Mgon po gsang sgrub kyi dbang chog
Resource ID | SCv11p115 |
---|---|
Title | mgon po gsang sgrub kyi dbang chog |
Topics | Chadrupa |
Sub-Topics | Secret sadhana |
༈ མགོན་པོ་གསང་སྒྲུབ་ཀྱི་དབང་ཆོག་བཞུགས་སོ།།
༈ ༼ལ༽ མྱུར་མཛད་སྤྱན་རས་གཟིགས་ལ་འདུད། །ཡེ་ཤེས་མགོན་པོ་ཡབ་ཡུམ་གྱི། དབང་བསྐུར་རྗེས་གནང་བྱ་བ་ནི། །དུར་ཁྲོད་ལ་སོགས་དབེན་གནས་སུ། །མཎྜལ་ཆོས་འབྱུང་གྲུ་གསུམ་བྲི། །དེ་སྟེང་བུམ་པ་ཆུས་བཀང་ལ། །སྨན་དང་དྲི་ཆབ་ཁ་བརྒྱན་གཟུག། དེ་སྟེང་ཐོད་པར་ཆང་བླུགས་ལ། །མེ་ལོང་ཆང་གི་བརླན་པ་ལ། །སིནྡྷུ་ར་དང་ཙག་ཆོས་འབྱུང་། །རྩ་བའི་སྔགས་དང་བཅས་པ་བྲིས། །ཐོད་པ་ཁ་བཅད་སྟེང་དུ་བཞག །ཐོད་པའི་ཆང་ལ་བདུད་རྩི་བཏབ། །མཆོད་པ་ཕྱི་ནང་གཏོར་མ་དང་། །ཚོགས་ཀྱི་ལོངས་སྤྱོད་རྒྱས་པར་བཤམས། །དེ་ནས་བདག་ཉིད་མགོན་པོར་བསྒོམ། །བུམ་པ་བྷྲཱུཾ་ལས་གཞལ་ཡས་ཁང་། །རྣམ་པ་ཡེ་ཤེས་མགོན་པོ་ལ། །ངོ་བོ་ཆུ་རུ་གཞུ་བརྟུལ་བྱ། །གཏོར་མ་ཡེ་ཤེས་མགོན་པོར་བསྐྱེད། །ཐོད་པ་བདུད་རྩི་དམ་རྫས་ལྔ། །མེ་ལོང་མགོན་པོར་བསྐྱེད་པར་བྱ། རྣམ་པ་ཡི་གེའི་རང་བཞིན་ལ། །ཡེ་ཤེས་མགོན་པོ་དགུག་གཞུག་བསྟིམ། །མཆོད་གཏོར་བཤམས་ལ་གསོལ་བ་བཏབ། །སྣོད་ལྡན་སློབ་མ་དུ་ཡོད་ལ། །ཁྲུས་བྱས་ནང་དུ་ལེགས་འདུག་ལ། །གསེར་གྱི་མཎྜལ་ཕུལ་ནས་ནི། །གདོང་པ་དར་གྱི་དྲིལ་བྱས་ཏེ། །ཕྱག་དང་བསྐོར་བ་བྱས་ནས་ནི། །མོས་གུས་དད་པའི་སེམས་ཀྱི་འདུག །དེ་ནས་དབང་བསྐུར་གསོལ་བ་གདབ། །དཔལ་ལྡན་འཇིགས་བྱེད་ཆེན་པོ་བསྐྱེད། །འཇིགས་བྱེད་དཀྱིལ་འཁོར་ཆེན་པོ་འདིར། །བདག་ཉིད་ཡང་དག་འཇུག་པར་སྤྲོ། །དཔའ་བོ་བླ་མས་བཟུང་དུ་གསོལ། །ཅེས་ལན་གསུམ་ཞུའོ།
།དེ་ནས་བླ་མས་འདི་སྐད་བརྗོད། །དཔལ་ལྡན་མགོན་པོ་ཡབ་ཡུམ་གྱི། །ཡེ་ཤེས་གསང་བའི་དཀྱིལ་འཁོར་དུ། །བུ་ཁྱོད་འདིར་ནི་གཞུག་པ་བྱ། །ཁྱོད་ཀྱི་བསྟན་པ་བསྲུང་དོན་དུ། །ཁྱོད་ལ་བདག་གི་དབང་བསྐུར་བྱ། །ཞེས་ལན་གསུམ་བརྗོད། དེ་ནས་གསོལ་བ་གདབ་པར་བྱ། །གུ་གུལ་དུད་པས་སློབ་མ་བདུག །དྲིལ་བུ་མཁར་རྔ་ཅང་ཏིའུ་དང་། །ཐོད་རྔ་ལ་སོགས་སྒྲ་རྣམས་སྒྲག །རང་གི་ལྷ་ཡི་སྙིང་ག་ནས། །སློབ་མའི་ལུས་ལ་མགོན་པོ་སྤྲོ། །ཁོ་ཡི་ཤེས་པ་བསྐུལ་བར་བསམ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣན་བི་ནཱ་ཡ་ཀ་ཨ་བེ་ཤ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་བཟླས་པ་བྱའོ། །སློབ་མ་དེ་ལ་ཡེ་ཤེས་དབབ། །འདར་དང་ཁྲབ་དང་གར་བྱེད་དང་། །སྨྲ་དང་རྒོད་དང་སྒྲ་འབྱིན་དང་། །བདེ་གསལ་མི་རྟོག་སྐྱེ་བར་འགྱུར། །ཡེ་ཤེས་ཕེབས་ནས་གདོང་གཡོགས་དཀྲོལ། །དེ་ནས་བུམ་པས་དབང་བསྐུར་བྱ། །བུམ་པ་སློབ་མའི་སྤྱི་བོར་བཞག
།ཧཱུྃ། བུམ་པའི་དབང་བསྐུར་རིགས་ལྔ་ཡེ་ཤེས་ལྔ། །སྤྱི་བོར་བཞག་པས་དབང་བསྐུར་མཆོག་འགྱུར་ཏེ། །ལུས་ངག་ཡིད་གསུམ་སྒྲིབ་པ་ཀུན་བྱང་ནས། །བཀྲ་ཤིས་རྣམ་པར་རྒྱལ་བའི་དབང་ཐོབ་ཤོག །ཨོཾ་བཛྲ་རཏྣ་པདྨ་ཀརྨ་བུདྡྷ་ཨ་བྷི་ཥིཉྩ་མཾ། ཅེས་པས་བུམ་པའི་དབང་བསྐུར་ཞིང་བཀྲུས་པས། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་བྱང་སྟེ། རིགས་ལྔ་ཡེ་ཤེས་ལྔས་དབང་བསྐུར་བས་བུམ་རྟགས་སུ་རྡོ་རྗེ་མི་བསྐྱོད་པས་དབུ་བརྒྱན་པར་བསམ་མོ།
།གཏོར་མའི་དབང་བསྐུར་བ་ནི། དམ་རྫས་གཏོར་མས་དབང་བསྐུར་བས། །སྐུའི་བྱིན་རླབས་ལུས་ལ་ཞུགས། །ལུས་ཀྱི་སྒྲིབ་པ་དག་གྱུར་ནས། །མི་འགྱུར་རྡོ་རྗེའི་དབང་ཐོབ་ཤོག །མགོན་པོའི་སྐུ་མདོག་དཀར་པོ་བསམ་གྱི་མི་ཁྱབ་པ། དེ་བཞིན་དུ་དམར་པོ། སྔོན་པོ། སེར་པོ། ལྗང་གུ། སྐུ་ཆུང་ལ་ཡན་ལག་རགས་པ་མང་པོ་བྱོན་ནས་སློབ་མའི་སྤྱི་བོར་ཐིམ་པས། ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་ནས། མགོན་པོའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་དང་དབྱེར་མེད་བསམ་མོ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཨ་བྷི་ཥིཉྩ་ཨོཾ།
དེ་ནས་ཐོད་པས་དབང་བསྐུར་བ་ནི། ཐོད་པ་མཚན་ལྡན་ཡེ་ཤེས་ཀ་པ་ལ། །བདུད་རྩི་ལྔ་ལྡན་མགོན་པོ་རིགས་ལྔའི་རྫས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །སྐུ་ལྔ་ཡེ་ཤེས་ལྔ་ཡི་དབང་ཐོབ་ཤོག །པཉྩ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱཿདེ་ནས་སིནྡྷུ་ར་ལ་བསྟེན་ཏེ། དྲི་མེད་ཤེལ་ལྟར་དག་པ་རང་གི་སེམས། །སྣང་གྲགས་མེ་ལོང་གཟུགས་བརྙན་ལྟ་བུ་ལ། །མགོན་པོ་ཡབ་ཡུམ་གཉིས་མེད་སྦྱོར་ཞིང་རོལ། གསུམ་པ་ཤེས་རབ་ཡེ་ཤེས་དབང་བསྐུར་རོ། །མ་ཧཱ་ཀཱ་ལ་པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། དེ་ནས་རང་མགོན་པོ་བསྒོམས། རྩ་དབུ་མ་གསལ་བཏབ་པའི་ནང་ནས་ཀྵེ་ཏྲ་པ་ལ། ཛི་ན་མི་ཏྲ། ཊཀྐི་རཱ་ཛ། ཏྲག་ཤད་ནག་པོ་རྣམས་སྐུ་མདོག་མཐིང་ག་གྲི་གུག་གཡས་དང་། གཡོན་པས་ཐུགས་ཀར་ཐོད་ཁྲག་འཛིན་པ། །སྤྱན་གསུམ་དང་ལྡན་ཞིང་མཆེ་བ་གཙིགས་པ། སྟག་གི་ཤམ་ཐབས་སྦྲུལ་གྱིས་བརྒྱན་པ། ཐོད་སྐམ་ལྔ་ཡི་དབུ་རྒྱན་ཅན། །ཐོད་རློན་ལྔ་བཅུའི་དོ་ཤལ་མཛེས། །སྐུ་ནི་ནས་རེ་མཚོན་རེ་ཙམ། །སྐད་ནི་སྣ་ཚོགས་སྒྲོགས་པར་བྱེད། སྤྱི་བོའི་གཙུག་ནས་གསང་གནས་བར། །གར་གྱི་སྣ་ཚོགས་བྱེད་པར་བསམ། །སྟེང་འོག་རླུང་གི་ཁ་སྦྱར་རོ། །དེ་ནས་ལུས་གསལ་སྟོང་མགོན་པོ་ཡབ་ཡུམ། ངག་གྲགས་སྟོང་མགོན་པོའི་སྔགས། སེམས་རིག་སྟོང་སྐྱེ་མེད་འོད་གསལ། འགག་མེད་རང་ཤར་ཕྱག་རྒྱ་ཆེན་པོ། དེ་ལྟར་རྟོགས་པ་མགོན་པོའི་ལྟ་བ། དེ་ལ་གནས་པ་མགོན་པོའི་བསྒོམ་པ། དེའི་ངང་ལས་འཕྲིན་ལས་སྐྱོང་བ་མགོན་པོའི་སྤྱོད་པ། བསྒྲལ་ཚད་ཧེ་རུ་ཀའི་ངང་དུ་སངས་རྒྱས་པ་དེ་མགོན་པོའི་འབྲས་བུའོ། །དེ་ནས་ཚོགས་དང་གཏོར་མ་དབུལ། །རྦད་དང་བསྐུལ་བ་ལ་སོགས་བྱ། །རྗེས་ལ་བཟོད་པར་གསོལ་ཞིང་དགེ་བ་བསྔོ། །ཡི་གེ་བརྒྱ་པས་ལྷག་ཆད་བཀང་། །སྣང་སེམས་སྒྱུ་མར་ཤེས་པར་བྱ། །ཡེ་ཤེས་མགོན་པོའི་དབང་བསྐུར་བ། །རྒྱ་གར་མཁས་གྲུབ་གཞུང་བཞིན་དུ། །ཁྱུང་པོ་བདག་གིས་ཡི་གེར་བཀོད། །བླ་མ་རཱ་ཧུ་ལ་ལ་གསེར་སྲང་བརྒྱ་ཕུལ་ནས་ཞུས་པ་འདི། རིན་ཆེན་རྨོག་ལྕོག་པ་ཁྱོད་ལ་བཀའ་རྒྱས་བཏབ་བོ། །གཅིག་བརྒྱུད་ལས་མི་མཛད་པའི་དམ་ཚིག་གོ། །ས་མ་ཡ།།