར་བས་ན། །འདིས་ཀྱང་རྡོ་རྗེ་འཆང་གི་ས་རུ་བསྐྱེལ།
།དད་ལྡན་སློབ་བུ་བྱང་འདྲེན་བསོད་དགའ་སོགས། །སྐལ་ལྡན་མང་པོས་ཡང་ཡང་བསྐུལ་བའི་ངོར། །ཕྱོགས་མེད་བྱ་བྲལ་རང་བྱུང་ཀུན་ཁྱབ་དེས། །སྙིང་ནས་ཕན་པའི་སེམས་ཀྱིས་རང་རྒྱུད་ལ། །གང་སྦྱོར་གདམས་ཀུན་མ་སྦས་གསལ་བར་བྲིས།
།དགེ་བས་འགྲོ་ཀུན་ཚེ་འདི་བློས་ཐོངས་ཏེ། །འོད་གསལ་ཕྱག་རྒྱ་ཆེན་པོའི་དོན་རྟོགས་ཤོག། །སརྦ་མངྒལཾ། ཤུབྷུ།།