Shangs dkar ba rin chen rgyal mtshan gyi rnam thar
Resource ID | SCv1p631 |
---|---|
Title | shangs dkar ba rin chen rgyal mtshan gyi rnam thar |
Topics | Biography |
Associated Person | Shangkar Rinchen Gyeltsen |
Link | BDRC W23922 |
༄༅། །ཤངས་དཀར་བ་རིན་ཆེན་རྒྱལ་མཚན་གྱི་རྣམ་ཐར་བཞུགས་སོ།།
༈ ཨོཾ་སྭ་སྟི། མཁས་གྲུབ་རིན་ཆེན་རྒྱལ་མཚན་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་རྣམ་པར་ཐར་པ་ནི། ཡབ་བདག་པོ་བཞི་ཐོགས་པ་མཁས་པ་མཁས་བཙུན་ཆེན་པོའི་ཡིག་མཁན། དཔོན་ཡིག་བཟང་པོ་དཔལ་ཞེས་བྱ་བ། ཡུམ་ཇོ་སྲས་མ་དཔལ་ཆེན་གཉིས་ཀྱི་སྲས་སུ་ཆུ་མོ་སྦྲུལ་གྱི་ལོ་ལ་འཁྲུངས་སོ། །དགུང་ལོ་གསུམ་པ་ལ་ཡབ་ཡུམ་གཉིས་ཀ་འདས་ནས། ཁུ་བོ་འདུལ་བ་འཛིན་པ་རིན་ཆེན་འོད་མཛེས་པ་དང་། ཤཱཀྱ་སེངྒེ་བ་གཉིས་ཀྱི་དྲུང་དུ་ཀློག་ལ་སོགས་པའི་སྦྱངས་པ་མཛད། དགུང་ལོ་བརྒྱད་པ་ལ་དགེ་བསྙེན་མཛད། དགུང་ལོ་བཅུ་གཉིས་པ་ལ་དཔལ་ཟམ་འཚར་གྱི་གཙུག་ལག་ཁང་དུ་མཁན་པོ་དགྲ་བཅོམ་པ་ལྟ་བུ་མཛེས་པ་རྒྱལ་མཚན་པ་དང་། སློབ་དཔོན་འདུལ་བ་འཛིན་པ་ཤཱཀྱ་དཔལ་གཉིས་ལས་དད་པའི་དགེ་འདུན་གྱི་དབུས་སུ་རབ་ཏུ་བྱུང་། མཚན་ཡང་རིན་ཆེན་རྒྱལ་མཚན་དུ་བཏགས་སོ། །དགུང་ལོ་ཉི་ཤུ་པ་ལ་སྤང་ལོའི་གཙུག་ལག་ཁང་དུ་འདུལ་བ་འཛིན་པ་ཆེན་པོ་མཛེས་པ་རྒྱལ་མཚན། ལས་ཀྱི་སློབ་དཔོན་དངོས་གྲུབ་བཟང་པོ། གསང་སྟོན་པ་སློབ་དཔོན་ཁུ་བོ་རིན་ཆེན་འོད་མཛེས་པ་རྣམས་དང་། དད་པའི་དགེ་འདུན་རྒྱ་མཚོ་ལྟ་བུའི་དབུས་སུ་བསྙེན་པར་རྫོགས། སྒོ་གསུམ་བག་ཡོད་རྟག་ཏུ་བསྡམ་པར་མཛད། དེ་སྟེང་འགྲོ་བའི་མགོན་པོ་ཆོས་རྗེ་བསོད་ནམས་རྒྱལ་མཚན་པ་དང་། ལོ་ཆེན་བྱང་ཆུབ་རྩེ་མོ་ལ་དབུ་མ་ལུགས་དང་། སེམས་ཙམ་ལུགས་ཀྱི་ཆོ་ག་སེམས་བསྐྱེད་ཞུས། ཁྱུང་པོ་རིན་པོ་ཆེ་ལ་སོགས་པའི་བླ་མ་མང་པོ་བསྟེན་ནས། རྒྱུད་སྡེ་ཆེན་པོ་བཞི་ཡིས་སྨིན་བྱེད་དབང་བཞིའི་ཆུ་བོས་སྨིན་པར་མཛད། དཔལ་ལྡན་ས་སྐྱར་སློབ་དཔོན་གཞོན་ནུ་བཀྲ་ཤིས་པ་དང་མཁན་པོ་གཞོན་ནུ་རྒྱ་མཚོ་དང་། ཁུ་བོ་བླ་མ་ཤཱཀྱ་བཟང་པོ་ལ་ཚད་མ་སྡེ་བདུན་ལ་སོགས་པ་མཐའ་དག་གསན་སྦྱོང་མཛད། དེའི་དུས་ཙ་ན་དབུས་ན་རྔོག་སྟོན་དབོན་པོ་དང་། གཙང་ན་ཤངས་པ་དཀར་པོ་གཉིས་ཆོས་སྐད་བཟང་བར་གྲགས་སོ།
།དེ་ནས་བུ་སྟོན་ཆོས་རྗེ་ལོ་ཙྪ་བ་དྷརྨ་ཤྲཱི་བསྟེན་ནས། བྱམས་པའི་ཆོས་ལྔ་དང་། བྱམས་པ་དང་འབྲེལ་བའི་ཆོས་སྡེ་ཉི་ཤུ། མདོ་སྲས་ཡུམ་རྣམས་ལ་གསན་སྦྱངས་རྒྱ་ཆེན་པོ་མཛད། རྒྱ་བོད་ཀྱི་མཁས་པ་རྣམས་ཀྱིས་མཛད་པའི་འགྲེལ་པ་ཀུན་ཡང་ཞིབ་ཏུ་གཟིགས་གསུངས། ཁྱད་པར་དུ་ཕར་ཕྱིན་ལ་གཞུང་འདིའི་དོན་ཞིག་ཡིན་པ་ལ་འདྲ་མིན་རྣམ་པ་མང་པོ་ཡིག་ཆ་འགལ་ནས་བྱུང་བ་ཕྱིས་སྣར་ཐང་དཔེ་མཛོད་གཟིགས་པས། ཨར་བྱང་ཆུབ་ཡེ་ཤེས་ཀྱི་མཛད་པའི་ཊིཀྐ་མཐོང་བ་དང་། རང་གི་འདོད་པ་བཞིན་འདུག་ནས། ཨར་གྱི་སྐྱེ་བ་ཡིན་སྙམ་པའི་བག་ཆགས་དང་། བློ་ལ་ཡང་དེང་སང་ཕར་ཕྱིན་ཚུལ་བཞིན་དུ་ཤེས་པ་གཡག་ཕྲུག་སངས་རྒྱས་དཔལ་དང་ངེད་གཉིས་པོ་ཡིན་སྙམ་པ་བྱུང་གསུང་ངོ་། །བུ་སྟོན་རིན་པོ་ཆེ་ལ་ཕར་ཕྱིན་ཉན་དུས། དུས་འཁོར་གྱི་ཆོས་འབྱུང་བསྟེན་པས། ཕྱི་ནང་གཞན་གསུམ་གྱི་སྒོ་ནས་ཡིད་ཆེས། ཁུ་བོས་གསུང་ནས་མི་ཚོར་ན་མཁས་གྲུབ་ཁྱུང་པོ་བཞུགས་པ་ལ་ཁྲིད་གཅིག་གསན་གསུང་རྨི་ལམ་དང་འོད་གསལ་ལ་སོགས་པའི་མྱོང་བ་རྣམས་ཞུས་པས་ཤིན་ཏུ་དགྱེས། དེ་ནས་སྣར་ཐང་རྩེ་ན་རྗེ་འཇམ་རིན་པ་བཞུགས་པའི་སྤྱན་སྔར་ཕྱིན། བུ་སྟོན་རིན་པོ་ཆེ་ལ་དབང་ཞུས་པས་ཐུགས་ཡེ་ཤེས་འབེབས་པས་རྟོགས་པ་མཆོག་ཏུ་གྱུར། ཁྱད་པར་རྒྱུད་འགྲེལ་གྱི་བཤད་པ་ཚར་ཉི་ཤུ་ཐམ་པ་རྣམས་ཞུས། བསོད་སྙོམས་སོགས་ཀྱང་མ་བྱས་པས་འཚོ་བ་བཀྲེན་རབ་བྱུང་ནས་སྟོན་ཆོས་ཤིག་ལ་ཕྱེ་བྲེ་ལྔ་ཙམ་ལས་མེད་པར་ཐུག་པ་ཅུང་ཟད་རེ་འཐུང་གིན་ངས་ཆུ་ལེན་དུ་ཕྱིན་ཤུལ་དུ་གྲོགས་པོ་སློབ་དཔོན་རིན་ཆེན་རྒྱ་མཚོ་ཆོས་རྗེས་བཏང་ནས། ཤངས་དཀར་བ་ཆས་ཀ་ནི་ཡོང་བ་མེད་ལྟོས་ཤོག་གསུང་ནང་ཉུལ་བས་རྩམ་པ་ལྷག་མ་དེ་མ་གཏོགས་མ་རྙེད་པར་ངས་སླེབ་པ་དང་། ཁོང་ངའི་མལ་ས་ན་བཤུམ་གྱིན་འདུག །ཤངས་པ་དཀར་པོ་ཁྱེད་ཀྱིས་སྡུག་སྲན་འདི་འདྲ་ནུས་པ་གསུངས། སྟོན་ཞིག་སྣར་ཐང་དུ་བྲང་ཁང་སྟོང་པ་ཞིག་ན་དཔེ་མཚམས་བྱས་ཡོད་དུས་རྩམ་པ་ཆད་པ་དང་། ནང་པར་ཕྱག་བདར་གྱི་དཀྱིལ་ན་ཕྱིང་པ་སེར་པོ་ཞིག་འདུག་པ་བླངས་པ་དང་། དེའི་དཀྱིལ་ན་གསེར་ཞོ་དོ་འདུག་པའི་བདག་པོ་ནི་མ་བྱུང་བ་དང་། ཞོ་གང་ལ་འཚོ་བ་བྱས། ཞོ་གང་བླ་མའི་དྲུང་དུ་མཆོད་པ་བཟང་པོ་ཞིག་བཤམས་ཏེ། ཆོས་སྐྱོང་གིས་གནང་ངོ་སྙམ་མོ། །དེ་ནས་ཆུ་མིག་ཏུ་ཆོས་རྗེ་ལོ་ཙྪ་བ་ཆེན་པོ་བྱང་ཆུབ་རྩེ་མོའི་དྲུང་དུ་གསང་འདུས་རིམ་ལྔའི་མྱོང་ཁྲིད་གསན་དུས་ཐོ་རངས་ལ་མི་དཀར་པོ་ཞིག་སྔས་སུ་བྱུང་ནས། སྤྱན་རས་གཟིགས་ལ་དབང་བསྐུར་ཞུས་ཤོག་གསུངས། དེའི་དགོང་མོ་འབོད་མཁན་བྱུང་ནས་སྐུ་མདུན་དུ་ཕྱིན་པས་གསང་འདུས་མི་བསྐྱོད་པའི་དབང་བཞི་དང་། དབང་གོང་མ་གཉིས་སྦྲག་ནས་གནང་། བླ་མ་ལ་སྤྱན་རས་གཟིགས་དངོས་ཀྱི་འདུ་ཤེས་སྐྱེས། སྒྱུ་ལུས་རྨི་ལམ་འོད་གསལ་གྱི་ཉམས་ལ་ཡུལ་སྣང་ཐམས་ཅད་མཐོང་ཞིང་གཏན་ལ་ཕེབ། དག་པའི་སྣང་བ་རྒྱ་ཆེན་པོ་འཆར་སྟེ། ངེད་ཀྱང་རྒས་པ་ཡིན་པས་ཆོས་ཀྱི་བདག་པོ་མཛོད། གསུངས་ནས་ཞུ་བ་ཕུལ་བས་དགེ་སྦྱོར་གང་འཕེལ་དུ་བཞུགས་སོ། །དེ་རྣམས་ཀྱི་བར་ལ་ཆོས་རྗེ་ཁྱུང་པོ་གཤེགས་ནས། སྔར་ཤངས་པའི་ཆོས་ཞུ་བའི་སྙན་གསན་ཕབ་ཡོད་པ་མ་གྲུབ་པས། ད་གདན་ས་ལ་ཞུ་སྙམ་ནས་ཆོས་རྗེ་རི་ཁྲོད་རས་ཆེན་པ་ལ་བདེ་ཆེན་སྟེང་དུ་ཤངས་པའི་ཆོས་བསྐོར་མ་ལུས་པ་ཞུས། ཁྱེད་ཀྱི་ཐུགས་དམ་གྱི་སྟོབས་འདི་འདྲ་ཤངས་སྟོན་པ་ལའང་མ་བྱུང་གསུང་ཞིང་ཤིན་ཏུ་མཉེས་ནས་ཆོས་ཀྱི་བདག་གཏད། ཕྱག་དྲིལ་དང་ཤངས་པའི་ཆོས་སྐོར་གྱི་ཕྱག་དཔེ་ལ་སོགས་པའི་བྱིན་རླབས་ཀྱི་རྟེན་མང་དུ་གནང་ངོ་། །སྨན་བླའི་ཉིན་ཞིག་སྨན་ཐུན་སྐབས་གདུངས་བའི་དབྱངས་བྱས་པས་བྱིན་རླབས་ཀྱི་གཟི་བརྗིད་འབར། མཆོད་རྫས་ཐམས་ཅད་རྒྱ་ཆེར་འཕེལ་ཞིང་། ཡོན་ཆབ་ལུད་པ་གཏིང་ཕོར་རེ་རེ་ལ་འགའ་རེ་ཡོང་བར་གདའ་ཆང་ནས་ཐོ་གཏད་པས་ནས་ཁལ་གཅིག་ལ་གཉིས་སུ་འཕེལ་བ་བྱུང་། དེ་ནས་ཚོགས་པ་ཀུན་ལ་བཀྱེ་ཞིང་ངོ་མཚར་བ་ཉིད་དོ། །འདི་ལྟ་བུ་ནི་བོ་དྷི་སཏྭའི་དུས་སུའང་བྱུང་སྐད་མི་གདའོ། །ཡང་དཔལ་འབྱོར་གཟུངས་སྒྲུབ་དུས་པོ་སྟོད་གཅིག་ཕུལ་བས། བུམ་ཆུ་ཡོངས་སུ་རྒྱས་ནས་ཁོལ་བ་མཐོང་གདའོ། །རྗེ་སྐུ་གཤེགས་བང་ཆེན་བྱུང་བས་དེ་ཕྱིན་གདུངས་མཆོད་གསོལ་འདེབས་ནར་མ་སོགས་བཟུངས། ནང་རྟེན་ཕྱི་རྟེན་སྐུ་འདྲ་རང་བྱོན་འདྲ་བ་གྲུབ་ཚུར་ལམ་བདེ་ཆེན་དུ་བར་ཞག་བྱས་པར་ངེད་ཀྱི་དཔེ་དེ་ལུས་འདུག་པ་དང་། སྔ་སོ་རྨི་ལམ་ན་བདེ་ཆེན་གོང་ཁ་ནས་དུང་ལེན་ལྔ་བུས་པ་རྨི་བ་དང་མཐུན་པར་བདེ་ཆེན་པ་ཀུན་གྱིས་བླ་མའི་གདན་ས་ལ་གསོལ་བ་བཏབ་བསྡད་དགོས་པ་བྱུང་། གདན་སར་ཕེབས་མ་ཐག་ནས་བླ་མཆོད་བར་མ་ཆད་པར་བཟུངས། དུས་མཆོད་དང་བསྒྲུབ་མཆོད་བཙུགས། མར་མེ་ཁོར་ཡུག་བཟང་པོ་དང་། རྗེ་རི་ཁྲོད་པའི་སྐུ་འདྲ་ལ་མཆོད་པ་ཆག་མེད་དུ་མཛད། ཉི་མ་རིང་དུས་ཉི་མ་ཕྱེད་ཕྱེད། གཟིམ་ཁང་ལས་མི་འབྱོན། ཉི་མ་ཐུང་དུས་ཚ་བ་ཐོན་ནས་ཁྲིད་ཚར་རེ་དམིགས་པ་འབོགས་ལོང་ཡོད་པ་ཙམ་ཡོང་སྟེ། འདི་འདྲ་བའི་ཐུགས་དམ་ལ་བཞུག་པ་ནི་ཉིན་མོའི་སྐར་མ་དང་འདྲའོ། །རྒྱ་ཆེན་ཐོས་པའི་དོན་རྣམས་ཇི་བཞིན་དུ་རྩེ་གཅིག་ཏུ་བསྒྲུབས་པས་ཏིང་ངེ་འཛིན་མཆོག་ལ་དབང་འབྱོར། བྱིན་རླབས་ཡང་ཤ་ཚའི་ཀོ་ཁར་ཀོ་བ་གཉིས་སྤྲེལ་ཞིག་ལ་ཕྱིན་པས། ཀོ་བ་གཅིག་ན་བུད་མེད་གཅིག་ཡོད་པས་སྡོད་མ་ཟུག་པར་ཀོ་བ་བུབ། དེ་བུབ་པ་དང་མི་རྣམས་ཡོད་པ་འཕྱོངས་ནས། ཀོ་བ་གཉིས་ཀ་ཆུ་ལ་བྱིང་ནས་ལྦ་བ་ཆག་ཏེ་ཐལ། ཀོ་མཁན་གྱིས་རྐྱལ་བྱས་སོང་། ངེད་ཀྱི་རྐྱལ་མི་ཤེས་ན་ཡང་དཔུང་པ་ཡན་མ་བྱིངས་བར་ཆུ་གཞུང་ན་མར་མདའ་རྒྱང་དོ་ཙམ་འོང་སར། གཞུང་འབེབས་པ་གཅིག་བྱུང་ནས། དགེ་བཤེས་ཁྱད་འཕགས་ཤིག་ཤོར་ཟེར་བ་འདི་ན་འདུག་ཟེར། ཐག་པ་བཏང་གིས་འཇུས་ཟེར་ནའང་ཐག་པ་མི་དགོས་བྱས་ཀོ་བའི་ཁ་ཤིང་ལ་འཇུས་ནས་ཕྱིན་པས། བཅོམ་ལྡན་འདས་ལ་གསོལ་བ་བཏབ་པའི་མཐུ་ཡིན་གསུང་ངོ་། །གཞན་ཡང་སྐུ་ལུས་ལ་སྨེ་བ་དང་། གནག་བག་དང་། ཕྱི་ནང་གི་སྲིན་བུ་མི་འབྱུང་ཞིང་། དབུ་སྐྲ་བསིལ་བའི་དུས་སུའང་སྦུ་བ་མ་གཏོགས་འཁྲུད་རྒྱུ་མེད་དོ་གསུང་ངོ་། །སྐུ་ལུས་ལ་ཁྲུས་གསོལ་ཡང་ཆུ་མི་ཆགས་པར་ཟིལ་པ་ཁྲོམ་ཁྲོམ་བ་ཙམ་བྱུང་ངོ་། །ཚུལ་ཁྲིམས་རྣམ་པར་དག་པའི་དྲི་བསུང་ཡང་གཟིམས་ཁང་དང་ན་བཟའ་ཀུན་ལ་ཆགས་ཤིང་ཚོར་བ་ཙམ་གྱིས་དབང་པོ་ཚིམ་པར་བྱེད་པ་ཀུན་གྱིས་མངོན་ལ། ཁྲིད་གསུང་དུས་བཤད་ཡམས་མི་མཛད་པར། དམིགས་པ་སྒྲིལ་ནས་ཤིན་ཏུ་ཞིབ་པར་ཁྲིད་ཐེབ་པར་འདེབས་ཚར་བར་མཛད། དགེ་བཤེས་སུ་རློམས་པ་མང་པོས་ཀླག་ལུང་བྱེད་གིན་གདའ་སྟེ། དེ་རྣམས་ཀྱིས་ཡང་དག་པའི་ཆོས་ཀྱི་བརྒྱུད་པ་ཆད་པས། བསྟན་པའི་སྙིང་པོ་ནུབ་ཞིང་བསྟན་པའི་དགྲ་དེ་ལས་ཆེ་བ་མེད་གསུང་། སྟག་གི་ཟླ་བ་དང་པོ་ནས་ཕྱག་རྩ་སོགས་མ་བདེ་བར་བསྟན་པ་ལ། སྐུ་རིམ་བྱེད་པར་ཞུས་ནའང་། ད་ནི་བྱམས་མགོན་གྱི་དྲུང་དུ་ལྷའི་བུ་གཞོན་ནུ་ཞིག་བྱས་ནས་ཆོས་ཉན་པ་ཡིན་གསུངས། ངས་གནས་འདིར་འོང་བའི་རྒྱུ་མཚན་ནི་གུའི་བསྒྲུབ་པ་ཞིག་ཚུག་ལ་རེ་ནས་འོང་པ་ཡིན་སྦྱིན་བདག་ཀྱང་སྟོབས་ཆུང་མི་རྣམས་ཀྱང་གོ་ཆ་ཆུང་བས་བསམ་བློ་མ་རྫོགས་གསུངས། སྟག་ལོ་ཟླ་བ་བདུན་པ་ནས་གསོལ་བ་ཅུང་ཟད་འགྲིབ། ཟླ་མཚམས་ནས་བསྙུང་བའི་ཚུལ་བསྟན་ནས་དགུང་ལོ་བརྒྱད་བཅུ་གྱ་གཉིས་ཀྱི་སྟེང་། སྟག་གི་ལོ་ཟླ་བ་བཅུ་གཉིས་པའི་ཉེར་ལྔའི་ཐོ་རངས་ཀྱི་ཆ་སྐྱ་རེངས་ཤར་བའི་ཚེ། སྤྲུལ་པའི་སྐུ་ཆོས་ཀྱི་དབྱིངས་སུ་ཐིམ། ནམ་མཁའ་ལ་སྤྲིན་ཐམས་ཅད་འཇའ་ཚོན་སྣ་ལྔའི་རང་བཞིན། དགུན་རྟའི་ཟླ་བ་ལའང་བདེ་ཆེན་སྟེང་དུ་སེར་བུ་རྡུལ་ཙམ་ཡང་མ་བྱུང་བར། གསོལ་འདེབས་ལ་བྱོན་པའི་བླ་མ་འགའ་ཡིས། རང་སེམས་ལས་སུ་རུང་བའི་ཤུགས་ལས་ཕྱི་ཡི་འབྱུང་བ་ཡང་དབང་དུ་འདུ་བ་འདི་ལྟ་བུ་གདའོ་གསུངས། ཞག་ཉི་ཤུ་རྩ་ལྔར་སོང་ནས་ཐུགས་དམ་ཀྱང་གྲོལ་ནས། གདུང་ཞུགས་སུ་ཕུལ་བས་མེ་ཐམས་ཅད་ཤེལ་དཀར་ལྟར་གཡས་ཕྱོགས་སུ་འཁྱིལ་ནས་འབར། ནུབ་ཕྱོགས་ནས་གཟིམས་ཁང་ལ་འཇའ་ཟུག །རིང་བསྲེལ་བྱོན། སྐུ་གདུང་ཞལ་ཕྱེས་པ་སཱཙྪ་བཞེངས་པ་སོགས་ཅི་བྱས་དུས་སུ་འཇའ་ཟུག་པ་དང་། དྲི་བཟང་པོ་ནི་དགུན་གང་གིས་བྱུང་ངོ་། །རྣམ་ཐར་ཅུང་ཟད་བཀོད་པའོ།
།སརྦ་དཱ་ཀ་ལྱཱ་ཎཱཾ་བྷ་ཝནྟུ། དགེའོ། །དགེའོ། །དགེའོ།། །།