Mgon po'i slob ma rjes 'dzin

From Shangpa Resource Center
Revision as of 09:28, 28 January 2019 by Sengue (talk | contribs)








Resource ID scv11p71
Title dpal ye shes kyi mgon po'i slob ma rjes 'dzin
Topics Initiation
Sub-Topics Chadrupa

༈ དཔལ་ཡེ་ཤེས་ཀྱི་མགོན་པོའི་སློབ་མ་རྗེས་འཛིན་བཞུགས་སོ།།
༈ ༼བ༽ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ།
།སྐད་ཅིག་ཉིད་ལ་དགྲ་བགེགས་ཐལ་བར་རློག །ཁམས་གསུམ་མ་ལུས་དབང་དུ་བསྡུད་མཛད་ཅིང་། །བར་ཆད་སེལ་ཞིང་དངོས་གྲུབ་བདེ་སྟེར་བའི། ཕྱག་དྲུག་འཁོར་དང་བཅས་ལ་ཕྱག་འཚལ་ལོ། །དེ་ལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་གཏོར་དབང་འདི་ལ་དོན་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ།
།དང་པོ་ནི། མཎྜལ་གྲུ་གསུམ་མཐིང་ག་མེ་རི་དང་བཅས་པ་ལ་དབུས་སུ་ཧཱུྃ་བྲི། འཁྱམས་ཕྱོགས་མཚོན་བྱ། ཚོམ་བུ་དགོད། མཐའ་ལ་དུར་ཁྲོད་གཅིག་གི་མཚན་ཉིད་རྫོགས་པར་བྲིས། མཎྜལ་དབུས་སུ་མཉྫིའི་སྟེང་དུ་གཏོར་མ་རྒྱན་དང་བཅས་པ་བཞག མཆོད་པ་དང་གཏོར་མས་བསྐོར། དེ་ནས་སློབ་མས་ཁྲུས་བྱས་ཏེ་འཁོད་པ་ལ། དལ་འབྱོར་རྙེད་པར་དཀའ་བ་དང་། འཆི་བ་མི་རྟག་པ། འཁོར་བའི་ཉེས་དམིགས། མགོན་པོ་ཇི་ལྟར་ཐུགས་བསྐྱེད་པ་རྣམས་བཤད་ནས། སྐྱབས་འགྲོ་བྱ་བ་ནི། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བྱ་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུ་ན་བཞུགས་པའི་ཆོས་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུ་ན་བཞུགས་པའི་དགེ་འདུན་དང་། བླ་མ་རྣམས་དང་། ཡི་དམ་གྱི་ལྷ་དང་། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ལྷ་ཚོགས་དང་བཅས་པ་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་བརྗོད་པའི་རྗེས་ལ། སེམས་བསྐྱེད་ནས་ཡན་ལག་ལྔ་ཡན་ཆད་བྱའོ།
།གཉིས་པ་ལ་གསུམ་སྟེ། སྐུ་གསུང་ཐུགས་ཀྱི་བྱིན་དབབ་པ། ལྷ་དངོས་ཀྱི་དང་། རྗེས་གནང་སྦྱིན་པའོ།
།དང་པོ་ནི། གཏོར་མའི་སྟེང་དུ་ཧཱུྃ་དང་གྲི་གུག་ལས་མགོན་པོ་བསྐྱེད། རང་དང་མགོན་པོ་དམ་ཚིག་པའི་ཐུགས་ཀའི་ཧཱུྃ་གཉིས་ལས་འོད་འཕྲོས་པས། ལྷོ་ཤར་མཚམས་ནས་ཡེ་ཤེས་མགོན་པོ་ཕྱག་དྲུག་པ་གཡས་ན་དཔའ་བོ་བསམ་གྱིས་མི་ཁྱབ་པ། གཡོན་ན་དཔའ་མོ་བསམ་གྱིས་མི་ཁྱབ་པ། འཁོར་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཡང་ཐམས་ཅད་ནམ་མཁའ་ན་ཚུར་ཌཱ་མ་རུ་དང་དྲིལ་བུ་གཡེར་ཁའི་སྒྲ་ཁྲ་ལ་ལ་སི་ལི་ལི་འུ་རུ་རུ་བྱོན་ནས། ཛཿཧཱུྃ་བཾ་ཧོཿདམ་ཚིག་པ་ལ་བསྟིམ། དེ་ནས་མགོན་པོའི་དཔྲལ་བར། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་བསམ་མོ། །སློབ་མའི་གནས་གསུམ་དུ་ཡང་ཡི་གེ་དེ་གསུམ་བསམ་ནས། སློབ་དཔོན་གྱི་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། མགོན་པོའི་ཨོཾ་ལས་འོད་ཟེར་དཀར་པོ་བྱུང་བ་དང་། སློབ་མའི་དཔྲལ་བའི་ཨོཾ་ལ་ཐིམ་པས་ལུས་ཀྱི་ནད་གདོན་དང་སྡིག་སྒྲིབ་དག་ནས་བུམ་དབང་ཐོབ། དེ་ནས་ཨཱཿངག་གི་སྡིག་སྒྲིབ་དག་ནས་གསང་དབང་ཐོབ། ཧཱུྃ་གིས་ཡིད་ཀྱི་སྡིག་སྒྲིབ་དག་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། དེ་ནས་མགོན་པོའི་ཡི་གེ་གསུམ་རྦད་ཆད། སློབ་མའི་ཡི་གེ་གསུམ་ལ་ཐིམ། སློབ་མའི་ཡི་གེ་གསུམ་ཡང་ཡས་མར་རིམ་པ་བཞིན་ཨོཾ་ཨཱཿལ་ཐིམ། ཨ་ཧཱུྃ་ལ་ཐིམ། ཧཱུྃ་འོད་དུ་སྔོ་ཡལ་སོང་བ་དང་། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག དབང་བཞི་པ་ཐོབ། ཕྱག་རྒྱ་ཆེན་པོ་ལ་བཞག་གོ
།གཉིས་པ་ནི། གཏོར་མ་མགོན་པོར་བསྐྱེད་པ་སློབ་མའི་སྤྱི་ཐོག་ཏུ་བཞག་པས་ཆེམ་ཆེམ་འུར་འུར་བྱོན་ནས་སློབ་མའི་ནད་གདོན་ཐམས་ཅད་ཞལ་དུ་དམར་ཙི་རི་གསོལ་བར་བསམ།
གསུམ་པ་ནི། རང་གི་མགོན་པོ་ལ་གསོལ་བ་བཏབ་སྟེ། བཅོམ་ལྡན་འདས་འདི་རྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད་ནས་རང་མགོན་པོར་བསྒོམས་པའི་ཐུགས་ཀའི་ཧཱུྃ་ལ་རྩ་སྔགས་ཀྱི་བསྐོར་བ་བསྒོམས་ནས། བཅོམ་ལྡན་བདག་ལ་རྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །ཅེས་པ་དང་། སྔགས་ཀྱི་རྗེས་ཟློས་ལན་བདུན་སློབ་མས་བྱས་པ་དང་། བླ་མའམ་ཐུགས་ཀའི་རྩ་སྔགས་ཆད་ནས་སློབ་མའི་སྙིང་གའི་ཧཱུྃ་ལ་ཐིམ་པས་བླ་མ་དང་མགོན་པོའི་བྱིན་རླབས་ཞུགས་པར་བསམ།
གསུམ་པ་རྗེས་ནི། ཚོགས་ཕུད་བླ་མ་དང་དཀོན་མཆོག་ལ་དབུལ། དེ་ནས་མགོན་པོ་འཁོར་བཅས་ལ་དབུལ། དཔོན་སློབ་རྣམས་བྱིན་གྱིས་རླབས་པའི་ཚོགས་ལ་ལོངས་སྤྱད། ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། གཏོར་མ་བཏང་། བསྔོ་བ་བྱའོ། །གཏོར་དབང་བར་ཆད་ཀུན་སེལ་འདི། །བླ་མའི་གསུངས་བཞིན་ཡི་གེར་བཀོད། །མཁའ་འགྲོ་ཆོས་སྐྱོང་བཟོད་པར་གསོལ། །དགེ་དེས་བྱང་ཆུབ་མྱུར་ཐོབ་ཤོག །མགོན་པོ་ནས་སློབ་མ་རྗེས་བཟུང་གཞན་ཕན་གྱི་བློ་ཁོ་ནས་ཆོས་རྗེ་སངས་རྒྱས་སྟོན་པས་ཡི་གེར་བཀོད་པ་རྫོགས་སོ།། །།