Bde mchog lha lnga'i tshogs 'khor phrin las yar 'phel
Resource ID | SCv3p81 |
---|---|
Title | ni gu lugs kyi bde mchog lha lnga'i tshogs kyi 'khor lo'i cho ga phrin las yar 'phel |
Topics | Chakrasamvara |
Sub-Topics | Ganachakra |
Associated Person | Jamgön Kongtrül Lodrö Thayé |
Link | BDRC W23922 |
༄༅། །ནི་གུ་ལུགས་ཀྱི་བདེ་མཆོག་ལྷ་ལྔའི་ཚོགས་ཀྱི་འཁོར་ལོའི་ཆོ་ག་ཕྲིན་ལས་ཡར་འཕེལ་བཞུགས་སོ།།
ན་མོ་གུ་རུ།
།ཡན་ལག་བདུན་ལྡན་དཔལ་ལྡན་ཧེ་རུ་ཀ །འཁོར་ཚོགས་དཔའ་བོ་དཔའ་མོའི་ཚོགས་རོལ་ཞིང་། །བདེ་སྟོང་གཉིས་མེད་ཡང་དག་གསང་བའི་ཆོས། །སྟོན་མཛད་བླ་མེད་རྒྱལ་པོ་རྒྱལ་གྱུར་ཅིག
།འདིར་ཚོགས་ཀྱི་འཁོར་ལོ་བསྐོར་བ་ལ། གནས་ཕུན་སུམ་ཚོགས་པ་དུར་ཁྲོད་སོགས་དབེན་པའི་གནས་སུ་ཡོ་བྱད་ཕུན་སུམ་ཚོགས་པ་ཚོགས་ཀྱི་རྫས། གྲོགས་ཕུན་སུམ་ཚོགས་པ་དམ་ཚིག་དང་ལྡན་པ། སློབ་དཔོན་ཕུན་སུམ་ཚོགས་པ་མཚན་ཉིད་དང་ལྡན་པའི་དྲུང་དུ། དུས་ཕུན་སུམ་ཚོགས་པ་ཚེས་བཅུ་ལ་སོགས་པའི་དུས་སུ་དཔོན་སློབ་རྣམས་རིམ་གྱིས་གྲལ་ལ་འཁོད། སྔོན་འགྲོ་གཏོར་མ་དང་གནས་ཡོ་བྱད་བྱིན་རླབས་ནས་བརྩམས་དཀྱིལ་འཁོར་ཉེར་བསྡུའི་བར་བྱ། དེ་ནས་ལས་ཀྱི་སློབ་མས་ཚོགས་རྫས་རྣམས་ལ་སློབ་དཔོན་གྱི་ནང་མཆོད་ནས་གཏོར་ལ་ཞུ་འབུལ་བྱ། དེ་ནས་སློབ་དཔོན་གྱིས་རྡོ་རྗེ་གསོར་ཞིང་ཚོགས་རྫས་རྣམས་ལ་དམིགས་ཏེ།
སུམྦྷས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཚོགས་རྫས་རྣམས་ཀྱི་འོག་ཏུ་ཡཾ་ལས་རླུང་། རཾ་ལས་མེའི་དཀྱིལ་འཁོར་གྱི་སྟེང་དུ། ཨ་ལས་ཐོད་པ་དཀར་པོ་དུམ་བུ་གསུམ་པ་དཔྲལ་བ་རང་ལ་བསྟན་པ། ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཚོགས་རྫས་རྣམས་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ།
ན་མོ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ། རང་བཞིན་རྣམ་པར་དག་པ་སྐྱེ་བ་མེད་པ། མཚན་ཉིད་རྣམ་པར་དག་པ་ཨཱ་ལི་ཀཱ་ལི། ངོ་བོ་རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ་འདི་ཉིད་བྱིན་རླབས་ཀྱི་རྩ་བ་རྩ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་པཉྩ་ཨ་མྲྀ་ཏ་ག་ཎ་ཙ་ཀྲ་པཱུ་ཛ་ཁཱ་ཧི།
དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི༴
ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་མཁའ་འགྲོའི་ཚོགས་དང་བཅས་པ༴
དམ་ཚིག་གི་རྩ་བ་མཆེད་ལྕམ་རྡོ་རྗེ་སྤུན་གྲོགས་རྣམས་ཀྱི༴
ཌཱ་ཀིའི་ཞིང་མཆོག་སོ་ས་གླིང་། །སེང་ལྡེང་འཁྲིགས་པའི་ནགས་ཁྲོད་དུ། །རིག་འཛིན་ཡོངས་ཀྱི་སྲིང་གཅིག་ལ། །མཁའ་འགྲོ་ནི་གུ་ཞེས་སུ་གྲགས། །གྲུབ་ཐོབ་བརྒྱུད་པའི་ཚོགས་ཀྱིས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་སློབ་ཀྱིས། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ།
།འཇིག་རྟེན་དབང་ཕྱུག་སྤྲུལ་པའི་ཞིང་། །ཞང་ཞུང་རྡོ་རྗེའི་གདན་མཆོག་ན། །ཉན་ཐོས་རྫུ་འཕྲུལ་ཆེན་པོ་ལ། །མཁས་གྲུབ་ཁྱུང་པོ་ཞེས་སུ་གྲགས། །རྒྱུན་མཐའི་བྱང་སེམས་ཚོགས་ཀྱིས་བསྐོར། །ཁྱེད་ཀྱི༴ །བྱིན་གྱིས༴
ཡུལ་ལ་གཡང་ཆགས་ལྷ་ཕུའི་ངོགས། །འོག་མིན་བླ་མའི་གཟིམ་སྐྱིལ་དུ། །ཁྱབ་བདག་རྡོ་རྗེ་འཆང་ཆེན་ལ། །རྒྱ་སྒོམ་ལེགས་རྒྱལ་ཞེས༴ རིག་འཛིན་སྤྲུལ་པའི༴ ཁྱེད་ཀྱི༴ བྱིན་གྱིས༴
ཇོ་ནང་དཔལ་གྱི་གནས་མཆོག་གི །རྟག་བརྟན་མཁའ་སྤྱོད་དགའ་ཚལ་ན། །ལུང་བསྟན་སྤྱོད་པའི་རྡོ་རྗེ་ལ། །སྒྲོལ་བའི་མགོན་པོ་ཞེས༴ གདུང་འཚོབ་སྐྱེས་ཆེན༴ ཁྱེད་ཀྱི༴ བྱིན་གྱིས༴
འགྱུར་མེད་གཉུག་མ་དོན་གྱི་དབྱིངས། །རང་རིག་བདེ་ཆེན་ཕོ་བྲང་དུ། །རྣལ་འབྱོར་འཛིན་པ་རང་གྲོལ་ལ། །རྩ་བའི་བླ་མ་ཞེས༴ བརྒྱུད་ལྡན་བླ་མའི༴ ཁྱེད་ཀྱི༴ བྱིན་གྱིས༴
སྒྱུ་མའི་རང་སྣང་མ་འགགས་རྩལ། །དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ན། །སྟོང་གསལ་སྒྱུ་འཕྲུལ་དྲྭ་བ་ལ། །རྒྱུད་སྡེ་ལྔ་ཡི་ལྷ་ཞེས་གྲགས། །ཡི་དམ་ལྷ་ཚོགས་རྣམས་ཀྱིས་བསྐོར། །ཁྱེད་ཀྱི༴ བྱིན་གྱིས༴
གདུག་པ་ཀུན་འདུལ་དྲག་པོའི་ཞིང་། །བསིལ་བ་ཚལ་གྱི་དུར་ཁྲོད་དུ། །མྱུར་མཛད་སྤྱན་རས་གཟིགས་དབང་ལ། །ཡེ་ཤེས་མགོན་པོ་ཞེས་སུ༴ འཁོར་དུ་དམ་ཅན་རྒྱ་མཚོས་བསྐོར། །ཁྱེད་ཀྱི༴ བྱིན་གྱིས༴
ཕྱི་ནང་དབྱེར་མེད་བཅུ་གཉིས་ཀྱི། །ཉི་ཤུ་རྩ་བཞིའི་གནས་མཆོག་ན། །མི་ཤིག་རྩ་དང་ཐིག་ལེ་ལ། །དཔའ་བོ་ཌཱ་ཀི་ཞེས༴ འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །ཁྱེད་ཀྱི༴ བྱིན་གྱིས༴
བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །རིགས་ཀྱི་ཅོད་པན་ལྡེམས་སེ་ལྡེམ། །དར་གྱི་ཅོད་པན་པུ་རུ་རུ། །རྒྱན་ཆ་མང་པོ་ཁྲ་ལ་ལ། །རོལ་མོ་མང་པོ་དི་རི་རི། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །འཁོར་ཚོགས་འབུམ་སྡེ་ཤ་ར་ར། །སྒྱུ་མའི་རང་སྣང་རྗེན་ནེ་ནེ། །གཏད་མེད་རིག་པ་ས་ལ་ལ། །བརྗོད་མེད་དབྱིངས་སུ་ཐ་ལ་ལ། །བདེ་བ་ཆེན་པོ་ཕྲི་ལི་ལི། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ།
།གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ། །བགེགས་དང་ལོག་འདྲེན་བར་ཆད་སོལ།
།འཁོར་གསུམ་གཉིས་སུ་མེད་པར་འདྲེས།
གུ་རུ་དེ་བ་ཌཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨཱཿཨཱཿ
ཕྱི་ནང་གསང་བའི་འདོད་ཡོན་གྱི་སྣང་བ་སྒྱུ་མ་ལྟ་བུ་མཐའ་དག་བདེ་བ་ཆེན་པོར་རོ་གཅིག་ཏུ་ཚིམས་པར་བལྟའོ།
།དེ་ནས་ལས་ཀྱི་སློབ་མས་སློབ་དཔོན་ལ་ཕྱག་བྱས།
འདིར་ནི་ཆོས་རྣམས་བཟང་པོར་ལྟོས། །འདུས་པ་རྣམས་ལ་ཐེ་ཚོམ་མེད། །བྲམ་ཟེ་ཁྱི་དང་གདོལ་པ་ཕག །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། ཨ་ཧོ་མ་ཧཱ་སུ་ཁཾ།
།རིན་ཐང་མེད་ཆོས་ལེགས་པར་འོང་། །འདོད་ཆགས་ལ་སོགས་དྲི་མ་བྲལ། །བླངས་དང་བླང་མིན་ལས་གྲོལ་བ། །དེ་ཉིད་འབུལ་བ་ངོ་མཚར་ཆེ། ཨ་ཧོ་མ་ཧཱ་སུ་ཁཾ།
ཨོཾ་མཆོད་དོ། །དམན་པའི་ཡུལ་ལས་རབ་འདས་ཤིང་། །རྒྱལ་བ་ཀུན་གྱི་དམ་ཚིག་མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །བདུད་རྩི་མཆོག་གི་མཆོད་པར་བཞེས། །སྒྲིབ་པའི་དྲི་མ་ཀུན་སེལ་ཞིང་། །རྟོག་པ་ཀུན་ལས་རྣམ་གྲོལ་བ། །བླ་ན་མེད་པའི་བྱང་ཆུབ་སེམས། །བདེ་བ་ཆེན་པོར་མཉེས་གྱུར་ཅིག
།གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱའི་ཁྱད་པར་མཆིས་པ་རྣམས། །རྩ་བརྒྱུད་བླ་མའི་ཚོགས་ལ་འབུལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ།
།ཡི་དམ་ལྷ་ཚོགས་རྣམས་ལ༴ མཆོག་དང་༴
བསྟན་སྲུང་རྒྱ་མཚོའི་ཚོགས༴ འགལ་རྐྱེན་བར་ཆད་ཞི་བར་མཛོད།
གནས་གསུམ་མཁའ་འགྲོའི༴ དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ།
དཀར་ཕྱོགས་སྐྱོང་བ་རྣམས༴ བསམ་པ་འགྲུབ་པའི་སྟོང་གྲོགས་མཛོད།
།ཅེས་ཚོགས་ཕུད་ཕུལ། དེ་ནས་ཚོགས་ལ་རོལ་མཐར།
ལྟེ་བར་གཏུམ་མོ་སྦར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་། །སྤྱན་མ་མིག་ལ་སོགས་པ་ཡང་། །བསྲེགས་པས་རི་བོང་ཅན་ཧཾ་འཛག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ།
འདིར་ནི་ཐོག་མ་དབུས་མཐའ་མེད། །སྲིད་མེད་མྱ་ངན་འདས་པ་མེད། །བདག་མེད་གཞན་ཡང་མེད་པ་སྟེ། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད།
།དེ་ནས་ཚོགས་ལྷག་བསྡུས་ཏེ་ཆབ་བྲན། ལས་ཀྱི་རྡོ་རྗེས་གསོལ་བཏབ་བྱ། སློབ་དཔོན་གྱིས་ཨོཾ་སུ་བི་ཤུདྡྷཿདྷརྨཱ་ཨཾ་ཨཱཿ ཞེས་བསང་སྦྱངས་ཏེ། ཡཾ་ལས་རླུང་སོགས་ནས་ཧ་ཧོཿཧྲཱིཿའི་བར་བྱིན་རླབས་གོང་བཞིན་བྱ། ཨོཾ་ཕི་ཡཾ་ཕུ་ལི་མ་ཧཱ་ཕུ་ལི་ཕུ་ཕི་ཕེཾ་ཕོཾ་སྭཱ་ཧཱ། འབར་བའི་ཕྱག་རྒྱས།
མ་མོ་ནག་མོ་དུད་པའི་སོལ་བ་མོ། ལྷག་སྡུད་ཀྱི་རྡོ་རྗེ་ཕོ་ཉ་མོའི་ཚོགས་དང་བཅས་པ་ལྷག་མའི་དམ་ཚིག་གི་གནས་སུ་བྱོན་པ་ལ།
ཨོཾ་བཛྲ་ནི་རི་ཏི་ཁཾ་སྭཱ་ཧཱ། ནཻ་ཝི་ཏེ་ཧཱུྃ་ཁཾ་སྭཱ་ཧཱ། སརྦ་སཾ་ཤོ་དྷ་ནི་སྭཱ་ཧཱ། མ་ཧཱ་ཨཱརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ནས་ཤབྡའི་བར་བྱ། ཨོཾ་དྷཱུ་མ་གཱ་ཏཱི་ཡཻ་ས་པ་རི་ཝཱ་རེ་བྷྱ་ཨི་མཾ་བ་ལིཾ་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ།
ཨོཾ་འཇིག་རྟེན་ཀུན་གཙོ་མངའ་མཛད་པའི། །འཇིགས་བྱེད་དྲག་པོ་སྟོབས་ལྡན་པ། །བདེ་གཤེགས་སྲས་སོགས་བྲན་མཛད་པའི། །བྱང་ཆུབ་སེམས་དཔའ་སྙིང་རྗེ་ཅན། །དབང་ཕྱུག་ཆེན་པོ་ཆུང་མར་བཅས། །དེ་བཞིན་ཁྱབ་འཇུག་ཚངས་པ་དང་། །བརྒྱ་བྱིན་འདོད་དགའ་ཆུང་མར་བཅས། །ལྷ་ཆེན་འཁོར་བཅས་ཚོགས་རྣམས་དང་། །ཕྱོགས་སྐྱོང་བརྒྱད་པོ་འཁོར་དང་བཅས། །ཀླུ་ཆེན་བརྒྱད་པོ༴ མཁའ་འགྲོ་དྲག་མོ་བསུས་འཛིན་མ། །དུར་ཁྲོད་མ་མོའི་ཚོགས་བཅས་དང་། །གཞན་ཡང་ལྷ་སྲིན་སྡེ་བརྒྱད་དང་། །འགྲོ་བ་དྲུག་པོ་འཁོར་བཅས་རྣམས། །ལུས་ངག་ཡིད་གསུམ་སྦྱངས་བྱས་ནས། །རང་གི་ལྷ་ཡི་གཟུགས་འཛིན་རྣམས། །གནས་འདིར་འདུས་པའི་དམ་ཚིག་ཅན། །མཆོད་གཏོར་རྒྱན་དང་བཅས་པ་བཞེས། །དམ་ཚིག་སྲུངས་ཤིག་དམ་ཚིག་ཅན། །ལས་ལ་བརྩོན་པའི་མཁའ་འགྲོ་རྣམས། །རྣལ་འབྱོར་སྒྲུབ་པའི་གྲོགས་མཛོད་ཅིག །ལས་མཛད་རྡོ་རྗེ་བྲན་བཅས་པས། །ཞི་རྒྱས་དབང་དྲག་ལས་སྒྲུབ་ཅིང་། །ཐེག་ཆེན་གསང་སྔགས་བསྲུང་བ་དང་། །ནད་དང་གདོན་སོགས་ཞི་བ་དང་། །ཚེ་དང་བཀྲ་ཤིས་འཕེལ་བ་དང་། །དགེ་ལེགས་འབྲས་བུ་འགྲུབ་པར་མཛོད། །ཨཱ་ཙ་མ་ནཾ་པྲ་ཏཱི་ཙྪ་སྭཱ་ཧཱ།
མ་མོ་ནག་མོ་དུད་པའི་སོལ་བ་མོ། ལྷག་སྡུད་ཀྱི་རྡོ་རྗེ་ཕོ་ཉ་མོའི་ཚོགས་དང་བཅས་པ་རྣམས་ཀྱིས་རྣལ་འབྱོར་པ་བདག་ཅག་དཔོན་སློབ་མཆོག་སྒྲུབ་པའི་སྡོང་གྲོགས་མཛོད་ལ་ཕྲིན་ལས་ཐམས་ཅད་ཐོགས་པ་མེད་པར་སྒྲུབས་ཤིག །ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུཙྪཥྚ་བ་ལིཾ་ཏ་བྷཀྵ་སི་སྭཱ་ཧཱ།
ཕྱི་རོལ་སྒོ་དྲུང་ན་གནས་པའི་འབྱུང་པོ་འཆོལ་བ་དམ་ཚིག་གི་ཆོ་ག་ལ་ལྟ་བར་མི་དབང་བ་རྣམས་ལ་སྦྱིན་ནོ། །རྡོ་རྗེ་ཐེག་པ་གསང་བ་མཆོག་གི་སྒོར་སྤྱོད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །ཨོཾ་ཨཱཿཁཎྜ་རོ་ཧེ་བཛྲ་ཤིཥྱ་རཀྵ་མི།
བདག་ཅག་དམ་ཚིག་འདི་ལ་མངོན་དུ་ཞུགས་པ་རྣམས། །བཅད་གཏུབས་ལ་སོགས་ལུས་ལ་འབྱུང་བར་མི་འགྱུར་ཡང་། །གྲིབ་མས་ཕོག་པའི་སྡུག་བསྔལ་ཤིན་ཏུ་མི་བཟོད་པ། །སྐྲ་ཡི་ཕྱོགས་ཙམ་མཐོང་བའི་མོད་ལ་འཚོ་བ་དང་། །གཟི་མདངས་ལུས་ལ་འཇུག་པ་བྱེ་བ་སྟོང་ཕྲག་གི །འོད་ཀྱིས་ཕོག་པས་འཇིག་རྟེན་ཁམས་ཀུན་སྣང་བ་དང་། །ལུས་དང་སེམས་དང་ཚེ་ནི་རྡོ་རྗེ་ལྟར་བརྟན་ཏེ། །རེ་སྨོན་ཐམས་ཅད་དུས་འདིར་འགྲུབ་པར་མཛད་དུ་གསོལ། །སྔགས་དམན་པ་དང་ཆོ་ག་དམན། །བྱ་བ་དམན་པ་གང་གྱུར་པ། །ཟབ་དང་མཆོག་གི་བདག་ཉིད་གཙོ། །ལྷ་མོ་དེ་དག་བཟོད་མཛད་རིགས། །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེས་གསུངས་ཚིག་ཀྱང་ཚད་མའི་མཆོག་ཡིན་ཏེ། །བདེན་པ་དེ་ཡིས་ལྷ་མོ་དེ་དག་གིས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག
།ཚོགས་མགྲོན་ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་ཀྱིས་གཤེགས་སུ་གསོལ་བའམ་སྒྲུབ་མཆོད་རས་བྲིས་སོགས་རྟེན་དང་འབྲེལ་ན་བརྟན་བཞུགས་གང་འཐད་བྱ།
མཁའ་འགྲོ་མ་རྣམས་འདུས་ལ་གུས་པས་མཆོད་པ་དང་། །དཔའ་བོ་རྣམས་ལ་བཟའ་དང་བཏུང་བ་ཁྱེད་ཀྱིས་དྲངས། །ཁྱེད་ལ་རྟག་ཏུ་སྲུང་བ་མཆོག་གིས་སྦྱོར་བ་དང་། །ཡང་ན་ཡིད་ལ་འདོད་པ་ཕུན་སུམ་ཚོགས་པར་ཤོག
།ཤློ་ཀ་གཅིག་འདི་ཚོགས་འཁོར་གྱི་ཡོན་བདག་ཡོད་ན་བྱ། གཞན་དུ་མི་དགོས།
དཔའ་བོ་གཉིས་མེད་མཆོད་པས་སྐྱེ་བ་འདི་ལ་ནི། །སྒྲིབ་པ་ཟད་དང་ཕྱག་རྒྱའི་དངོས་གྲུབ་འགྱུར་བར་ཤོག །སྐྱེ་བ་ཀུན་ཏུ་མཆོག་ཏུ་བདེ་བར་གཤེགས་པ་ཡི། །གྲུབ་པའི་འཇིག་རྟེན་དབུས་སུ་འགྲོ་བ་ཉིད་གྱུར་ཅིག །ཞིང་དང་ཉེ་བའི་ཞིང་སོགས་བཅུ་གཉིས་སུ། །དམ་ཚིག་བརྡ་དང་བདེ་སྤྱོད་རོལ་པ་ཡི། །བུ་བཞིན་དགོངས་པས་བདག་སྒྲིབ་དག་གྱུར་ཏེ། །བདེ་བ་མཆོག་གི་ས་ལ་འཁོད་པར་ཤོག །བླ་མའི་ཞབས་ལ་རྟག་ཏུ་དད་བྱེད་ཅིང་། །རྡོ་རྗེ་དབང་མོའི་ཞབས་བརྟེན་གྱུར་ནས་ཀྱང་། །བཙུན་མོའི་ཤུ་ཀྲའི་ཚོགས་ལ་རྟག་སྤྱོད་ཅིང་། །གསང་བའི་པངྨོར་རོལ་ཞིང་མཆོད་བྱེད་ཤོག།དཔལ་ལྡན་དཔའ་བོ་དཔའ་མོ་ཉི་ཤུ་བཞིའི། །ཞལ་མཐོང་དེ་ཡི་ངོ་བོར་བདག་གྱུར་ཏེ། །འགྲོ་བ་བདེ་བ་དམ་པས་ཕོངས་རྣམས་ཀྱི། །ཉེར་འཚོ་རིན་ཆེན་ལྟ་བུར་བདག་གྱུར་ཅིག །རྣམ་པ་མང་པོའི་བསོད་ནམས་འདི་དག་ཀྱང་། །བདག་གཞན་དགེ་བ་མཆོག་ནི་བསྐྱེད་པའི་གཞི། །དེ་ཉིད་གསལ་བྱེད་རྨོངས་པ་རབ་འཇོམས་པ། །འགྲོ་ལ་མི་འཇིགས་སྟེར་བའི་མངའ་བདག་ཤོག །རྣམ་པར་རྟོག་པ་ཀུན་ལས་འདས་པ་ཡི། །བདེ་ཆེན་འཁོར་ལོ་ཟག་པ་མེད་པའི་དབྱིངས། །ཨཱ་ལི་ཀཱ་ལི་རྟོག་མེད་སྙོམས་འཇུག་མར། །བསགས་པའི་དགེ་རྣམས་ཡོངས་སུ་བསྔོ་བར་བགྱི། །བདག་གི་བསོད་ནམས་འདི་ཡིས་ཡང་ཡང་སྐྱེ་བའི་རིམ་པ་རྣམས་སུ་ཡང་། །ཡུན་རིང་འགྲོ་བའི་དོན་གྲུབ་དོན་ལ་འཇིགས་པ་མེད་པར་དགའ་བ་དང་། །གཙོ་བོའི་སྐུ་ཡི་འོད་ཟེར་ནམ་མཁའ་ཁྱབ་པར་འགྲོ་བས་དབང་བསྐུར་བ། །སྲིད་གསུམ་རྡོ་རྗེ་རོལ་པ་ལྷན་ཅིག་དེ་ཡི་གོ་འཕང་ཐོབ་པར་ཤོག །རྣམ་རྟོག་གཏི་མུག་གྲོང་ཁྱེར་མཐའ་དག་བསལ་ནས་ཧེ་རུ་ཀ་གཙོ་མཁའ་འགྲོ་མའི། །འཁོར་ལོས་ཡོངས་བསྐོར་རྒྱལ་བ་བླ་མེད་ཡེ་ཤེས་འབྱུང་གནས་ཐར་པ་དམ་པའི་གྲོང་། །སྦྱིན་པ་ལ་སོགས་རྣམས་ཀྱིས་འགྲོ་བའི་ཡིད་ལ་རེ་བ་ཡང་དག་རྫོགས་པའི་མཆོག །འདིར་ནི་ཤིན་ཏུ་བརྩེ་བ་ཆེ་ལྡན་འཕགས་པའི་དཔལ་འབྱོར་ཡང་དག་མྱོང་བར་ཤོག
།ཅེས་དང་། གཞན་ཡང་སྨོན་ལམ་དང་བཀྲ་ཤིས་ཅི་འགྲུབ་བྱའོ། །དེ་ལྟར་ནི་གུ་ལུགས་ཀྱི་ཚོགས་ཀྱི་འཁོར་ལོའི་མཆོད་ཆོག་རྗེ་ཀུན་དགའ་གྲོལ་མཆོག་གིས་གསུངས་པའི་གཞུང་ཁོ་ན་གཞིར་བྱས། ཚོགས་འདོན་རྒྱུན་བཞིན་རྨོག་ལྕོག་པ་ངག་གི་དབང་པོས་སྦྱར་ཏེ་ཞུས་དག་པར་བཀྲ་ཤིས་བདེ་ཆེན་དུ་ས་འབྲུག་ནག་པ་ཟླ་བའི་ཡར་ཚེས་ལའོ། །སླར་ཡང་ཁྱུང་པོ་དང་སྒྲོལ་མགོན་གུ་ཎས་བསབ་ཅིང་སྣོན་འཕྲིའི་ཞུ་དག་ཅུང་ཟད་བགྱིས་པའོ།།