Mgon po'i bstod pa rgyal kun mar grags pa
Resource ID | SCv11p278 |
---|---|
Title | dpal ye shes mgon po'i bstod pa rgyal kun mar grags pa |
Topics | Chadrupa |
Sub-Topics | Praise |
༈ དཔལ་ཡེ་ཤེས་མགོན་པོའི་བསྟོད་པ་རྒྱལ་ཀུན་མར་གྲགས་པ་བཞུགས་སོ།།
༈ ༼ཞི༽ ན་མོ་གུ་རུ་མཉྫུ་གྷོ་ཥ་ཡཱ།
རྒྱལ་བ་ཀུན་གྱི་གསང་བ་ནོར་བུའི་མཛོད། །མ་ལུས་འཛིན་པ་རྗེ་བཙུན་གསང་བདག་དང་། མཁྱེན་བརྩེའི་གཏེར་གྱུར་འཇམ་དབྱངས་ལ་བཏུད་དེ། །ཡིད་བཞིན་མགོན་པོར་གུས་པས་བསྟོད་པར་བགྱི། །དཔལ་ལྡན་མགོན་པོ་ཡིད་བཞིན་ནོར་བུ་ནི། །ཆུ་སྐྱེས་རབ་རྒྱས་རྟ་ལྗང་གཞོན་ནུའི་སྟེང་། །བགེགས་ཆེན་བསྣོལ་བའི་གདན་ལ་ཉིད་ཀྱི་སྐུ། །རབ་ཏུ་རྒྱས་པའི་ཤ་གཟུགས་ཀུན་ནས་འཇམ། །གངས་ཀྱི་དབང་པོ་པད་གཉེན་སྣོང་གི་འོད། །མ་ལུས་འཐུངས་འདྲ་ཁྱོད་ལ་ཕྱག་འཚལ་ལོ། །རབ་མང་འགྲོ་བ་མ་ལུས་སྒྲོལ་བའི་ཕྱིར། །རབ་བརྗིད་དཔལ་ལྡན་ཡེ་ཤེས་མགོན་པོའི་སྐུ། །རབ་མཛེས་འགྲོ་འཕྲོའི་སྟབས་ཀྱི་གདན་ལ་བཞུགས། །རབ་དཀར་ཡེ་ཤེས་མགོན་པོ་ཁྱོད་ལ་བསྟོད། །ཀུན་ནས་རབ་རྒྱས་ཉི་ཞལ་དཀྱིལ་འཁོར་ལ། །བསིལ་ཟེར་བྱེད་པོས་འགྲན་ཕྱིར་ལྷག་པ་ལས། །ཆ་ཙམ་མ་བཟོད་སྐྱེངས་ཏེ་མཁའ་དབྱིངས་སུ། །རབ་ཏུ་བྲོས་འདྲ་ཁྱོད་ལ་ཕྱག་འཚལ་ལོ། །རབ་དམར་ཆུ་སྐྱེས་མདངས་འཕྲོག་ཆུ་བསྒྲོས་ནས། །མཆེ་བ་བཞིར་བཅས་བཞི་བཅུའི་གྲངས་ཚད་ཚེམས། །ཉིད་བཞད་ཚེ་ན་ཟླ་རྒྱས་སྟོང་ཕྲག་གཅིག །གཅིག་ཆར་དུས་གཅིག་ཤར་སྙམ་འཁྲུལ་པ་སྐྱེ། །རྨད་བྱུང་སྐུ་གསུམ་མངོན་གྱུར་སྤྱན་གསུམ་ནི། །ཅུང་ཟད་ཟླུམ་ཞིང་རབ་མཛེས་ཅན་གྱི་ཟུར། །ལི་ཁྲིས་གོས་འདྲ་འགྲོ་ལ་རྣམ་པར་གཟིགས། །སྣུམ་ལ་དྲི་ཞིམ་མཛེས་པའི་སྐྲ་དང་ནི། །ལི་ཞིང་གྱེན་དུ་ཕྱོགས་པའི་སྤྱི་གཙུག་ན། །དགོས་འདོད་ཀུན་འབྱུང་བླ་མ་རྡོ་རྗེ་འཆང་། །མཛུམ་པའི་མདངས་དང་ལྡན་པས་མཛེས་པར་བརྒྱན། །རིན་ཆེན་སྣ་ཆ་ཀུན་ནས་འགྱིང་བ་ནི། །མཛེས་པར་འགུལ་ཞིང་ཉི་མ་ཟླ་བའི་འོད། །ཟིལ་གནོན་འོད་འཕྲོས་སྙལ་ཤལ་ལེགས་པར་འཁྱུད། །གཞན་ཡང་ལྷ་མི་ཀུན་ལས་ཕུལ་བྱུང་རྒྱན། །དབུ་རྒྱན་མགུལ་རྒྱན་དཔུང་རྒྱན་དོ་ཤལ་སོགས། །བཀོད་ལེགས་རིན་ཆེན་དུ་མས་བརྒྱན་པ་ནི། །ཚོགས་གཉིས་བྱེད་པོས་རིན་ཆེན་སྣ་ཚོགས་པ། །དབྱིབས་ཟླུམ་སྤེལ་ལེགས་ཕྲེང་བར་རྒྱུས་པ་ནི། །མདོག་སྣུམ་ཉི་ཟླའི་གཟི་འོད་ཟིལ་གནོན་པས། །ཉིད་སྐུ་འབར་བས་ལེགས་པར་རྒྱན་པ་ནི། །ཕ་རོལ་ཕྱིན་དྲུག་རབ་རྫོགས་ཕྱག་དྲུག་ལྡན། །ཉོན་མོངས་རྩད་ནས་གཅོད་ཅིང་དགྲ་བགེགས་ཀུན། །རབ་འཇོམས་ཕྱག་གཡས་དང་པོས་གྲི་གུག་འཛིན། །བར་པ་ནོར་བུ་བསྣམས་པས་འགྲོ་ཀུན་ལ། །དགོས་འདོད་མ་ལུས་ཆར་བཞིན་འབེབས་པར་མཛད། །ཐ་མ་ཅང་ཏེའུ་དྲག་ཏུ་ཁྲོལ་བ་ཡིན། །ཌཱ་ཀི་མ་ལུས་དབང་དུ་བསྡུད་པར་མཛད། །ཕྱག་གཡོན་དང་པོ་རིན་ཆེན་ཀ་པ་ལ། །བྱང་སེམས་ངོ་བོ་བདུད་རྩི་གང་བའི་དབུས། །ལྷ་མི་ཀུན་གྱི་ནོར་རྣམས་འཛིན་པའི་སྟེར། །རིན་ཆེན་བུམ་པས་མཛེས་པར་བརྒྱན་པ་ནི། །དངོས་གྲུབ་མ་ལུས་མྱུར་དུ་སྩོལ་བར་མཛད། །བར་པ་མདུང་རྩེ་གསུམ་པ་བསྣམས་པ་ཡིས། །དུག་གསུམ་ལྗོན་པ་མ་ལུས་རྩད་ནས་གཅོད། །ཐ་མ་ལྕགས་ཀྱུ་བསྣམས་པས་འགྲོ་བ་ཀུན། །བར་བའི་གྲོང་ཁྱེར་མཆོག་ཏུ་འདྲེན་པར་མཛད། །བྱིན་རླབས་དངོས་གྲུབ་སྟེར་ལ་སྐྱབས་སུ་མཆི། །ཧཱུྃ་ལས་འཁྲུངས་པའི་བཅོམ་ལྡན་ཟླ་བའི་མདོག ཞལ་གཅིག་ཕྱག་དྲུག་འདོད་དགུ་ཀུན་གྱི་གཏེར། །འགྲོ་ཀུན་འཕོངས་པ་ཀུན་ལས་སྒྲོལ་མཛད་པའི། །བཅོམ་ལྡན་ཡིད་བཞིན་ནོར་བུར་ཕྱག་འཚལ་བསྟོད། །དུས་གསུམ་རྒྱལ་བའི་ཕྲིན་ལས་མ་ལུས་པ། །གཅིག་ཏུ་བསྡུས་པའི་ཡེ་ཤེས་མགོན་པོ་ཁྱོད། །སྐྱབས་སུ་བརྟེན་ལ་གུས་པས་གསོལ་འདེབས་ཀྱིས། །བདག་གི་བྱང་ཆུབ་བསྒྲུབ་པའི་མི་མཐུན་ཕྱོགས། །མ་ལུས་ཞི་ཞིང་ཐུབ་བསྟན་རིན་པོ་ཆེ། །ལེགས་པར་བསྲུང་ཞིང་དེ་འཛིན་སྐྱེས་མཆོག་ཀུན། །མཛད་ཕྲིན་ཡར་ངོའི་མགོན་ལྟར་རྒྱས་པ་དང་། །སྐྱེ་བ་ཀུན་ཏུ་འབྲལ་མེད་རྗེས་འཛིན་ཅིང་། །བཅོལ་བའི་ལས་ཀུན་མྱུར་དུ་འགྲུབ་པར་མཛོད།། །།