Rdo rje rnal 'byor thod pa rgya mtsho'i sgrub thabs
Resource ID | SCv8p666 |
---|---|
Title | rdo rje rnal 'byor thod pa rgya mtsho'i sgrub thabs |
Alt. title | nara satra thod pa rgya mtsho theg chen zil gyis mnan pa rdo rje mkha' 'gro la phyag 'tshal lo |
Topics | Various |
Link | BDRC W23922 |
༄༅། །རྡོ་རྗེ་རྣལ་འབྱོར་ཐོད་པ་རྒྱ་མཚོའི་སྒྲུབ་ཐབས་བཞུགས།།
རྒྱ་གར་སྐད་དུ། ན་ར་ས་ཏྲ།
བོད་སྐད་དུ། ཐོད་པ་རྒྱ་མཚོ་ཐེག་ཆེན་ཟིལ་གྱིས་མནན་པ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ།
དང་པོ་རྟེན་ནི་རས་ལ་དུར་ཁྲོད་བརྒྱད་བྲིས་ནས་ཐོད་པ་མཚན་ལྡན་ལ་རྗེ་བཙུན་མ་ཟིས་ལ་དེ་རས་དེས་བརྟུམ་ནང་དུ་པག་མོའི་སྙིང་གཞུག་གཡས་རས་སུ།
དང་པོ་སྔོན་དུ་བདག་ཉིད་སྟན་བདེ་བ་ལ་འདུག་ནས་ ཡན་ལག་ལྔ་དང་ལྡན་པས་ ཏིང་ངེ་འཛིན་རྣམ་གསུམ་རིམ་གྱིས་བསྒོམ། དེ་བཞིན་ཉིད་ཀུན་ཏུ་སྣང་། རྒྱུའི་ཏིང་ངེ་འཛིན་ བཞག་འགྲོན་མཆན་ཁུང་གཡོན་དུ་བཅང་བར་བྱའོ།
དེ་ནས་བདག་གི་ཐལ་སྦྱར་ཡི་གེ་ཨོཾ་གཅིག་བསྒོམ་ལ། ཨོཾ་དུ་ཁ་ཡེ་ན་མ་ཞེས་ལན་གཉིས་བརྗོད། བདག་ཉིད་རྗེ་བཙུན་མ རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་བཞི་མ དུས་གསུམ་གཟིགས་རྟགས་སུ་ སྤྱན་གསུམ་མ་ དེ་ལས་འོད་འཕྲོས་དོན་གཉིས་བྱས་སླར་འདུས་པ་ལས་ སྒྲ་འགྲོ་དོན་མཛད་པའི་རྟགས་སུ་ གྲོལ་བ་མཐུར་ལ་འཕྱང་བ། སྐུ་གཅེར་བུ་རུས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ།༼ཕྱི་ལྟར་སེང་གེ་གཉའ་རལ་སྤྲུག་པ་ཁམས་གསུམ་དབང་དུ་བསྡུས་པའི་རྗེ་བཙུན་སེངྒེའི་གདོང་ཅན་ནང་ལྟར་ན་རྗེ་བཙུན་མ་ཞལ་གཅིག་ཕྱག་བཞི་མའོ།༽ ཕྱག་གཡས་ཀྱི་དང་པོ་རྡོ་རྗེ་གྲི་གུག་ཐུགས་ཀར་འཛིན་པ།༼རང་གི་རྟོག་པ་གཅོད་པའི་རྟགས་སུ།༽ གཡོན་དང་པོ་རལ་གྲི་འཕྱར་བ་༼ཉོན་མོངས་པ་དང་བག་ཆགས་རྩད་ནས་གཅོད་པའི་རྟགས་སུ༽ གཡས་ཐ་མ་ན་ཁ་ཊྭཱཾ་༼དུ་གསུམ་རྩད་ནས་གཅོད་པའི་རྟགས་སུ།༽རྩེ་གསུམ་རྩེ་མོ་མཐུར་ལ་བསྟན་པ། ༼དུག་ལྔ་བདུད་རྩི་ལྔ་བྱིན་གྱིས་རླབས་པའི་རྟགས་སུ།༽གཡོན་ཐ་མ་ན་བྷནྡྷ་བདུད་རྩི་ལྔ་ཡིས་གང་བ་ཞལ་དུ་གསོལ་བ། གདན་ཉི་ཟླ་པདྨ་བརྩེགས་པའི་སྟེང་དུ་༼ཆེ་བའི་ཡོན་ཏན་གཞན་ལས་ཁྱད་པར་དུ་འཕགས་པའི་རྟགས་སུ།༽མཁའ་འགྲོ་མ་ལྔའི་སྟེང་དུ་མི་རོ་༼རྟོགས་པ་མི་མང་བའི་རྟགས་སུ།༽བསྣོལ་བའི་གདན་ལ་ཞབས་ཕྱེད་ཀྲུང་དུ་བཞུགས་པ། གཅིག་བསྐྱེད་དོ། ཐུགས་ཀར་ཨོཾ་དུ་༼དེའི་སྙིང་གི་ནང་དུ་རྩ་གསུམ་གྱི་རང་བཞིན་༽ཁ་ཡེ་ན་མ་གཡས་སུ་འཁོར་བ། དེ་ལས་འོད་ཟེར་འཕྲོས་པས་ཁམས་གསུམ་༼འདོད་ཁམས་དམར་པོ་གཟུགས་ཁམས་དཀར་པོ་གཟུགས་མེད་ཁམས་ནག་པོ།༽གྱི་སེམས་ཅན་ཐམས་ཅད་ཀྱི་སྲོག་རྩ་ཞལ་དུ་བཅུ་གནས་སྙིང་༼ཞལ་དུ་༽ཁྲག་༼ཅིབ་ཅིབ་འཇིབ་པར་༽གསོལ་བར་བསམ་ལ། ཨོཾ་དུ་ཁ་ཡེ་ན་མ། ཞེས་རྒྱུན་དུ་བཟླས་སོ། ༼སྒྲིབ་པ་དག་ནས་སྐྱེ་ཤི་རྩད་ནས་བཅད་པར་བསམ་པ་ནི་ནང་ལྟར་རོ།༽ གཏོར་མ་ནི་བྷནྡྷ་མཚན་ལྡན་ཉི་མ་འབུམ་གྱི་ལྟ་བུ། ཡང་ ཨོཾ་དུ་ཁ་རི་ན་མ་་་་ར། དུ་བཅས་པ་ལ་༼པད་བསྐོར་དང་བཅས་ལ་ཁ་རང་ལ་བསྟན་ལ་རང་བཟའོ།༽ ཨོཾ་ཨཱཿཧཱུྃ།༼པད་གཏོར༽ གིས་བདུད་རྩིར་བྱིན་གྱིས་རླབས་ལ། ཨོཾ་དུ་༼སྔགས་འདིས་གཏོར་མ་འབུལ་ལོ།༽ཁ་ཡེ་ན་མ་ཁཱ་ཧི་ཞེས་པ་ལན་བཟླས་ལ་༼གཏོར་མ་༽འབུལ་ལོ། རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་རྫོགས་སོ།
།ཨོཾ་ཧ་རི་ནི་ས་ ཨརི་ནི་ས་ཧ་ ཧཱུྃ་ནི་ཧ་ས་རི་ཞལ་གདམས་སོ། བསྟན་པ་ཀུན་གྱི་བུ་གཅིག་གོ །བླ་མ་གྲུབ་ཐོབཀྱི་གནང་བའོ། ཨྀཐི།
འདི་འགྲུབ་པའི་རྟགས་ནི། བུ་མེད། སྐྱེས་པ་ མི་ཆེན་ ནོར་སྣ་ཚོགས་ལྷ་མ་སྲིན་སྡེ་བརྒྱད། ཆོས་རྒྱ་སྣ་ཚོགས་བླ་མ་མཁའ་འགྲོ་མ་ལ་སོགས་པ་ཕ་མ་ལ་བུ་ཚ་འདུ་བ་བཞིན་དུ་འགྱུར་རོ། འདི་ཟླ་བ་༼བ་ནི་ཕྱི་ལྟར་༽ཕྱེད་ཀྱིས་འགྲུབ་པ་ཡིན་གསུངས་སོ། གླུ་མ་ཨོ་རྒྱན་པདྨ་པ། །དམ་པ་ཀུན་བཟང་ལ། གཡའ་རི་སྒོ་མོའི་དྲུང་དུ་གནང་། །དེས་ལུམ་པ་མཐོ་པོ་ཀ་ད་ཁ་བ་ལ། དེས་རི་གོང་པ་སངས་རྒྱས་གཉན་སྟོན་པ་ལ། དེས་སངས་རྒྱས་སྟོན་པ་ལ། དེས་ཨའི་སེང་གེ་ལ། དེས་གསེར་གླིང་པ། དེས་བླམ་བཀྲིས་མགོན་པོ་ལ། དེས་དྲུང་ཡེ་ཤེས་རྡོ་རྗེ་ལ། དེས་དྲུང་བློ་ལྡན་བཟང་པོ་ལ། དེས་བདག་ལའོ། གནད་ཐམས་ཅད་ཞལ་ལས་ཤེས་སོ། འདིའི་ཞལ་གདམས་ལ་རང་རྗེ་བཙུན་མར་བསྐྱེད་པ་མཐུན་པར་སྣང་། ཐེག་ཆེ་ན་ཟིལ་གྱིས་མནན་པ། ཁྲོམ་དབང་དུ་བསྡུ་བ་ནི། རང་གི་དཔུང་པ་གཉིས་སུ་སེངྒེ་གཉའ་རལ་སྤྲུགས་པ་རེ། མཁལ་ལོགས་གཉིས་སུ་སྟག་མོ་མི་རོ་འབྲད་པ། བརླ་ཟུར་གཉིས་སུ་སྦྲུལ་ནག་ཁ་ནས་མེ་འབར་བ་བསམ། སྲོག་རྩ་ཞལ་དུ་བཅུག་ནས་སྙིང་ཁྲག་གསོལ་བ་སོགས་འདྲའོ། ལུས་མི་གནས་འགུལ་བསྐྱོད། ངག་མི་གནས་བཟླས་པ། སེམས་མི་གནས་ཆོས་ཉིད་ལ་དམིགས་པ་གཏད། བསྙེན་པ་འདུ་རྒྱུ་ལ་བསྐྱལ། བསྒྲུབ་པ་ལས་སྦྱོར་ཧ་རི་ནི་ས་ལ་བསྐྱལ་ལོ། དེ་ལྟར་བྱས་པས་འདུ་བ་གསུམ་འབྱུང་། ཉིན་པར་མི་འདུ། ནུབ་མོ་མཁའ་འགྲོ། ནང་ནུབ་ཟས་འདུ། རི་བོའི་རྩེ་ལ་བརྟེན་པ་མཁའ་འགྲོ་དབང་དུ་འདུ་ན། རང་ཉིད་སེང་གེ་གཉའ་རལ་སྤྲུགས་པར་བསྒོམ། རིག་པ་ཀྲུག་སྣང་བ་འགྱུར་རོ། ཨྀཐིཿ
འདིའི་སྔགས་ ཨོཾ་དུ་ཁ་ཡེ་ན་མ། ཞེས་འདུག་ནའང་། འདིའི་དམིགས་རིམ་དང་བླ་མའི་ཞལ་གདམས་དང་བསྟུན་ནས། དུ་ཁ་ཡེ་ཞེས་པ་ཅིར་འགྱུརཆ་མེད་ཅིང་། དུ་ཁ་ཞེས་པ་སྡུལ་དུ་འགྱུར་ཞིང་ཡེ་ཤེས་པ་དཔེར་ན་ཡེ་དྷརྨཱའི་མགོའི་མང་ཚིག་དང་མཐུན་པར། རྣམས་སམ་ཀུན་ནི་ཚད་དུ་འགྱུར་བས། འདིའི་དོན་འགྱུརནི། འགྲོ་བ་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་མཆོད། ཅེས་སོ། ལེགས་ཚོགས་ཀྱི་ཨ་རི་ནི་ས་ཧ། ཞེས་པ་མཁའ་འགྲོ་རིགས་ལྔའི་སྙིང་པོར་འགྱུར་བ། གཞན་དུ་ནི། ཧ་རི་ནི་ས་ཧཱུྃ་ཞེསསྣང་བ་ཡོང་གི་འདུག་པས། འདི་ཞི་བ་ཏུ་བརྟག་པར་བྱའོ།། །།