Mgon po'i spos sbyor rgyas bsdus kyi lag len

From Shangpa Resource Center
Revision as of 11:38, 25 January 2019 by Sengue (talk | contribs)








Resource ID SCv6p383
Title mgon po'i spos sbyor rgyas bsdus kyi lag len
Topics Chadrupa
Sub-Topics Various
Author Jamgön Kongtrül Lodrö Thayé
Link https://www.tbrc.org/#library_work_ViewByOutline-O01DG1049095093%7CW23922 BDRC W23922]

༄༅། །མགོན་པོའི་སྤོས་སྦྱོར་རྒྱས་བསྡུས་ཀྱི་ལག་ལེན་བཞུགས་སོ།།

ན་མོ་གུ་རུ་མ་ཧཱ་ཀཱ་ལ་ཡ།
མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་བསྙེན་སྒྲུབ་ལས་ལ་སྦྱོར་བའི་སྐབས་ཐམས་ཅད་དུ་ཉེ་བར་མཁོ་ཞིང་མེད་དུ་མི་རུང་བ་སྤོས་སྦྱོར་གྱི་མན་ངག་ལ་ཆེ་ཆུང་གཉིས་སུ་བཤད་པའི། དང་པོ་སྤོས་སྦྱོར་ཆེ་བ་ནི། སྤོས་རྒྱུ་བརྒྱད་པོ་ཚང་བར་བསགས་ལ། དྲི་བཟང་པོས་བྱུགས་པའི་སྟེགས་བུའི་སྟེང་དུ་སྣ་ཚོགས་པདྨ་འདབ་བརྒྱད་བྲིས། དེའི་དབུས་སུ་ཞུན་ཆེན་གྱི་མར་མེ་བཞག་འདབ་མ་བརྒྱད་ལ་ཐོད་པའམ་རིན་པོ་ཆེའི་སྣོད་གས་ཆག་མེད་པ་བརྒྱད་ཀྱི་ནང་དུ། ཤར་དུ་ཡུངས་ཀར། ལྷོར་སྒོག་སྐྱ། ནུབ་ཏུ་པདྨ་རཀྟ། བྱང་དུ་བཙན་དུག །བྱང་ཤར་དུ་གྲི་ཁྲག །ཤར་ལྷོར་ཤ་ཆེན། ལྷོ་ནུབ་ཏུ་བུ་རམ། ནུབ་བྱང་དུ་གླ་རྩི་རྣམས་བཀོད། ཡི་དམ་གྱིས་བསྒོམ་བཟླས་སྔོན་དུ་འགྲོ་བས་བདུག་སྤོས་བསང་སྦྱང་། སྟོང་པའི་ངང་ལས་ཐོད་པའི་སྣོད་དུ་སཾ་ཡིག་སོགས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པའམ། སོ་སོ་མི་ཤེས་ན། དྷཾ་ཡིག་འོད་དུ་ཞུ་བ་ལས་བྱུང་བའི་རྡོ་རྗེ་བདུག་པའི་རྫས་ཐུགས་དམ་བསྐུལ་ཅིང་སྐོང་བ་ལ་སོགས་པའི་ལས་སྒྲུབ་པ་ལ་ནུས་པ་ཐོགས་པ་མེད་པ་སོ་སོའི་རྣམ་པ་རང་བྱེད་ལས་ཅན་ཏུ་གྱུར་པའི་སྟེང་དུ་ཧཱུྃ་ཡིག་རེ་རེས་མཚན་པའོ། །རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ས་བོན་དང་རྫས་རྣམས་ཀྱི་སྟེང་གི་ཧཱུྃ་ཡིག་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ཏེ་རྫས་བརྒྱད་པོ་ལ་རྒྱུན་མི་འཆད་དུ་ཐིམ་པར་གྱུར། ཅེས་མོས་ལ།
ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་དྷཱུ་པེ་ནི་སིདྡྷི་ཛཿཛཿ ཞེས་པ་བརྒྱ་རྩ་བརྒྱད་ལ་སོགས་པ་བཟླས་པའི་རྗེས་སུ།
ཨོཾ་བཛྲ་མ་ཧཱ་ཀཱ་ལཱ་ཡ། དུ་པྲ་ཏི་གྷི་ན་ནཾ། ཨུ་ཡ་པ་རི་ཀྲ་ཏི་པཱུ་ར་ཎི། དུ་ཨ་ཏི་ཏ་ན། ཨི་ཏི་ཏི་དེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་རབ་སྟོང་བརྒྱ་བརྒྱད། འབྲིང་བརྒྱ་རྩ་གཅིག །ཐ་མ་ལྔ་བཅུ་བཟླས་ལ་བྱིན་གྱིས་རླབས། དེ་ནས་ཕྱོགས་མཚམས་ཀྱི་རྫས་བརྒྱད་པོ། ཤཱ་ས་ན་དང་བཤད་མ་ཐག་པའི་སྔགས་གཉིས་བཟླ་བཞིན་དུ་ཞིབ་པར་བཏགས། བདུད་རྩི་རིལ་བུ་དང་ལྡན་ཅིང་བྱིན་གྱིས་བརླབས་པའི་ནང་མཆོད་ཀྱི་ཁུ་བས་རིལ་བུ་སྲན་མ་ཆེ་ཤོས་ཙམ་བྱས་ལ། སྤྱན་འདྲེན། སྐོང་བཤགས། མཁའ་འགྲོ་དབང་སྡུད། བསྟོད་བསྐུལ་ལ་སོགས་པའི་དུས་སུ་བསྲེགས་ན་ཡེ་ཤེས་པ་འབྱོན། བགེགས་སྐྲོད། ཐུགས་དམ་སྐོང་། བྱིན་རླབས་འཇུག །དངོས་གྲུབ་མྱུར་དུ་སྩོལ་བའི་དགོས་པ་ཁྱད་པར་ཅན་ཡོད་དོ། །རྫས་འདི་ལ་བུ་རམ་དང་གླ་རྩིའི་དོད་དྲི་ཆེན་དང་ཀླད་པས་བྱས་པ་དང་། རྫས་རྣམས་མགོན་པོར་བསྐྱེད་ནས་མཆོད་བསྟོད་བཟླས་པ་བྱས་ཏེ་འོད་ཞུ་བ་ལས་རྫས་སོ་སོར་བསྒོམ་པར་བཤད་པའང་ཡོད་དོ།
།ཡང་སྤོས་སྦྱོར་ཆུང་བའི་མན་ངག་ལ། མཎྜལ་ནག་པོའི་དབུས་སུ་ཤ་ཆེན། གཡས་སུ་སྒོག་སྐྱ། གཡོན་ཏུ་ཚ་བ་གསུམ། མདུན་ཏུ་གྲི་ཁྲག །རྒྱབ་ཏུ་ཡུངས་ཀར། མཚམས་རྣམས་སུ་གུ་གུལ་ནག་པོ་དང་ཀེ་ཚེ་ནག་པོ་སྣ་ཚོགས་བསྲེས་པ་རྣམས་བཞག་ལ། བསང་སྦྱང་། རྫས་རྣམས་མི་དམིགས་པ་སྟོང་པའི་ངང་ལས་བདུག་པའི་ལྷ་མོ་མཆོད་པའི་སྤྲིན་ཕུང་མཐའ་ཡས་པ་འཕྲོ་བར་བསམ་ལ།
ཨོཾ་ཨཱཿཧཱུྃ་མ་ཧཱ་ཀཱ་ལ་བཛྲ་དྡྷུ་པེ་ཧཱུྃ། ཞེས་ཅི་ནུས་བཟླ། ལྷ་མོ་རྣམས་འོད་དུ་ཞུ་སྟེ་ཡོན་ཏན་ནུས་པ་ཕུན་སུམ་ཚོགས་པའི་རྫས་སུ་གྱུར་པར་བསམ་ལ་ལེགས་པར་བཏགས། ནང་མཆོད་ཀྱི་རིལ་བུ་བྱས་ལ།
ཨོཾ་ཨཱཿཧཱུྃ་མ་མ་སིདྡྷི་ཀུ་རུ་སྭཱ་ཧཱ། ཞེས་པས་བྱིན་གྱིས་བརླབས་པ་བསྲེགས་ན་མགོན་པོ་སྐད་ཅིག་གིས་འབྱོན་པར་རཱ་ཧུ་ལས་གསུངས་སོ། །ལུགས་གཅིག་ལ། བཙན་དུག །ཡུངས་ཀར། སྒོག་སྐྱ། ཤ་ཆེན་གུ་གུལ་ནག་པོ་རྣམས་ཆ་མཉམ་དུ་སྦྱར། ཡང་ན་བཙན་དུག །ཡུངས་ཀར། སྒོག་སྐྱ། ཁྲག་ཆེན་བཞི་རིལ་བུ་བྱས་པའམ། ཡང་ན་བཞི་པོ་དེ་དང་བུ་ུརམ། གླ་རྩི་ཞང་ཙམ་བསྲེས་ལ་རིལ་བུ་བྱས་ཏེ་འབུལ། ཡང་ན་གུ་གུལ་ནག་པོ་དང་ཤ་ཆེན་སྦྱར་བ་ཙམ་འབུལ་བར་གསུངས་པས། སྤྱན་འདྲེན་སོགས་གལ་ཆེ་བའི་དུས་སྤོས་སྦྱོར་རྒྱས་པ་དང་། རྒྱུན་ཏུ་མ་ཆད་པར་འབུལ་རྒྱུ་ཕྱི་མ་རྣམས་གང་འབྱོར་བྱའོ། །ཞེས་པའང་ཉེར་མཁོའི་ཆེད་དུ་བེ་བུམ་རྣམས་ལས་གུ་ཎས་གུད་དུ་བཀོད་པ་དགེ་ལེགས་འཕེལ།། །།