Shangs pa bka' brgyud brgyud pa'i rnam thar gsol 'debs
Resource ID | SCv5p87 |
---|---|
Title | dpal ldan shangs pa bka' brgyud kyi ngo mtshar rin chen brgyud pa'i rnam thar la gsol ba 'debs pa u dum+ba ra'i phreng ba |
Topics | Prayer |
Author | Jamgön Kongtrül Lodrö Thayé |
Link | BDRC W23922 BDRC W23605 BDRC W23605 BDRC W23605 |
༄༅། །དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ངོ་མཚར་རིན་ཆེན་བརྒྱུད་པའི་རྣམ་ཐར་ལ་གསོལ་བ་འདེབས་པ་ཨུ་དུམྦ་རའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།
Vajradhara
ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ལ་གསོལ་བ་འདེབས་པ་རྡོ་རྗེའི་སྒྲ་དབྱངས་ཞེས་བྱ་བ།
རིགས་ཀུན་བདག་ཉིད་ཐོག་མ་ཐ་མ་མེད། །དངོས་གཅིག་བརྟན་གཡོ་ཀུན་ཁྱབ་ཟུང་དུ་འཇུག །རང་བཞིན་འོད་གསལ་བདེ་ཆེན་ཡེ་ཤེས་སྐུ། །ཁྱབ་བདག་རྡོ་རྗེ་འཆང་ལ་གསོལ་བ་འདེབས།
།སྤྲོས་པ་ཀུན་བྲལ་སྟོང་ཉིད་སངས་རྒྱས་པ། །རྡོ་རྗེ་བཙུན་མོའི་བྷ་ག་གསང་བའི་དབྱིངས། །ཆོས་འབྱུང་ཐར་པ་ཆེན་པོའི་གྲོང་ཁྱེར་དུ། །གདོད་ནས་མངོན་བྱང་ཆུབ་ལ་གསོལ་བ་འདེབས།
།གཉིས་མེད་གཡོ་བ་མེད་དང་རིས་མེད་དང་། །འདོད་དང་མཆོག་ཏུ་མི་འགྱུར་འདོད་ཆགས་ཆེ། །དངོས་དང་དངོས་པོ་མེད་པ་ཟད་པ་དང་། །ཡེ་ཤེས་དང་ནི་སེམས་དཔའ་ཀུན་ཏུ་བཟང་། །ཉོན་མོངས་མེད་དང་ཉོན་མོངས་ཆེན་པོ་དང་། །ལྷན་སྐྱེས་དཔལ་ལྡན་བྱང་སེམས་ཐིག་ལེ་འཛིན། །དཔལ་ལྡན་དུས་ཀྱི་འཁོར་ལོ་རྡོ་རྗེ་དང་། །ཐབས་དང་ཤེས་རབ་བདག་ཉིད་རྣལ་འབྱོར་མཚན། །རྣམ་གྲངས་དུ་མར་ལྡན་ལ་གསོལ་བ་འདེབས།
།སྟོང་ཉིད་སྙིང་རྗེ་དབྱེར་མེད་མི་འགྱུར་བའི། །བདེ་བ་ཆེན་པོ་ཡོད་མེད་མཐའ་བཞི་ལས། །རྣམ་གྲོལ་བདེ་གཤེགས་ཀུན་གྱི་ངོ་བོ་ཉིད། །དོན་དམ་ཡེ་ཤེས་སྐུ་ལ་གསོལ་བ་འདེབས། །ཤེས་དང་ཤེས་བྱ་གཅིག་གྱུར་སྤྲོས་པའི་མཐའ། །ཀུན་ལས་རབ་འདས་རྒྱུ་འབྲས་མ་ལུས་པ། །ཡེ་ཤེས་གཅིག་གིས་གཅིག་ཅར་གཟིགས་གྱུར་པ། །དཔེ་བྲལ་ཆོས་ཀྱི་སྐུ་ལ༴
།སྟོང་ཉིད་སྒྲ་བརྙན་ཤར་བའི་ཉིན་མོར་བྱེད། །ངེས་པ་ལྔ་ལྡན་སྐུ་དང་ཞིང་ཁམས་ནི། །སྣང་ལ་རང་བཞིན་མ་གྲུབ་མཁའ་ལྟར་ཁྱབ། །ལོངས་སྤྱོད་ཡོངས་སུ་རྫོགས་ལ༴
།བཟོ་སྐྱེ་མཆོག་སོགས་དག་དང་མ་དག་པའི། །གཟུགས་བརྙན་པདྨ་འདབ་མ་རྒྱས་པའི་སྤྱན། །སྣ་ཚོགས་སྤྲུལ་པས་འགྲོ་བའི་དོན་མཛད་པ། །གང་ལ་གང་འདུལ་སྟོན་ལ༴
།སྣ་ཚོགས་གཟུགས་དང་རྣམ་པ་ཐམས་ཅད་གསུང་། །མི་འགྱུར་བདེ་བ་རྣམ་ཀུན་མཆོག་ལྡན་གྱི། །སྟོང་ཉིད་ཟུང་འཇུག་གསང་བ་བསམ་མི་ཁྱབ། །མི་ཟད་རྒྱུན་གྱི་འཁོར་ལོར༴
།རིགས་དྲུག་བདེན་དོན་རྣམ་པ་བཅུ་གཉིས་དང་། །དེ་ཉིད་བཅུ་དྲུག་རིགས་བརྒྱ་མཐའ་ཡས་རིགས། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་པ། །རིགས་ཀུན་ཁྱབ་བདག་དེ་ལ༴
།ཆོས་རྣམས་ཀུན་ལ་ཉེ་རིང་མེད་པར་ཁྱབ། །འགྲོ་ཁམས་ཟད་མེད་རྗེས་སུ་འཛིན་པ་ལ། །འཕེལ་འགྲིབ་མི་མངའ་རྟག་པར་བཞུགས་ནས་སུ། །རྩོལ་མེད་དོན་ཆེན་སྒྲུབ་ལ༴
།གཞི་དུས་རང་བཞིན་འོད་གསལ་ངོ་བོ་ཉིད། །ལམ་དུས་ཟག་མེད་བདེ་སྟོང་རྣལ་འབྱོར་གྱིས། །བྲལ་འབྲས་དག་པ་གཉིས་ཀྱི་མཐར་ཐུག་པ། །སྤངས་པ་ཆེན་པོ་དེ༴
།སྒྱུ་མ་རྨི་ལམ་པྲ་ཕབ་བརྒྱད་བཞིན་དུ། །ཇི་སྙེད་ཤེས་བྱ་རྟོག་བྲལ་མ་འཁྲུལ་གཟིགས། །ཆོས་ཅན་ཇི་ལྟ་བ་ཉིད་མངོན་གྱུར་པའི། །རྟོགས་པ་ཆེན་པོ་དེ་ལ༴
།ནམ་མཁའ་ཇི་སྲིད་འགྲོ་བ་མ་ལུས་པའི། །དོན་རྣམས་འབད་མེད་ལྷུན་གྱིས་གྲུབ་པ་ཡི། །དམིགས་མེད་ཐུགས་རྗེ་ཆད་པ་མེད་པར་འཇུག །སེམས་དཔའ་ཆེན་པོ་དེ་ལ༴
།ས་ཆུ་མེ་རླུང་ནམ་མཁའ་ཉི་ཟླ་དང་། །རྣམ་པར་ཤེས་པ་སྒྲིབ་བྲལ་དག་པ་ཡི། །མཐའ་ཡས་སྟོབས་དང་ནམ་ཡང་སྐྱོན་མེད་སོགས། ཡོན་ཏན་བརྒྱད་ལྡན་དེ་ལ༴
།རྟག་པ་དང་ནི་མི་གདུང་རབ་ཏུ་བསིལ། །གཅིག་པུར་འགྱུར་མེད་བདེ་ལྡན་དྲི་མ་མེད། །དགའ་དང་རྟག་ཏུ་མཉམ་འཇོག་ཡིད་དང་བ། །རོ་མྱང་བརྒྱད་དང་ལྡན་ལ༴
།བསམ་གྱིས་མི་ཁྱབ་སྐུ་གསུང་ཐུགས་ལྡན་ཅིང་། །རྫུ་འཕྲུལ་མཐའ་ཡས་གནས་སྐབས་ཀུན་ཏུ་ཁྱབ། །གནས་གྱུར་དོན་སྒྲུབ་བྱང་ཆུབ་སྐྱེད་མཛད་པ། །དབང་ཕྱུག་བརྒྱད་དང་ལྡན་ལ༴
།ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་བ་ཆེ། །རང་བཞིན་མ་མཆིས་སྙིང་རྗེས་ཡོངས་སུ་གང་། །སྐུ་དང་ཡེ་ཤེས་མི་འཆད་མི་འགོགས་པའི། །ཡན་ལག་བདུན་དང་ལྡན་ལ༴
།གཟུགས་ཕྲ་རེག་པ་ཡང་ཞིང་ཀུན་ཏུ་ཁྱབ། །ཡང་དག་ཐོབ་བརྙེས་རབ་གསལ་བརྟེན་དང་ལྡན། །དབང་ཕྱུག་ཆེན་པོ་འདོད་རྒུར་སྒྱུར་བར་མཛད། །ཁྱད་འཕགས་བརྒྱད་ལྡན་དེ་ལ༴
།རང་བཞིན་མེད་ཅིང་རང་རིག་འཕེལ་བ་དང་། །འགྲིབས་པ་མ་མཆིས་རྣམ་པར་མི་རྟོག་པར། །དངོས་པོ་ཀུན་གྱི་གཟུགས་བརྙེན་སྣང་བ་ཡི། །ཟབ་པའི་ཡེ་ཤེས་ལྡན་ལ༴
།བསོད་ནམས་ཡེ་ཤེས་དེ་ཡི་སྤྱོད་ཡུལ་སྣང་། །ཆོས་ཀུན་ལ་དམིགས་ཐམས་ཅད་རྣམ་པས་འཇུག །ཀུན་ནས་ཐམས་ཅད་དོན་སྤྱོད་ཕྲིན་ལས་ཏེ། །རྒྱ་ཆེའི་ཡེ་ཤེས་རྫོགས་ལ༴
།ཡུལ་དང་དུས་ལ་ཉེ་རིང་མ་མཆིས་ཤིང་། །ངོ་བོ་དབྱེར་མེད་དེ་ཉིད་ཐ་མི་དད། །ཆོས་ཀུན་མི་རྟོག་མཉམ་པ་ཉིད་གཟིགས་པས། །ཁྱབ་པའི་ཡེ་ཤེས་བརྙེས་ལ༴
རྒྱུན་མི་ཆད་ཅིང་འགོག་པའི་ཆོས་མི་མངའ། །ཕྲ་རབ་རྡུལ་དང་འགྱུར་པ་གཏན་ནས་སྤངས། །རྒྱལ་སྲས་ཀྱིས་ཀྱང་བསམ་པའི་ཡུལ་ལས་འདས། །རྟག་པའི་ཡེ་ཤེས་ལྡན་ལ༴
།ཁ་སྦྱོར་སྐུ་དང་འགྱུར་མེད་བདེ་བའི་ཐུགས། །རྣམ་པ་སྙིང་རྗེ་རྟོག་པའི་ཉེ་སྦྱོར་ཐིམ། །རླུང་འགག་ཞུ་བདེ་མངོན་གྱུར་བྱང་ཆུབ་སེམས། །མི་འགྱུར་བདེ་བ་རྫོགས་ལ༴
།སྟོང་ཉིད་ལས་སྐྱེས་ལས་སྣང་སྡུག་བསྔལ་འགོགས། །གར་ཡང་ཕྱིན་ཅིང་གཡོ་མེད་རླུང་སེམས་གཟུགས། །ཤེས་བྱ་མི་འགལ་མཚན་དཔེ་རྫོགས་པའི་སྐུ། །རང་འདྲའི་སྤྲིན་ཕུང་འཕྲོ་ལ༴
།གཉིས་ཀ་མ་ཡིན་མི་རྟོག་ཆོས་ཀུན་གྱི། །རང་བཞིན་ལ་བཞུགས་དག་པ་རབ་འབྱམས་སྣང་། །ཀུན་ཏུ་དོན་མཛད་གོ་འཕང་མི་གཡོ་བ། །ཟུང་འཇུག་ཡན་ལག་རྫོགས་ལ༴
།ཡེ་ཤེས་གཅིག་གིས་ཆོས་ཀུན་སྒྲིབ་མེད་གཟིགས། །ཤེས་བྱ་མཉམ་ཉིད་ཇི་སྙེད་མ་འདྲེས་རྟོག །གདུལ་བྱ་འདུལ་མཁྱེན་ཀུན་ལ་རྣམ་མི་རྟོག །ཡེ་ཤེས་ལྔ་དང་ལྡན་ལ༴
།སྟོབས་བཅུ་མི་འཇིགས་བཞི་དང་མ་འདྲེས་ཆོས། །བཅོ་བརྒྱད་སྐྱེ་ལ་ཐུགས་རྗེ་ཆེན་པོ་མངའ། །ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་སོགས། །ཆོས་སྐུའི་ཡོན་ཏན་རྫོགས་ལ༴
།མཚན་བཟང་སོ་གཉིས་དཔེ་བྱད་བརྒྱད་ཅུ་དང་། །གསུང་དབྱངས་ཡན་ལག་དྲུག་ཅུ་ལ་སོགས་པ། །གཞན་དོན་གཟུགས་སྐུ་རྣམ་པ་གཉིས་པོ་ཡི། །ཡོན་ཏན་འབྱུང་གནས་དེ་ལ༴
།རྩོལ་མེད་ལྷུན་གྲུབ་རྒྱུན་གྱིས་རྟག་པ་ཡིས། །འགྲོ་ཀུན་ལམ་སྟེགས་ལ་འགོད་ལམ་དུ་གཞུག །ངེས་ལེགས་མཐར་ཕྱིན་མཛད་པའི་ཕྲིན་ལས་ནི། །གང་འདུལ་མཁའ་དང་མཉམ་ལ་གསོལ་བ་འདེབས།
།བདག་ཀྱང་སྲིད་ཞིའི་མཐའ་ལ་མི་གནས་པར། །སྐུ་བཞིའི་དབང་ཕྱུག་དངོས་ཀུན་ཁྱབ་པའི་བདག །ཟུང་འཇུག་རྡོ་རྗེ་འཆང་དབང་མྱུར་འགྲུབ་ནས། །མི་ཟད་རྒྱན་གྱི་འཁོར་ལོར་རྟག་སྤྱོད་ཤོག
Niguma
༈ ཡེ་ཤེས་ཌཱ་ཀི་ནི་གུ་མ་ལ་གསོལ་བ་འདེབས་པ་ཡེ་ཤེས་སྒྲ་དབྱངས་ཞེས་བྱ་བ།
རྡོ་རྗེ་བཙུན་མོ་རྒྱལ་བ་ཀུན་གྱི་ཡུམ། །སྨུག་ནག་རུས་པའི་རྒྱན་ཅན་མཁའ་ལ་སྤྱོད། །སྐལ་ལྡན་རྣམས་ལ་མཆོག་གི་དངོས་གྲུབ་སྟེར། །རྗེ་བཙུན་ནི་གུ་མ་ལ་གསོལ་བ་འདེབས།
།ཉི་མ་གུང་པའི་བྱིན་རླབས་ལས་སྤྲུལ་པའི། །ངོ་མཚར་ས་གཞི་ཀ་སྨཱི་ར་ཡི་ལྗོངས། །ཛམྦུའི་གླིང་ན་དཔེ་མེད་རབ་གྲགས་པའི། །གྲོང་ཁྱེར་མཆོག་ཏུ་འཁྲུངས་ལ༴
།རྣམ་དག་བྲམ་ཟེ་ཞི་བའི་གོ་ཆ་ཡི། །རིགས་ཀྱི་ཐིག་ལེར་ནཱ་རོ་ཏ་པ་དང་། །ཡེ་ཤེས་མཁའ་འགྲོ་དྲལ་དང་ལྕམ་མོའི་ཚུལ། །ཉི་ཟླ་ཟུང་འབྲེལ་སྨིན་ལ༴
།རྣམ་ཀུན་མཆོག་ལྡན་སྟོང་པ་ཉིད་ཀྱི་དངོས། །རྒྱལ་ཀུན་སྐྱེད་པའི་གཟུགས་སུ་སྣང་བ་མོ། །སྲིད་པའི་ཚུལ་དུ་རྣམ་པར་འཁྲུལ་པར་ཡང་། །སྲེད་ལེན་མཚམས་སྦྱོར་སྤངས་ལ༴
།གྲངས་མེད་གོང་ནས་ས་དང་ལམ་རྣམས་ཀྱི། །ཕ་རོལ་སོན་པས་རྟེན་འདིར་རང་བྱུང་གི། །གྲུབ་པའི་རྣམ་ཐར་བསམ་མི་ཁྱབ་པ་བརྙེས། །ལྷན་སྐྱེས་མཁའ་འགྲོ་མ་ལ༴
།སྦྱངས་པའི་ངལ་བ་ཆེད་དུ་མ་བརྟེན་པར། །གྲུབ་པའི་དབང་ཕྱུག་དག་གི་གསུང་སྒྲོས་ཙམ། །སྙན་ལ་སེམས་པས་ཆོས་ཀུན་ཁོང་དུ་ཚུད། །རང་གྲོལ་བདེ་བ་ཆེ་ལ༴
།རྒྱུད་དང་གདམས་པའི་ཟབ་དོན་ཕྲ་མོ་ཡིས། །གཅིག་ཤེས་ཀུན་གྲོལ་མཁྱེན་གཉིས་རྩལ་ཁ་རྒྱས། །ཆོས་ཉིད་བདེན་པ་སྒྲིབ་བྲལ་མངོན་སུམ་གཟིགས། །དཔལ་ལྡན་གྲུབ་པ་མོ་ལ༴
།སྟོང་པའི་མཁའ་ལ་ཡིད་མིག་རླུང་བཅིངས་པས། །དྷཱུ་ཏིར་དཔྱིད་ཀྱི་སྒྲུབ་བྱེད་གཟུགས་མཐོང་སྟེ། །དུ་སོགས་རྡོ་རྗེའི་གཟུགས་བརྙན་གཅིག་ཆར་བསྐྱེད། །བསྙེན་པའི་ཡན་ལག་རྫོགས་ལ༴
།སྲོག་རྩོལ་མུན་ཅན་ལྟོ་བར་འགགས་ཤིང་འབབས། །འཁོར་ལོ་དྲུག་ཏུ་སྲོག་ཐུར་མཉམ་སྦྱོར་བས། །འབྱུང་བ་དྲུག་གི་ཉི་ཟླའི་འགྲོད་པ་འགགས། །ཉེར་སྒྲུབ་ཡན་ལག་རྫོགས་ལ༴
།རྒྱ་གསུམ་ལས་འདས་དཔེ་བྲལ་ཕྱག་རྒྱ་ཆེས། །མི་འགྱུར་ལྷན་ཅིག་སྐྱེས་བདེ་རང་འོད་ཀྱི། །རྣམ་བཅུའི་སྒྱུ་ལུས་དབང་པོ་ཐམས་ཅད་པ། །སྒྲུབ་པའི་ཡན་ལག་རྫོགས་ལ༴
།ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་འགགས་པས། །དེ་སྙེད་མི་འགྱུར་བདེ་ཐོབ་གཙུག་ཏོར་དུ། །བྱང་སེམས་བརྟན་ལས་ས་རྣམས་ཡུད་ཀྱིས་བགྲོད། །སྒྲུབ་ཆེན་ཡན་ལག་རྫོགས་ལ༴
།ཉེ་རྒྱུའི་སྤྱོད་པས་དགྱེས་རྒུར་རོལ་མཛད་པས། །རྡོ་རྗེ་འཆང་གིས་རྗེས་བཟུང་དངོས་ཉིད་དང་། །སྐལ་པ་མཉམ་ཡང་སློབ་པའི་ཟུང་འཇུག་སྐུས། །མཁའ་ཁྱབ་འགྲོ་དོན་མཛད་ལ༴
།ཆོས་རྣམས་ཐམས་ཅད་སྒྲིབ་མེད་མངོན་སུམ་གྱུར། །ཏིང་འཛིན་སྒོ་མོ་བྱེ་སྙེད་བསམ་ཡས་ཐོབ། །རྒྱལ་ཀུན་གསང་བའི་མཛོད་ལ་རང་དབང་སྒྱུར། །རྒྱལ་བ་ཀུན་ཡུམ་ཁྱེད་ལ༴
།སྟོང་ཉིད་སྙིང་རྗེ་དབྱེར་མེད་བདེ་ཆེན་སྐུ། །བདེ་གཤེགས་སྤྲུལ་པ་ཐུན་མོང་མཆོག་གི་བདག །ས་བཅུའི་དབང་ཕྱུག་འགྲོ་བ་འདྲེན་པའི་དཔལ། །རུས་པའི་རྒྱན་ཅན་དེ་ལ༴
།འཁོར་བར་འཁྱམས་པའི་མ་རྒན་སེམས་ཅན་རྣམས། །གཏིང་མཐའ་མེད་པ་སྡུག་བསྔལ་རྒྱ་མཚོ་ནས། །ཟག་མེད་བདེ་བ་རྒྱས་པའི་ཞིང་ཁམས་སུ། །དམིགས་མེད་ཐུགས་རྗེ་ཆེན་པོས་དྲང་དུ་གསོལ།
།ལམ་ཞུགས་སྐལ་ལྡན་བརྩེ་བས་རྗེས་བཟུང་ལ། །འགལ་རྐྱེན་བགེགས་དང་བར་ཆད་ཀུན་ཞི་ཞིང་། །ཉམས་དང་རྟོགས་པ་གོང་དུ་འཕེལ་བ་དང་། །ལམ་ལྔ་ས་བཅུ་མཐར་ཕྱིན་བྱིན་གྱིས་རློབས།
Sukhasiddhi
༈ ཡེ་ཤེས་ཌཱ་ཀི་སུ་ཁ་སིདྡྷི་ལ་གསོལ་བ་འདེབས་པ་བདེ་ཆེན་སྒྲ་དབྱངས་ཞེས་བྱ་བ།
ཟག་མེད་ལྷན་ཅིག་སྐྱེས་པའི་བདེ་སྟེར་མ། །བཅུ་དྲུག་ལང་ཚོས་གང་བའི་གཟི་མདངས་ཅན། །གནས་གསུམ་མཁའ་འགྲོ་ཡོངས་ཀྱི་ཚོགས་རྗེ་མོ། །བདེ་བའི་དངོས་གྲུབ་ཞབས་ལ་གསོལ་བ་འདེབས།
།ཁ་ཆེའི་ཡུལ་དུ་ཁྱིམ་བདག་དབུལ་པོ་ཡི། །ཚུལ་དུ་བསྟན་ནས་ལམ་གྱི་རྟོགས་པ་སྦྱོང་། །དད་དང་སྙིང་རྗེ་ཆེན་པོའི་རྩལ་རྫོགས་པས། ཆགས་མེད་སྦྱིན་པར་བརྩོན་ལ༴
།བསྐལ་པ་གངྒའི་བྱེ་སྙེད་སྔ་རོལ་ནས། །བསོད་ནམས་ཡེ་ཤེས་ཚོགས་ཆེན་མཐར་ཕྱིན་པའི། །སྦྱངས་པ་མངོན་གྱུར་ལས་འཕྲོ་སད་པའི་རྐྱེན། ཁྱིམ་གྱིས་ཐུགས་དབྱུང་གྱུར་ལ༴
།གསང་ཆེན་འབྱུང་གནས་ནུབ་ཕྱོགས་ཨོ་རྒྱན་ཡུལ། །ཕོ་སྐྱེས་དཔའ་བོ་མོ་སྐྱེས་དཔའ་མོ་ཡི། །འདུ་བའི་དབུས་སུ་ཕེབས་པ་ཙམ་གྱིས་ནི། རིགས་ཀྱི་ནུས་པ་སད་ལ༴
།རོ་ལྡན་ཆང་ཚོང་སྤྱོད་པའི་སྒྱུ་ཐབས་སྟོན། །འབྲས་ཆང་ཉེས་བསིང་རྣལ་འབྱོར་མ་ལ་བསྐུར། །ཨ་བ་དྷུ་ཏི་ནགས་ཁྲོད་སྤྱོད་པ་དང་། །དད་པས་ཉེ་མཚམས་སྦྱར་ལ༴
།རྗེ་བཙུན་བེ་རཱུ་པ་ཡིས་རྗེས་སུ་བཟུང་། །གསང་སྒྲུབ་བཞི་རྫོགས་དབང་བསྐུར་སྐད་ཅིག་ལ། །དྲུག་ཅུ་རྩ་གཅིག་ལོན་པའི་རྣམ་སྨིན་ལུས། །བཅུ་དྲུག་ན་ཚོད་གྱུར་ལ༴
།ནང་གི་ལམ་ནས་རྡོ་རྗེའི་ས་ཆེན་རྣམས། །ཡུད་ཙམ་གཅིག་ལ་མངོན་ཏུ་བགྲོད་མཛད་ནས། །ཟག་མེད་འཇའ་ལུས་རྡོ་རྗེའི་སྐུ་རུ་བཞེངས། །མཁའ་སྤྱོད་དབང་ཕྱུག་མ་ལ༴
།ལྷན་ཅིག་སྐྱེས་དངོས་རྡོ་རྗེ་བདག་མེད་མར། །དངོས་སུ་གྱུར་ནས་འཁོར་བ་ཇི་སྲིད་བཞུགས། །ཁམས་གསུམ་འགྲོ་ལ་གཟིགས་པ་དུས་དྲུག་འཇུག །བཅོམ་ལྡན་འདས་མ་ཁྱོད་ལ༴
།གསོལ་བ་འདེབས་ལ་དངོས་སུ་བྱིན་རློབས་ཤིང་། །བརྒྱུད་འཛིན་བུ་རྣམས་འབྲལ་མེད་ཐུགས་རྗེས་བཟུང་། །མཆོག་ཐུན་དངོས་གྲུབ་ལོ་ཟླ་ཙམ་གྱིས་སྟེར། །ཐུགས་རྗེ་ཆེ་མངའ་ཁྱོད་ལ༴
།ཤེས་རབ་ཕར་ཕྱིན་རྡོ་རྗེ་རྣལ་འབྱོར་མ། །འགྲོ་བའི་དོན་དུ་གཟུགས་ཀྱི་སྐུར་སྣང་བས། །ལྟ་བས་མི་ངོམས་མཛེས་སྐུའི་མེ་ཏོག་ནི། །མཚན་དཔེའི་ཟེའུ་འབྲུ་ཆགས་ལ༴
།སྟོང་ཉིད་རང་བཞིན་ཆོས་སྒོ་མཐའ་ཡས་རྣམས། །འགྲོ་བའི་བསམ་པ་ཇི་བཞིན་སྟོན་པའི་གསུང་། །གཞོམ་མེད་སྒྲ་སྙན་རྣམ་པ་ཐམས་ཅད་པ། །ཚངས་དབྱངས་དྲུག་ཅུ་ལྡན་ལ༴
།བདེ་སྟོང་དབྱེར་མེད་ནམ་མཁའི་རྡོ་རྗེའི་དངོས། །བརྟན་གཡོ་ཀུན་ཁྱབ་ལྷན་སྐྱེས་ཟག་པ་མེད། །འོད་གསལ་ཕྱག་རྒྱ་ཆེན་པོའི་ཐུགས་མཆོག་ནི། །ཆོས་ཀུན་འབྱུང་གནས་གྱུར་ལ༴
།བྲལ་སྨིན་ཡོན་ཏན་བྱ་བའི་བདག་ཉིད་ཅན། །བསམ་གྱིས་མི་ཁྱབ་རྣམ་པར་ཐར་པ་འཆང་། །མཚན་ཙམ་ཐོས་པས་ཟག་མེད་བདེ་སྟེར་མ། །ཡིད་བཞིན་ནོར་མཆོག་དེ་ལ༴
།རྒྱལ་བ་སེམས་དཔའ་ཀུན་དང་བདེ་སྦྱོར་མཛད། །འབྱུང་བཞིས་གར་ཁྱབ་དེ་སྙེད་རྣམ་པར་འཕྲུལ། །བུམ་བཟང་ནོར་བུ་དཔག་བསམ་ཤིང་བཞིན་དུ། །ཕྲིན་ལས་ལྷུན་གྱིས་གྲུབ་ལ༴
།ཐུགས་རྗེ་ཉེ་རིང་མི་མངའ་ཀུན་ལ་སྙོམས། །སྐལ་པ་ལྡན་རྣམས་མཁའ་སྤྱོད་ལམ་སྣ་འདྲེན། །བྱམས་པའི་བཞིན་རས་སྙིང་རྗེའི་འཛུམ་བག་ཅན། །སྐྱེ་དགུའི་གཉེན་གཅིག་མ་ལ་གསོལ་བ་འདེབས།
།བརྒྱུད་འཛིན་གསོལ་བ་འདེབས་པའི་བུ་རྣམས་ལ། །བརྩེ་བའི་ཞལ་སྟོན་དགྱེས་པའི་ལུང་མཆོག་སྩོལ། །རྡོ་རྗེའི་ཡེ་ཤེས་ཆེན་པོའི་དབང་སྐུར་ལ། །ཉིད་དང་དབྱེ་བ་མེད་པར་བྱིན་གྱིས་རློབས།
Maitripa
༈ མངའ་བདག་མཻ་ཏྲི་པ་ཆེན་པོ་ལ་གསོལ་བ་འདེབས་པ་བྱམས་པའི་སྒྲ་དབྱངས་ཞེས་བྱ་བ།
ཆེ་བའི་ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །སྙན་པའི་གྲགས་པས་འཕགས་བོད་ཀུན་དུ་ཁྱབ། །ཕྱགརྒྱ་ཆེ་བརྙེས་ཇོ་བོ་མཻ་ཏྲི་པ། །གཉིས་མེད་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས།
།བྲམ་ཟེའི་རིགས་ལས་མུ་སྟེགས་པཎྜི་ཏ། །ནཱ་རོ་ཏཱ་པ་མཇལ་ཏེ་ནང་པར་གྱུར། །དབང་དང་གདམས་ངག་ཅི་རིགས་གསན་པ་ཡིས། །སྔོན་སྦྱངས་ལས་འཕྲོ་སད་ལ༴
།ན་ལེནྜ་རུ་བསྟན་ལ་རབ་ཏུ་བྱུང་། །རྩོད་དུས་ཀུན་མཁྱེན་རིན་འབྱུང་ཞི་བ་སོགས། །མཁས་གྲུབ་མང་བསྟེན་རྩོད་བྲལ་པཎ་ཆེན་དུ། །གྲགས་པའི་བ་དན་བསྒྲེངས་ལ༴
།རྣམ་གནོན་ཚུལ་གྱི་གཙུག་ལག་ཁང་དུ་བཞུགས། །བཤད་སྒྲུབ་སྤེལ་མར་མཛད་ཚེ་རྒྱལ་བའི་ཡུམ། །རྡོ་རྗེ་རྣལ་འབྱོར་མ་ཡིས་ཞལ་གཟིགས་ཤིང་། །ལུང་བསྟན་བྱིན་གྱིས་བརླབས་ལ༴
།ཏིང་འཛིན་གྲོགས་སུ་འགྲོ་བའི་དུས་མཁྱེན་ནས། །ནང་གི་ཀུན་སྤྱོད་གསང་ཞིང་སྤྱད་པ་ལ། །གླགས་ལྟའི་སྣང་ངོ་ཆང་དང་བུད་མེད་དག །འོ་མ་དྲིལ་བུར་བསྒྱུར་ལ༴
།དགེ་འདུན་རྣམས་ཀྱིས་གནས་ནས་དབྱུང་བའི་ཚེ། །ཆུ་བོ་གངྒཱར་ལྤགས་གདན་བཏིང་ནས་བཞུད། །གཞན་ཡང་ཐུན་མོང་ཐུན་མོང་མ་ཡིན་པའི། །ནུས་པ་དཔག་མེད་བརྙེས་ལ༴
།ད་རུང་དེ་ཁོ་ན་ཉིད་མ་རྟོགས་པས། ཡི་དམ་ལུང་བཞིན་དཔལ་གྱི་རི་བོའི་ངོགས། །རྒྱལ་བུ་ས་ཀ་ར་དང་ལྷན་ཅིག་ཏུ། །གྲུབ་བརྙེས་བླ་མ་ཚོལ་ལ༴
།ངལ་དུབ་ཐང་ཆད་ཉོན་མོངས་ཉམ་ཐག་ཀྱང་། །ཡིད་ཀྱི་རེ་བ་རྫོགས་པར་མ་གྱུར་ནས། །ཟླ་བ་དྲུག་ཏུ་རྩེ་གཅིག་གསོལ་བཏབ་པས། །འདོད་པའི་དོན་གྲུབ་གྱུར་ལ༴
།བཙུན་མོ་ཟུང་གིས་ཞབས་བརྟེན་རི་ཁྲོད་མགོན། །མངོན་སུམ་མཇལ་ནས་ཟབ་མོའི་བརྡའ་བསྟན་ཅིང་། །དབང་དང་གདམས་པས་རྗེས་བཟུང་གནས་ལུགས་དོན། །འཆད་པར་རྗེས་སུ་གནང་ལ༴
།དོན་དམ་ཇི་བཞིན་གཟིགས་པའི་ཡེ་ཤེས་སྐྱེས། །དཔའ་བོ་མཁའ་འགྲོ་མཐའ་ཡས་གཙོ་བོར་གྱུར། །དབུས་འགྱུར་འཆང་དུ་ཡིད་ལ་མི་བྱེད་པ། །རྒྱ་ཆེར་འཆད་ཅིང་སྤེལ་ལ༴
།བསིལ་བ་ཚལ་དུ་གྲོང་འཇུག་རོལ་རྩེད་སྒྱུར། །ནག་པོ་ཆེན་པོས་བཞེད་པ་མཐའ་དག་སྒྲུབ། །ལྟ་སྟངས་གྲུབ་ཅིང་སྐུ་ལུས་སྣ་ཚོགས་སྤྲུལ། །བས་མཐའ་ནགས་ཁྲོད་འཛིན་ལ༴
།གངྒཱ་དྷ་རི་རཏྣ་དི་བཱི་དང་། །སློབ་དཔོན་ཆེ་བཞི་ལ་སོགས་རྒྱ་བོད་ཀྱི། །གདུལ་བྱ་སྐལ་ལྡན་དུ་མ་སྨིན་མཛད་ནས། །ཟག་མེད་དབྱིངས་སུ་གཤེགས་ལ༴
།བར་དོར་ཕྱག་རྒྱ་ཆེན་པོ་མཆོག་གྲུབ་ཅིང་། །ཡེ་ཤེས་སྐུ་མཆོག་མཁའ་ཁྱབ་ཉིད་དུ་བཞུགས། །བྱང་ཕྱོགས་རྒྱུད་དུ་སྙིང་པོའི་ཕྲིན་ལས་རྒྱུན། །ཐུབ་བསྟན་ཇི་སྲིད་འབབས་ལ༴
།མངའ་བདག་རྒྱལ་སྲས་མཻ་ཏྲི་གུཔྟ་ཡིས། །མོས་པའི་བུ་ལ་ཐུགས་རྗེས་བརྩེར་དགོངས་ཏེ། །བསམ་གྱིས་མི་ཁྱབ་ལྷན་སྐྱེས་ཕྱག་རྒྱ་ཆེ། །གཉུག་མའི་དེ་ཉིད་རྟོགས་པར་བྱིན་གྱིས་རློབས།
Dorjé Denpa
༈ དཔལ་རྡོ་རྗེ་གདན་པ་ཆེན་པོ་ལ་གསོལ་བ་འདེབས་པ་རང་བྱུང་སྒྲ་དབྱངས་ཞེས་བྱ་བ།
ཉི་མ་ལྟ་བུ་འགྲོ་བློའི་མུན་པ་སེལ། །ཟླ་བ་ལྟ་བུ་མཁྱེན་བརྩེའི་དཀྱིལ་འཁོར་རྒྱས། །ཐུབ་བསྟན་མངའ་བདག་རྡོ་རྗེ་གདན་པ་ཆེ། །བསོད་ནམས་འབྱུང་གནས་ཞབས་ལ༴
།སྟོབས་འབྱོར་ཕུལ་བྱུང་འཕགས་ཡུལ་མ་ལ་བར། །མི་དགེའི་ལས་དང་ངང་གིས་མི་འགྲོགས་ཤིང་། །གཙང་སྦྲའི་ཀུན་སྤྱོད་ལྷུར་ལེན་བྲམ་ཟེའི་ཁྱིམ། །བྱིན་རླབས་དགེ་མཚན་ཤར་ལ༴
།བསྟན་པའི་དཔལ་དུ་བསམ་བཞིན་སྲིད་པ་བཟུང་། །རིགས་གཟུགས་ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ། །མ་ཆགས་སྐྱེ་བས་ཐོབ་པའི་བློ་གྲོས་ནི། །དོན་གཉིས་སྒྲུབ་པར་ཕྱོགས་ལ༴
།སྲིད་པའི་བདེ་འབྱོར་རྨི་ལམ་ལྟར་གཟིགས་ནས། །ངེས་འབྱུང་བློ་ཤུགས་དུས་མཐའི་མེ་ལྟར་འབར། །ན་ལནྜ་རུ་བསྟན་ལ་རབ་ཏུ་བྱུང་། །ལེགས་པའི་དོན་ཀུན་གྲུབ་ལ༴
།སྔོན་སྦྱངས་སྟོབས་ཀྱིས་རང་བཞིན་ཉེས་པའི་དྲི། །གཏན་ནས་བྲལ་བས་བཅས་པའི་ལྟུང་བ་དང་། །རྨི་ལམ་དུ་ཡང་འགྲོགས་པར་མི་མཛད་པ། །དོན་གྱི་དགྲ་བཅོམ་ཆེན་པོར༴
།འཕགས་ཡུལ་ཤར་ནུབ་དབུས་ཀྱི་པཎྜིཏ། །གྲུབ་པ་རྣལ་འབྱོར་ཚོགས་ཀྱི་ཐུགས་བཅུད་བཞེས། །ཐོས་པའི་རྒྱ་མཚོར་རྣམ་དཔྱོད་ནོར་བུས་གཏམས། །དགོས་དགུའི་འབྱུང་གནས་གྱུར་ལ༴
།བཅུ་ཕྲག་རིག་པའི་གནས་ལ་འགྲན་ཟླ་བྲལ། །ཁྱད་པར་གསང་སྔགས་ཕྱི་ནང་ཆོས་ཚུལ་ལ། །ཆགས་ཐོགས་ཀུན་སྤངས་ཐམས་ཅད་གཟིགས་པ་བརྙེས། །མཁྱེན་རབ་དབང་ཕྱུག་ཁྱེད་ལ༴
།སྐལ་བཟང་བྱེ་བས་ཕ་ཕོག་ཐོབ་གྱུར་ཀྱང་། །གཏིང་མཐའ་མི་མངོན་གདམས་ངག་ནོར་བུའི་མཛོད། །མཁས་གྲུབ་ཀླུ་དབང་ཀུན་ལས་བསྡུས་པ་བཞིན། །གཞན་ཕྱིར་འཛིན་པར་མཛད་ལ༴
།སྐལ་བཟང་རྒྱལ་བའི་འབྱུང་གནས་མ་ག་དྷར། །ཐུབ་བསྟན་འཛིན་མཛད་རིག་གྲོལ་སྤོབས་པ་ཅན། །རྒྱུ་སྐར་དབུས་སུ་ཟླ་བའི་དཀྱིལ་འཁོར་བཞིན། །ཚོགས་ཀྱི་འདྲེན་པར་གྱུར་ལ༴
།སྙིང་པོ་བྱང་ཆུབ་ཆེན་པོའི་སེངྒེའི་ཁྲིར། །འཇིགས་མེད་ཆོས་ཀྱི་དབང་ཕྱུག་གོ་འཕང་བརྙེས། །རྒྱལ་བས་ལུང་བསྟན་རྡོ་རྗེ་གདན་པ་ཞེས། །གྲགས་པས་འཇིག་རྟེན་ཁྱབ་ལ༴
།རྒྱལ་བ་སྲས་དང་བཅས་པའི་བགྲོད་གཅིག་ལམ། །བྱང་ཆུབ་ཐུགས་མཆོག་ལྷུན་པོ་ལྟར་བརྟན་ཅིང་། བསིལ་ཟེར་བཞིན་དུ་ཕྱོགས་རིས་མེད་ཁྱབ་པས། །རྒྱལ་སྲས་ཐུ་བོར་གྱུར་ལ༴
།རིན་ཆེན་རྒྱ་མཚོ་ལ་སོགས་ཐུན་མིན་དང་། །ཐུན་མོང་གསང་བའི་མཛོད་ལ་མངའ་བརྙེས་པས། གྲུབ་གཉིས་ནོར་བུའི་དཔལ་ལ་རང་དབང་སྒྱུར། །རྡོ་རྗེ་འཛིན་རྒྱལ་ཁྱེད་ལ༴
།མཉམ་མེད་བྱང་ཆུབ་སེམས་ཀྱི་ཕྲིན་ལས་ཀྱིས། །ཕྱོགས་རིས་མེད་པའི་གདུལ་བྱ་ཡོངས་སུ་འདུལ། །བཞུགས་ཡུལ་སྣོད་བཅུད་ཤིན་ཏུ་བཀྲ་ཤིས་མཛད། །མཐོང་ཐོས་དད་པའི་ས་ལ་བཀོད་པ་ཡི། །འབྲེལ་ཚད་དོན་དང་ལྡན་ལ༴
།ཐུབ་དབང་རྒྱལ་སར་ཐུབ་པའི་མཛད་པ་སྐྱོང་། འཕགས་བོད་མཁས་གྲུབ་ཀུན་གྱི་གཙུག་གི་རྒྱན། །འཇིག་རྟེན་ལྷ་དང་བཅས་པས་ཕྱག་བྱས་པ། །མི་ཡི་སེངྒེ་ཁྱོད་ལ༴
།བདག་ཀྱང་ཚུལ་གནས་ཐོས་བསམ་སྒོམ་མཐར་སོན། བྱང་ཆུབ་སེམས་འབྱོངས་འགྲོ་དོན་ཕྱོགས་མེད་འགྲུབ། །ཐུབ་པའི་བསྟན་པ་ཉིན་མོར་བྱེད་ནུས་པ། །སྐྱེས་མཆོག་རྣམས་ཀྱི་རྣམ་ཐར་མྱུར་འགྲུབ་ཤོག
Abhayakara
༈ །འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་ཨཱ་བྷ་ཡཱ་ཀ་ར་གུཔྟ་ལ་གསོལ་བ་འདེབས་པ་ཞི་བའི་སྒྲ་དབྱངས་ཞེས་བྱ་བ།
ཛམྦུའི་གླིང་དུ་ཉི་ཟླ་ལྟ་བུར་གྲགས། །རྡོ་རྗེ་གདན་དུ་སངས་རྒྱས་ཕྲིན་ལས་མཛད། །རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་མཆོག །འཇིགས་མེད་འབྱུང་གནས་ཞབས་ལ་གསོལ་བ་འདེབས།
།ལྷོ་ཕྱོགས་ཛ་ར་ིཁཎྜར་རྒྱལ་རིགས་སུ། །སྐུ་འཁྲུངས་གཞོན་ནུའི་དུས་ནས་སྒྲ་ཚད་དང་། །རིག་བྱེད་ཡན་ལག་དང་བཅས་མུར་འདུག་གི །རྒྱུད་གཞུང་ཕ་རོལ་སོན་ལ༴
།སྐྱེད་མོས་ཚལ་དུ་རྡོ་རྗེ་རྣལ་འབྱོར་མ། །མཛེས་མའི་གཟུགས་ཀྱིས་བསྐུལ་ཏེ་བྷངྒ་ལར། །བྱོན་ནས་མདོ་སྔགས་ཀུན་ལ་མཁས་པར་སྦྱངས། །སྡེ་སྣོད་འཛིན་པར་གྱུར་ལ༴
།རབ་ཏུ་བྱུང་སྟེ་འདུལ་འཛིན་སློབ་དཔོན་མཛད། །དབང་དང་གདམས་ངག་འཕགས་ཡུལ་ཀུན་ཏུ་བཙལ། །ཆོས་ཚུལ་ཀུན་དང་ཁྱད་པར་སྔགས་རྒྱུད་ལ། །མཁྱེན་རབ་ཤིན་ཏུ་རྒྱས་དེར༴
།དཔལ་ལྡན་སོ་སའི་པ་ཡིས་རྗེས་སུ་བཟུང་། །རྡོ་རྗེ་ཕག་མོས་འཆད་རྩོམ་མཛད་པར་བསྐུལ། །དུར་ཁྲོད་ཀུན་ཏུ་བསྒོམས་པས་ཏིང་འཛིན་བརྙེས། །བྱང་སེམས་ནུས་པ་ཅན༴
།རྒྱུད་ནས་བཤད་པའི་ལས་ཚོགས་རབ་འབྱམས་དང་། །བདེན་སྟོབས་གྲུབ་ཅིང་བརྟག་པའི་རིག་པ་ཡིས། །དབུལ་པོའི་ཐབ་ཀྱི་འོག་ནས་གཏེར་འདོན་སོགས། །ངོ་མཚར་མཐའ་ཡས་སྟོན་ལ༴
།རྡོ་རྗེ་གདན་དང་དཔལ་གྱི་ན་ལེནྡྲ། །ཀྲ་མ་ཤཱི་ལ་རྣམས་སུ་མཁན་པོ་མཛད། །ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐོར་བ་ཡིས། །རིགས་ཅན་གདུལ་བྱ་འདུལ༴
།བརྒྱད་སྟོང་འགྲེལ་པ་རྩོམ་ཚེ་ཕྱོགས་བཅུ་ཡི། །སངས་རྒྱས་རྣམས་ཀྱིས་མགྲིན་གཅིག་ཤིས་པ་བརྗོད། །རྡོར་ཕྲེང་རྩོམ་ཚེ་མེ་ཏོག་ཆར་ཆེན་བབས། །ཕག་མོ་སྐུ་ལ་ཞུགས་དེར༴
།སྙེམ་རྩོམ་ཚེ་ཐོག་མཐའ་བར་གསུམ་དུ། །བདེ་དགྱེས་དུས་འཁོར་གསུམ་གྱིས་བཀྲ་ཤིས་སྩལ། །དེ་བཞིན་དོན་ལྡན་ལེགས་པར་བཤད་པའི་གཏེར། །བསྟན་བཅོས་མཐའ་ཡས་བརྩམས་ལ༴
།སྲས་བཅས་རྒྱལ་བ་རྣམས་ཀྱི་དགོངས་ཟབ་དོན། །ཕྱིར་རབས་འགྲོ་ལ་ངག་ལོན་བཞག་པ་བཞིན། །ཕྱིན་ཆད་བསྟན་ལ་འབྱུང་བར་དཀའ་བས་ན། །ལུང་བསྟན་དོན་ཡོད་མཛད་ལ༴
།ནུབ་ཕྱོགས་ཡུལ་དུ་གཙུག་ལག་ཁང་བཞེངས་ཚེ། །ལྷུང་བཟེད་ནམ་མཁར་བཟེད་པ་བཟའ་བཏུང་གིས། །གང་ཞིང་མཐུན་རྐྱེན་གནོད་གནས་དབང་པོས་སྦྱར། །བཞེད་རྒུ་བསམ་པས་འགྲུབ་ལ༴
།ཐེག་ཆེན་པ་རྣམས་གཙུག་གི་ནོར་བུ་སྟེ། །ཉན་ཐོས་པས་ཀྱང་འདུལ་འཛིན་ཆེ་ཞེས་བསྔགས། །རྒྱལ་བའི་བསྟན་ལ་དག་ཐེར་ཆེན་མོ་མཛད། །སྙན་གྲགས་ཕྱོགས་བཅུར་ཁྱབ་ལ༴
།མཁྱེན་རབ་ཐུགས་རྗེ་དབང་ཕྱུག་ནུས་པའི་མཐུ། །ཕུན་སུམ་ཚོགས་པས་ཡོངས་རྫོགས་ཐུབ་པའི་བསྟན། །འཛིན་སྐྱོང་སྤེལ་ལ་ཛམ་གླིང་རྒྱན་རྣམས་དང་། །རྣམ་ཐར་མཚུངས་པར་གྱུར་ལ༴
།དུས་སྐབས་དེ་ཡི་རྒྱ་བོད་མཁས་གྲུབ་ཚོགས། །སློབ་མར་གྱུར་སོགས་མཛད་པ་མཐར་ཕྱིན་ནས། །ཞི་བའི་གནས་གཤེགས་བར་དོར་ཕྱག་རྒྱ་ཆེ། །མཆོག་གི་དངོས་གྲུབ་བརྙེས་ལ༴
།གསོལ་བཏབ་དགེ་བས་ཁྱོད་འདྲའི་བཤེས་གཉེན་གྱིས། །སྐྱེ་ཀུན་རྗེས་བཟུང་སྤངས་རྟོགས་ནོར་བུའི་མཛོད། །རང་དབང་སྤྱོད་ནས་ཐུབ་བསྟན་རིན་པོ་ཆེ། །དར་རྒྱས་ཡུན་རིང་གནས་པའི་བྱེད་པོར་ཤོག
Rahula
༈ །གྲུབ་ཆེན་རཱ་ཧུ་ལ་གུཔྟ་བཛྲ་ལ་གསོལ་བ་འདེབས་པ་རིན་ཆེན་སྒྲ་དབྱངས་ཞེས་བྱ་བ།
ཚོགས་གསུམ་རིན་ཆེན་རྡུལ་མང་བརྩེགས་པ་ལས། །ཡོན་ཏན་ལྷུན་པོ་གླིང་བཞིའི་དབུས་ན་མཐོ། །གྲུབ་པ་ལྷ་མཆོག་བྱེ་བས་བསྟན་གྱུར་པ། །སྒྲ་གཅན་འཛིན་སྦས་ཞབས་ལ་གསོལ་བ་འདེབས།
།འཕགས་པའི་ལྷོ་ཕྱོགས་ཨེ་ལ་བྷི་ཤའི་ཡུལ། །རྡོ་རྗེ་མཁའ་འགྲོའི་ས་གཞི་ཁྱད་པར་ཅན། གྲོང་ཁྱེར་བྷི་ར་ཛི་རུ་རྒྱལ་རིགས་ནི། །ས་ལ་ལྟ་བུར་འཁྲུངས་ལ༴
།དེ་ཚེ་འོད་དང་སྒྲ་སྙན་དྲི་བཟང་བཅས། །སྤྲུལ་པའི་ལྷ་བཞིས་ཡེ་ཤེས་སྣང་བ་བསྟན། །ངོ་མཚར་དགེ་བའི་མཚན་མ་ལས་བརྩམས་ཏེ། །དེ་བ་ས་ཏྭར་གྲགས་ལ༴
།དགུང་ལོ་ཉི་ཤུའི་བར་དུ་དམ་ཆོས་སྦྱངས། །ཉེར་གཅིག་དུས་སུ་རྡོ་རྗེ་ཚེར་མ་ཡི། །ཟུག་རྔུས་གདུང་ཚེ་རྣལ་འབྱོར་དབང་ཕྱུག་དང་། །ལྷ་བཞིས་བྱིན་བརླབས་སྔོན་གྱི་ལས་ངན་རྣམས། །བསྙུན་གྱིས་ཟད་ནས་ཚེ་འདིར་མཁའ་སྤྱོད་དུ། །འགྲོ་བའི་ལུང་བསྟན་ཐོབ་ལ༴
།རང་བྱུང་སྒྲོལ་མའི་སྤྱན་སྔར་ཞག་ལྔའི་བར། །སྨྱུང་བར་གནས་ཚེ་ཕ་མས་ལྕགས་སུ་གཅུག །རྡོ་རྗེ་རྣལ་འབྱོར་མ་ཡིས་ལེགས་བཀྲོལ་ནས། །ལུང་བསྟན་བྱིན་གྱིས་བརླབས་ལ༴
།རྣམ་གནོན་ཚུལ་གྱིས་བསྔགས་པའི་གཙུག་ལག་ཏུ། །ཡོངས་རྫོགས་ཐུབ་པའི་བསླབ་གཞི་ལེགས་པར་བླངས། །པཎྜི་ཏ་དང་གྲུབ་ཐོབ་དུ་མ་ལས། །མདོ་རྒྱུད་རྫོགས་པར་གསན་ལ༴
།ཟབ་མོ་སྔགས་ཀྱི་དོན་ལ་མཉམ་གཞག་ཚེ། །བླ་མས་ཨ་བ་དྷཱུ་ཏིའི་སྤྱོད་པ་ལ། །གནས་པར་བསྐུལ་ཡང་མཁས་པའི་བསྙེམས་པ་ཡིས། །རེ་ཞིག་བཤོལ་བས་ཕྱིས་སུ་རྩེ་གཅིག་ཏུ། །བསྒྲུབས་ཀྱང་མ་གྲུབ་གུ་ཎ་ཨཱ་ཀ་རའི། །བཀའ་བཞིན་ལྗགས་དང་ཡན་ལག་སྤུ་གྲི་ཡིས། །བཅད་པའི་མོད་ལ་ལྷ་བཞིས་ཞལ་གཟིགས་ཤིང་། །སྐུ་ལུས་སོར་ཆུད་གྱུར་ལ༴
།སྤྱན་རས་གཟིགས་དབང་རྡོ་རྗེ་རྣལ་འབྱོར་མ། །རྗེ་བཙུན་སྒྲོལ་མ་མྱུར་མཛད་ཡེ་ཤེས་མགོན། །ནམ་བཞེད་དུས་ན་དངོས་སུ་ཆོས་གསུང་ཞིང་། །བྱིན་རླབས་དངོས་གྲུབ་སྩལ་ལ༴
།ཛྙ་ན་སཱ་ག་ར་ཡི་བཀའ་བཞིན་དུ། །ཞག་བདུན་ཆུར་ཕྱིང་སྲིན་བུ་པད་པ་ཡིས། །སྐུ་ཡི་ཁྲག་འཇིབ་གྲོང་ལ་ཉེ་བ་ཡིས། །ལས་སྒྲིབ་རྩད་ནས་ཟད་ལ༴
།གྲུབ་ཐོབ་རྣལ་འབྱོར་རྣམས་ཀྱི་བཀས་བསྐུལ་ཏེ། །རྫུ་འཕྲུལ་མཐུ་ཡིས་གངས་ཅན་ལྗོངས་སུ་ཕེབས། །མཁས་གྲུབ་ཁྱུང་པོའི་སྤྱན་སྔར་ཡ་མཚན་པའི། །ཆོ་འཕྲུལ་ཐོག་དྲངས་བྱིན་རླབས་ལྷ་བཞི་སོགས།
།ཟབ་མོའི་གདམས་ངག་བཀའ་དང་ལག་ལེན་བཅས། །དུ་མ་སྩལ་ཞིང་སྤྲུལ་པའི་དཀྱིལ་འཁོར་དུ། །སྐལ་ལྡན་འགའ་ཞིག་བཅུག་ནས་འཕགས་ཡུལ་དུ། །ཡུད་ཀྱིས་གཤེགས་པར་མཛད་ལ༴
ལྷོ་ཕྱོགས་རབ་བརྟན་རྡོ་རྗེའི་ས་གཞི་རུ། །གཡེངས་སྤངས་སྒྲུབ་པའི་ས་སྡེ་བཙུགས་པ་ཡིས། །ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དང་། །འཆི་མེད་རིག་འཛིན་བརྙེས་ལ༴
།རི་བོ་ནག་པོ་ཞེས་གྲགས་ཤིང་གི་རིའི། །ཁོང་གསེང་ཉིད་དུ་འཇའ་ལུས་རྡོ་རྗེར་བཞུགས། །སྦྱངས་པའི་མཐར་སོན་ངོ་མཚར་རྨད་བྱུང་བ། །གྲུབ་པའི་དབང་ཕྱུག་མཆོག་ལ་གསོལ་བ་འདེབས།
།བདག་ཀྱང་སྒྲིབ་གཉིས་དྲི་མ་ཀུན་ཟད་ནས། །ཡེ་ཤེས་ཉི་མ་ཁོང་ནས་ཤར་བ་ཡིས། །གློ་བུར་མ་རིག་འཁྲུལ་པའི་མུན་ཁང་བཅོམ། །རྡོ་རྗེའི་རིག་འཛིན་ཚེ་འདིར་འགྲུབ་གྱུར་ཅིག
Khyungpo Neljor
༈ །མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་གསོལ་བ་འདེབས་པ་མོས་གུས་ཀྱི་སྒྲ་དབྱངས་ཞེས་བྱ་བ།
དགེ་ལེགས་ཀུན་འབྱུང་ཐུབ་པའི་བསྟན་པ་ལ། །དུས་གསུམ་འགྲན་ཟླ་བྲལ་བའི་མཁས་གྲུབ་ཆེ། །མཐར་ཐུག་ལྔ་ལྡན་ངོ་མཚར་སྤྲུལ་པའི་སྐུ། །ཁྱུང་པོ་རྣལ་འབྱོར་ཞབས་ལ་གསོལ་བ་འདེབས།
།གདོད་ནས་བྱང་ཆུབ་ཆེན་པོ་མངོན་མཛད་ཀྱང་། །ཐུགས་རྗེ་རྒྱུན་མི་འཆད་པས་གདུལ་བྱའི་ངོར། །རྣམ་འཕྲུལ་མཁའ་དང་ཆོས་དབྱིངས་ཁྱབ་པར་སྟོན། །སྐུ་གསུམ་ཡོངས་རྫོགས་ཁྱེད་ལ༴
།བོད་ཡུལ་ས་ཡི་ཐིག་ལེ་དབུ་རུའི་ལྗོངས། །སྙེ་མོའི་གནས་སུ་སྤྲུལ་པའི་མཚན་དཔེ་ཉིད། །གསལ་བའི་མོད་ལ་གྲུབ་ཐོབ་ཨ་མོ་གྷས། །བྱིན་རླབས་ལུང་བསྟན་མཛད་ལ༴
།འདི་ནི་སྤྲུལ་པའི་སྐུ་སྟེ་རྒྱ་གར་བགྲོད། །པཎྜི་ཏ་དང་གྲུབ་ཐོབ་ཐམས་ཅད་ཀྱི། །ཐུགས་བཅུད་བསྡུས་ནས་འགྲོ་རྣམས་སྨིན་གྲོལ་བྱེད། །སྣ་ཚོགས་སྤྲུལ་པས་གདུལ་བྱ་འདུལ་བར་འགྱུར། །ཐེག་ཆེན་སྙིང་པོ་མཐའ་བྲལ་ཆོས་སྒྲ་སྒྲོགས། །མཐར་ཐུག་གསང་སྔགས་བདེ་སྟོང་དབྱེར་མེད་ཀྱི། །སེང་གེའི་ང་རོ་ཕྱོགས་བཅུར་སྒྲོགས་པར་འགྱུར། །དེ་ཡི་ལུས་ནི་བདེ་མཆོག་འཁོར་ལོ་སྟེ། །གསུང་ནི་མ་ཧཱ་མ་ཡའི་བདག་ཉིད་འགྱུར། །ཐུགས་ནི་དཔལ་ལྡན་དགྱེས་པ་རྡོ་རྗེ་སྟེ། །སྤྲུལ་པའི་གནས་མཆོག་གསང་བ་འདུས་པ་ལ། །གསང་གནས་བདེ་སྐྱོང་གཤིན་རྗེ་གཤེད་དུ་འགྱུར། དཀྱིལ་འཁོར་དེ་རྣམས་ལུས་ལ་བཀོད་ནས་ཀྱང་། །གདུལ་བྱ་རྣམས་ལ་དངོས་སུ་སྟོན་པར་བྱེད། །གཞན་ཡང་ཡི་དམ་སྣ་ཚོགས་གཟུགས་བཟུང་ནས། །གདུལ་དཀའི་སྐྱེ་བོ་དཔག་མེད་འདུལ་བར་བྱེད། །ལོ་ནི་བརྒྱ་དང་ལྔ་བཅུ་འཚོ་བར་འགྱུར། །དེ་ཡི་མཐར་ནི་མཛད་པ་བརྟུལ་བའི་ཚེ། །ལྟས་དང་རྫུ་འཕྲུལ་སྣ་ཚོགས་སྟོན་པར་འགྱུར། །དེ་ནས་ཞིང་ཁམས་རྣམ་དག་བདེ་བ་ཅན། །རྒྱལ་བ་ཀུན་བསྔགས་ཞིང་དེར་སངས་རྒྱས་ནས། །ཐེག་ཆེན་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར། །ཕྱི་རབས་དད་ལྡན་གདུལ་བྱ་ཐམས་ཅད་ཀུན། རྒྱལ་བའི་ཞིང་དེར་བགྲོད་པར་ཐེ་ཚོམ་མེད། །དེ་སྐད་གསུངས་ནས་བླ་མ་གྲུབ་ཐོབ་དེ། །མཁའ་ལ་བྱ་བཞིན་གཤེགས་ལ༴
།ཀུན་བཟང་རིག་སྣང་འོད་ཀྱི་རྒྱལ་པོ་ཡིས། །བྱིན་རླབས་ངོ་མཚར་ཁྱུང་ཆེན་གདུང་ལས་གྲོལ། །ཡིག་རྩིས་སེམས་ཕྱོགས་བོན་ལ་མཁས་ཤིང་གྲུབ། །དེ་འདུལ་གདུལ་བྱ་བསྐྱངས་ལ༴
།འབྱུང་གནས་སེང་གེ་སྐོར་ནི་རུ་པ་ལས། རྫོགས་ཆེན་སྡེ་གསུམ་ཕྱག་ཆེན་གཞུང་གདམས་གསན། །སོ་སོའི་བསྟན་ལ་སྟོན་པ་གཉིས་པར་གྱུར། །སྐྱེས་ཐོབ་རྩལ་ཆེན་རྫོགས་ལ༴
།སྔོན་སྦྱངས་སྟོབས་ཀྱིས་འཕགས་པའི་ཡུལ་དུ་བགྲོད། །རྡོ་རྗེ་གདན་དུ་སངས་རྒྱས་གཉིས་པ་མཇལ། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་སོགས། །ཡོངས་རྫོགས་ཐུགས་སུ་ཆུད་ལ༴
།ཁྱོད་ནི་སྔོན་ཚེ་རྒྱལ་བས་ལུང་བསྟན་པའི། །ཉན་ཐོས་རྫུ་འཕྲུལ་ཆེ་སྟེ་བདག་ལ་སོགས། །རྒྱ་གར་མཁས་པས་མཁན་པོ་མི་ནུས་ཞེས། །བསམ་ཡས་ཡུལ་དུ་བསྔགས་ལ༴
།གང་གིས་ལུང་བསྟན་ཇི་བཞིན་བསིལ་ལྡན་ལྗོངས། །སྣང་བ་མཐའ་ཡས་སྒྱུ་འཕྲུལ་གླང་ཐང་པས། །ཚངས་སྤྱོད་ཐར་པའི་རྒྱལ་མཚན་བསླངས་པར་མཛད། །ཐུབ་དབང་གཉིས་པར་གྱུར་ལ༴
།དཀོན་པའི་རིན་ཆེན་གསེར་ཕྱེ་ཕོངས་མེད་ཁྱེར། །གཅེས་པའི་སྲོག་ལ་མ་བལྟས་དཀའ་སྤྱད་ནས། །རྒྱ་དང་བལ་པོའི་ཡུལ་དུ་ལན་བདུན་བྱོན། །སེམས་དཔའ་ཆེན་པོ་ཁྱོད་ལ༴
།རྒྱ་གར་མཁས་པ་བརྒྱ་དང་ལྔ་བཅུ་བསྟེན། །ཁྱད་པར་མཁས་ཤིང་གྲུབ་ཐོབ་ལྔ་བཅུ་དང་། །རྩ་བའི་བླ་མ་ཁྱད་འཕགས་རྣམ་པ་བཞི། །ལོངས་སྐུ་དྲུག་པ་རྡོ་རྗེ་འཆང་ཆེན་ལ།
།དངོས་སུ་ཆོས་གསན་ཡེ་ཤེས་མཁའ་འགྲོ་གཉིས། །མཉེས་པར་མཛད་ནས་མཐར་ཐུག་གདམས་ངག་ཞུས། །སྒྲོ་འདོགས་ཆོད་ནས་རྩེ་གཅིག་བསྒྲུབས་པ་ཡིས། །མཆོག་ཐུན་དངོས་གྲུབ་བརྙེས་ལ༴
།སོ་ས་གླིང་མཆོག་སེང་ལྡེང་ནགས་གསེབ་ཏུ། །རྒྱལ་ཡུམ་རྡོ་རྗེ་བཙུན་མོ་ནི་གུ་མས། །ཆིག་བརྒྱུད་རྡོ་རྗེ་འཆང་གི་གསང་མཛོད་གཏད། །ས་བཅུའི་དབང་ཕྱུག་གྱུར་ལ༴
བདེ་སྦྱིན་སྨན་གྱི་ཚལ་དུ་བདག་མེད་མ། །སུ་ཁ་སིདྡྷིས་དབང་བསྐུར་ལུང་བསྟན་ཅིང་། །གདམས་པའི་བདུད་རྩིས་ཐུན་མིན་བྱིན་གྱིས་བརླབས། །དྲུག་པའི་རྒྱལ་ཚབ་གྱུར་ལ༴
གཉིས་མེད་རྡོ་རྗེས་སྤྲུལ་པའི་དཀྱིལ་འཁོར་དུ། །དབང་བསྐུར་ལུང་ནོད་མངའ་བདག་མཻ་ཏྲི་པར། །ཕྱག་རྒྱ་ཆེ་དང་མགོན་པོའི་གདམས་པ་གསན། །ཆོས་སྐྱོང་བྲན་དུ་ཁོལ་ལ༴
།རྡོ་རྗེ་གདན་དུ་དུས་མཆོད་ཆེན་མོ་མཛད། །ངོ་མཚར་མཚན་ལྟས་ཞག་བཅུ་སྦྲེལ་མར་བྱུང་། །ལྷ་མི་མཁས་གྲུབ་ཀུན་གྱིས་མགྲིན་གཅིག་བསྔགས། །ས་གསུམ་འགྲན་ཟླ་བྲལ་ལ༴
བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཀུན། །མྱུར་མཛད་ཡེ་ཤེས་མགོན་པོར་འདུས་པ་ཉིད། །སྐྱེ་དང་བརྒྱུད་པར་བཅས་པའི་ལྷ་སྐལ་དུ། །དངོས་སུ་ཞལ་བཞེས་ཁྱོད་ལ༴
།ལྷ་བཞིས་རྗེས་བཟུང་གྲུབ་ཆེན་རཱ་ཧུ་ལ། །གདམས་ངག་སྒོ་སྐྱེལ་ཕེབས་ནས་རྒྱུད་སྒྲུབ་ཐབས། །མན་ངག་ལས་ཚོགས་བརྗོད་ལས་འདས་པ་གསན། །ཡ་མཚན་རྫུ་འཕྲུལ་སྟོན་ལ༴
སྤྲུལ་པའི་དཀྱིལ་འཁོར་དུ་མར་དབང་བསྐུར་མཛད། །དགྲ་བགེགས་གཡུལ་ངོ་སྤྲུལ་པའི་དམག་གིས་བཟློག །འཇམ་དཔལ་དབྱངས་ཀྱིས་དམིགས་པའི་སྒྲོམ་བུ་གསུངས། །ནད་གདོན་དངོས་སུ་འདོན་ལ༴
།གཤིན་རྗེའི་ཕོ་ཉ་ལྷ་ཡི་བུ་མོར་སྤྲུལ། །རྟག་འཛིན་ཅན་རྣམས་སྐྱོ་དང་སྤྲོ་བ་སྐྱེད། །རི་བྲག་ཟང་ཐལ་གཅིག་དང་དུ་མ་སོགས། །སྒྱུ་མའི་ཆོ་འཕྲུལ་སྟོན་ལ༴
།བླ་མ་ཌཱ་ཀིའི་ལུང་བཞིན་ཤངས་སུ་ཕེབས། །ཞང་ཞང་ཐོག་དྲངས་དགོན་གནས་བརྒྱ་རྩ་བཏབ། །ཉན་བཤད་སྒོམ་སྒྲུབ་ས་སྟེང་ཁྱབ་པར་མཛད། །བསྟན་པའི་སྒྲོན་མེར་གྱུར་ལ༴
།སྐུ་ལུས་དགྱེས་རྡོར་སྤྲུལ་པའི་ལྷ་དགུ་ལ། །གནས་ལྔ་རྒྱུད་སྡེ་ལྔ་པོ་དངོས་སུ་གྲུབ། །ཆོས་ཁྲི་བརྒྱ་རྩ་བརྒྱད་དུ་དེ་སྙེད་ཀྱི། །སྤྲུལ་པས་ཆོས་སྟོན་མཛད་ལ༴
།རྒྱལ་ཆེན་རིས་བཞིའི་ལྷ་ཡིས་གསོལ་བཏབ་པས། །ཟླ་བདུན་ཏིང་འཛིན་ཟས་ཀྱི་འཚོ་བ་བཅས། །ཏཱ་ལ་སྲིད་ཀྱི་ནམ་མཁར་སྐྱིལ་ཀྲུང་བཞུགས། །ཐེག་ཆེན་ཆོས་འཁོར་བསྐོར་ལ༴
།བླ་མའི་དགོངས་རྫོགས་ལྷ་ཚིམས་མི་རྣམས་གྲོལ། །སངས་རྒྱས་བསྟན་ལ་བྱ་བ་བྱས་སོ་ཞེས། །མེ་ཏོག་ཆར་ཕབ་ཨ་ལ་ལ་ཡི་སྒྲས། །ལྷ་རྣམས་ཆེད་དུ་བརྗོད་ལ༴
བཤད་གྲྭ་ཆེན་མོའི་ཕྲག་དོག་སྤྲུལ་པས་གཞིལ། །མུ་གེའི་དུས་སུ་སྔ་དྲོ་ཐང་ཆེན་ལ། །ས་བོན་བཏབ་པ་ཕྱི་དྲོ་འབྲས་བུར་སྨིན། །སྐྱེ་དགུ་འཚོ་བར་མཛད་ལ༴
།འོག་མིན་བདེ་བ་ཅན་དང་པོ་ཏ་ལར། །ཡུམ་ཆེན་འོད་དཔག་མེད་མགོན་ཐུགས་རྗེ་ཆེས། །སྐྱེ་མེད་རྣམ་གསུམ་ཚེ་སྒྲུབ་བདུད་རྩི་བུམ། །སྙིང་རྗེ་མཁའ་ཁྱབ་སྩལ་ལ༴
།ལྕང་ལོ་ཅན་དང་ཨོ་རྒྱན་གནས་སུ་ཕེབས། །གསང་བདག་རྣལ་འབྱོར་མ་ཡིས་དབང་བསྐུར་ཞིང་། །གསང་རྒྱུད་འབར་དང་འདུ་བའི་གདམས་ངག་གནང་། །ཏིང་འཛིན་འདོད་རྒུར་སྒྱུར་ལ༴
།ཐང་ལྷ་ཤཾ་པོ་མ་དྲོས་པ་ལ་སོགས། །མཐུ་ལྡན་ཆེ་དགུས་སྲོག་གི་སྙིང་པོ་ཕུལ། །དབང་བསྐུར་དམ་བཏགས་བསྟན་པ་སྲུང་བར་བསྐོས། །ཧེ་རུ་ཀ་དཔལ་མཆོག་ལ༴
།སློབ་མ་དབུས་གཙང་ཁམས་གསུམ་ས་གཞི་ལ། །རྨེའུ་སྟོན་དྲི་མེད་ཤེས་རབ་སྡོང་པོ་སྐྱེས། །གཡོར་པོ་རྒྱ་མོ་ཕན་སེམས་ཡལ་ག་བརྐྱངས། །དངུལ་སྟོན་རིན་དབང་སྙིང་རྗེའི་ལོ་འདབ་རྒྱས། །ལ་སྟོད་དཀོན་མཁར་བྱམས་པའི་མེ་ཏོག་བཀྲ། །ཞང་སྒོམ་ཆོས་སེང་འོད་གསལ་སྙིང་པོ་ལྕི། །རྨོག་ལྕོག་སྒྱུ་ལུས་རྨི་ལམ་འབྲས་བུ་སྨིན། །བླ་མ་ཌཱ་ཀིས་ལུང་བསྟན་རང་མཉམ་གྱི། །སློབ་མའི་མཐར་ཐུག་དྲུག་གིས་གཙོར་མཛད་པའི། །ཚོགས་པའི་མཐར་ཐུག་ཁྲི་ཕྲག་བཅོ་བརྒྱད་ལ། །ལོ་གྲངས་དུ་མར་ཆོས་བསྟན་སྨིན་མཛད་ནས། །སྐུ་ཚེའི་མཐར་ཐུག་བརྒྱ་དང་ལྔ་བཅུའི་མཐར། །རྒྱལ་ཆེན་སྡེ་བཞི་དྲི་ཟའི་རྒྱལ་པོ་སོགས། །འཇིག་རྟེན་ཆེ་དགུས་མྱ་ངན་མི་འདའ་བར། །གསོལ་བཏབ་གྱུར་ལ་ཐུགས་རྗེས་བརྩེར་དགོངས་ནས། །ཆོས་གསུང་ལུང་བསྟན་མཛད་ལ༴
།འོད་དཔག་མེད་པས་བདེ་ཆེན་ཞིང་བཀོད་བསྟན། །ཁྱོད་ནི་སྐྱེ་མཐའི་བྱང་ཆུབ་སེམས་དཔའ་སྟེ། །བདེ་བ་ཅན་དུ་མངོན་པར་བྱང་ཆུབ་འགྱུར། །གང་ཞིག་ཁྱོད་ཀྱི་རྗེས་སུ་སློབ་པ་དང་། །འོད་དཔག་མེད་པའི་མཚན་ཐོས་དེ་དག་ཀྱང་། །བདེ་བ་ཅན་དུ་རྫུ་འཕྲུལ་ཆེན་པོས་སྐྱེ། །བརྒྱུད་འཛིན་རྣམ་གསུམ་མངོན་དགའ་ལ་སོགས་སུ། བྱང་ཆུབ་ལུང་བསྟན་ཐོབ་ལ༴
།བདག་གི་བཀའ་བབས་གདམས་ངག་གནད་འདི་ལྟ། །གང་ནའང་མེད་པས་དབང་པོ་རབ་འབྲིང་ཐ། །རྣམ་སྨིན་བག་ཆགས་བར་དོར་འཚང་རྒྱ་ཞེས། །ངེས་པར་ཞལ་གྱིས་བཞེས་ལ༴
།ང་ལ་དད་རྣམས་བདེ་བ་ཅན་ཞིང་དུ། །གསོལ་བ་ཐོབ་དང་དེར་སྐྱེ་ཐེ་ཚོམ་མེད། །གསུངས་ནས་སྐུ་ལུས་བཀོད་པ་དུ་མ་བསྟན། །དབང་བཅུའི་བདག་ཉིད་ཁྱེད་ལ༴
།རྒྱུད་སྡེ་ལྔ་དང་བྱིན་རླབས་ལྷ་བཞི་སོགས། །སོ་སོའི་སྐུར་དངོས་བཞེངས་ནས་དམ་ཆོས་གསུངས། །འཇའ་འོད་རོལ་མོའི་སྒྲ་ཡིས་གནམ་ས་གང་། །མེ་ཏོག་ཆར་ཆེན་བབས་ལ༴
།ངོ་མཚར་ལྟས་བཅས་བདེ་བ་ཅན་དུ་གཤེགས། །སྐུ་དང་རིང་བསྲེལ་བཀྲ་ཤིས་འཁྱིལ་པ་སོགས། །དད་ལྡན་འདྲེན་ཕྱིར་གདུང་རིགས་དཔག་མེད་སྤྲུལ། །གྲོལ་བ་བཞི་ལྡན་ཁྱོད་ལ༴
།བདུན་ཕྲག་གསུམ་ལ་ཡ་མཚན་ལྟས་བཟང་སྤྲེལ། །མཐོང་གྲོལ་སྐུ་འབུམ་ལྷ་སྐུ་མཁའ་འགྲོ་མས། །དངོས་སུ་མཆོད་ཅིང་ཕྱོགས་བཞིར་འོད་ཟེར་ཤར། །སངས་རྒྱས་དངོས་དང་མཚུངས་ལ་གསོལ་བ་འདེབས།
།བསམ་མི་ཁྱབ་པའི་རྣམ་ཐར་རྒྱ་མཚོ་ལས། །གསོལ་འདེབས་ཆུ་ཐིགས་དད་པས་བླངས་པའི་མཐུས། །བདག་དང་འབྲེལ་བཅས་རྗེས་བཟུང་བྱིན་རློབས་ནས། །ཁྱོད་ཀྱི་རྣམ་ཐར་ཚེ་འདིར་མངོན་བྱེད་ཤོག
།རྗེ་བཙུན་ཁྱུང་པོ་བསླུ་མེད་སྐྱབས་ཀྱི་མཆོག །འགྲོ་ཀུན་སྤྱི་གཙུག་པད་ཟླའི་གདན་བཞུགས་ལ། །ཐུགས་རྗེ་རྒྱུན་ཆད་མེད་པའི་བཀའ་དྲིན་གྱིས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ།
Mokchokpa Rinchen Tsöndrü
༈ །མཉམ་མེད་རྨོག་ལྕོག་པ་ལ་གསོལ་བ་འདེབས་པ་ངོ་མཚར་གྱི་སྒྲ་དབྱངས་ཞེས་བྱ་བ།
དོན་གཉིས་ལྷུན་གྱིས་གྲུབ་པ་རྒྱལ་བའི་སྲས། །ཡེ་ཤེས་ཌཱ་ཀིས་ལུང་བསྟན་རྩོད་མེད་ཀྱི། །གྲུབ་པའི་དབང་ཕྱུག་དཔལ་ལྡན་རྨོག་ལྕོག་པ། །རིན་ཆེན་བརྩོན་འགྲུས་ཞབས་ལ་གསོལ་བ་འདེབས།
།ཤངས་ཀྱི་ལྷ་ཕུར་ཤེའུའི་རིགས་སུ་འཁྲུངས། །ཆོས་སྒོར་ཞུགས་ནས་བླ་མ་ཚུལ་བཞིན་བསྟེན། །སྒྲོ་འདོགས་ཆོད་ནས་ཉམས་སུ་བཞེས་པ་ཡིས། །ངེས་ཤེས་ཐག་ཆོད་འཁྲུངས་ལ༴
།ཐོས་པ་སྣུམ་དྲེད་ཁྱེར་བའི་གང་ཟག་གིས། །རྐྱེན་བྱས་གདམས་ངག་ཚོལ་བར་དམ་བཅས་ཏེ། །ཁམས་པ་ཨ་སེང་སྤྱན་སྔར་རྒྱུད་རྒྱལ་གྱི། །བསྐྱེད་རྫོགས་ཟབ་མོ་གསན་ལ༴
།བུར་སྒོམ་ཞབས་ལས་རྗེ་བཙུན་རས་ཆུང་པའི། །བསྐྱེད་རྫོགས་ཞུས་ནས་སྒྲུབ་ལ་གཞོལ་བའི་ཚེ། །དགྲ་ལ་རྟགས་བསྟན་རྗེ་བཙུན་རྣལ་འབྱོར་མའི། །ཞལ་གཟིགས་ཏིང་འཛིན་བརྙེས་ལ༴
།དཀོན་མཁར་གཡོར་པོ་རྡོ་རྗེ་རྒྱལ་སོགས་ལས། །ཕར་ཕྱིན་གཙོར་གྱུར་གཞུང་གདམས་དུ་མ་གསན། །ཁྱད་པར་གྲུབ་ཆེན་ཁྱུང་པོས་རྗེས་སུ་བཟུང་། །མཉེས་པ་དགུ་ཕྲུགས་བསྒྲུབས་ལ༴
།གསེར་གྱི་ཡོན་ཕུལ་རྩ་བའི་བླ་མ་བཞིའི། །གདམས་ངག་ལྷག་མ་མེད་པར་གནང་ནས་ཀྱང་། །ཆིག་བརྒྱུད་བཀའ་བབས་རྟག་ཏུ་བླ་མའི་སྐུ། །རྒྱུད་སྡེའི་ལྷ་རུ་གཟིགས་ལ༴
།སྒྱུ་མ་ལྟ་བུའི་ཏིང་འཛིན་མངོན་དུ་གྱུར། །གཅིག་ཤེས་ཀུན་གྲོལ་མཁྱེན་རབ་རྩལ་ཁ་རྒྱས། །གདུག་པའི་འབྱུང་པོ་མཐའ་དག་བཏུལ་ནས་ཀྱང་། །འགྲོ་མང་བདེར་བཀོད་མཛད་ལ༴
།མི་འཁྲུགས་པ་དང་ཡེ་ཤེས་ཌཱ་ཀི་གཉིས། །ཨིནྡྲ་བོ་དྷི་རྡོ་རྗེ་རྣལ་འབྱོར་མ། །ཁྱད་པར་ཧེ་རུ་ཀ་ཡི་ཞལ་གཟིགས་ཤིང་། །ཟབ་རྒྱས་དམ་ཆོས་གསན་ལ༴
།མཉམ་མེད་དྭགས་པོའི་སྤྱན་སྔར་བྱོན་པའི་ཚེ། །སྐྱེ་བ་དུ་མའི་བུ་གསུངས་དགྱེས་བརྩེར་མཛད། །གཅེར་མཐོང་ཆོས་སྐུ་རྗེན་པར་ངོ་སྤྲད་པས། །རྟོགས་གྲོལ་དུས་མཉམ་གྱུར་ལ༴
།ཕྱག་རྒྱ་ཆེན་པོའི་བཀའ་བབས་བརྒྱུད་པ་གཏད། །ཏིང་འཛིན་རྩལ་རྫོགས་དེ་ནས་ཇི་སྲིད་བར། །ཚེ་འདིའི་རྣམ་རྟོག་སྐྱེ་བར་མ་མྱོང་གསུངས། །སྲིད་ཐའི་བྱང་སེམས་ཁྱོད་ལ༴
།རྨོག་ལྕོག་བྲག་ཏུ་ལོ་གྲངས་བཅུ་གཉིས་པར། །མི་ཟས་སྤངས་ནས་རྩེ་གཅིག་སྒྲུབ་པའི་ཚེ། །མི་གཡོ་ལྷ་བཞི་ཡེ་ཤེས་མགོན་པོ་དང་། །ཌཱ་ཀི་དངོས་སུ་བྱོན་ལ༴
།ཤངས་པའི་དུས་མཆོད་མཛད་ཚེ་བླ་མ་དང་། །འོད་དཔག་མེད་བྱོན་དབུ་མའི་བདུད་རྩི་གནང་། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་ཀྱི། །ཞིང་ཁམས་མངོན་སུམ་གཟིགས་ལ༴
།ཟད་པར་ཟིལ་གནོན་གཞན་གྱིས་མཐོང་བར་སྤྲུལ། །ནམ་མཁར་སྐྱིལ་ཀྲུང་བཞུགས་པས་སྐལ་ལྡན་རྣམས། །དད་ཅིང་རྗེས་བཟུང་གདུལ་བྱ་དཔག་མེད་འདུས། །ཀུན་ཀྱང་སྨིན་གྲོལ་མཛད་ལ༴
།མཚན་དང་གསུང་ཐོས་བཞུགས་གནས་མཇལ་བ་དང་། །དད་ཅིང་མོས་པ་ཙམ་གྱིས་ཏིང་ངེ་འཛིན། །རྒྱུད་ལ་སྐྱེས་ནས་གྲོལ་བ་ཚད་མེད་བྱུང་། །འབྲེལ་ཚད་དོན་ལྡན་ཁྱོད་ལ༴
།དབང་བསྐུར་མཛད་ཚེ་སྐུ་ཡི་གནས་ལྔ་དང་། །རྡུལ་ཚོན་དཀྱིལ་འཁོར་རྒྱུད་སྡེ་ལྔ་ཡི་ལྷར། །དངོས་སུ་གྱུར་པ་སྐལ་ལྡན་ཀུན་གྱིས་མཐོང་། །བྱིན་རླབས་འབྱུང་གནས་ཁྱོད་ལ༴
།བདེ་ལྡན་ཞིང་ནས་རྒྱལ་བའི་རིམ་གྲོ་པ། །སྤྱན་འདྲེན་ཕེབས་ཀྱང་ཞལ་བཞེས་མ་གནང་བར། །ལོ་གསུམ་བརྟན་བཞུགས་ཆོས་ཀྱི་འཁོར་ལོ་བསྐོར། །བུ་སློབ་སྐྱོང་བར་མཛད་ལ༴
།ང་ནི་འདི་ནས་ཤར་ཕྱོགས་མངོན་དགའི་ཞིང་། །འོད་འཕྲོ་ཅན་དུ་མངོན་པར་སངས་རྒྱས་ནས། །ཐེག་ཆེན་འབའ་ཞིག་སྟོན་པར་འགྱུར་རོ་ཞེས། །སེང་གེའི་སྒྲ་ཆེན་བསྒྲགས་ལ༴
།བརྒྱུད་འཛིན་ཐམས་ཅད་ཞིང་དེར་གསོལ་བ་ཐོབ། །རྣམ་དག་ཞིང་མཆོག་དེ་རུ་སྐྱེའོ་གསུངས། །ངོ་མཚར་ཆོ་འཕྲུལ་དཔག་ཏུ་མེད་པ་བསྟན། །འོད་འཕྲོའི་ཞིང་དུ་གཤེགས་ལ༴
།སླར་ཡང་རྫུ་འཕྲུལ་འོད་ཀྱི་ལམ་ལ་བྱོན། །བརྒྱུད་པའི་དབང་ཞུ་འགྲོ་བའི་མགོན་ལ་བཀོན། །ཤེས་རབ་རས་པར་རིགས་བརྒྱུད་མི་འཆད་པའི། །གོ་ས་གཏད་པར་མཛད་ལ་གསོལ་བ་འདེབས།
།ཆོས་ཀྱི་རྒྱལ་པོ་རྗེ་བཙུན་རྨོག་ལྕོག་པ། །གསོལ་བ་འདེབས་ལ་ཐུགས་རྗེས་བརྩེར་དགོངས་ཏེ། །སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས་པ་དང་། །འོད་འཕྲོ་ཅན་གྱི་ཞིང་དུ་འདྲེན་དུ་གསོལ།
Öntön Kyergangpa
༈ །དབོན་སྟོན་སྐྱེར་སྒང་པ་ཆེན་པོ་ལ་གསོལ་བ་འདེབས་པ་དད་པའི་སྒྲ་དབྱངས་ཞེས་བྱ་བ།
བྱམས་པའི་སྤྲིན་ཆེན་འོད་གསལ་མཁའ་ལ་འཁྲིགས། །སྙིང་རྗེའི་ཆར་རྒྱུན་གདུལ་བྱའི་ཞིང་སར་འབེབས། །གྲུབ་གཉིས་འབྲས་བུ་སྨིན་མཛད་སྐྱེར་སྒང་པ། ཆོས་ཀྱི་སིངྒེ་ཞབས་ལ༴
།འཕགས་པའི་ཡུལ་དུ་ཤེས་རབ་གོ་ཆ་སོགས། །ཡོངས་སུ་གྲགས་དང་སྦས་པའི་རྣལ་འབྱོར་པ། །དུ་མར་སྤྲུལ་ནས་གདུལ་བྱ་དཔག་མེད་འདུལ། ཐུགས་རྗེའི་མངའ་བདག་ཁྱེད་ལ༴
།ཙཱི་ནའི་ཡུལ་དུ་ལོག་སྤྱོད་ཆོས་ལ་བཀོད། །ཕྲ་མེན་སྤྲེའུར་རང་གི་རིགས་མཐུན་གྱིས། །རྒྱུ་འབྲས་སྟོང་ཉིད་སྙིང་རྗེའི་ཆོས་བསྟན་མཛད། །གང་འདུལ་སྤྲུལ་པ་འགྱེད་ལ༴
།སྐྱེ་བ་ཀུན་ཏུ་སྤྱན་རས་གཟིགས་དབང་གིས། །རྗེས་སུ་བཟུང་ནས་དོན་གཉིས་ལྷུན་གྱིས་གྲུབ། །གངས་ལྗོངས་འདིར་ཡང་སྣ་ཚོགས་སྤྲུལ་པའི་སྐུས། འཕགས་པའི་ཕྲིན་ལས་བསྒྲུབས་ལ༴
།དབུ་རུར་འགྲོ་བའི་མགོན་འཁྲུངས་སྐྱེར་སྒང་དུ། །ཀུན་མཁྱེན་འབལ་ལས་རང་བྱུང་མདོ་ཕྱོགས་དང་། །ཀླུ་སྦུགས་རྣམས་སུ་གྲུབ་ཐོབ་ལྕེ་སྒོམ་ལས། །འཕགས་པའི་སྨིན་གྲོལ་གསན་ལ༴
།མི་ལོ་ཕྱེད་བཞིར་དཀའ་སྤྱད་དྲག་པོ་ཡིས། །སྒྲུབ་པ་མཛད་པས་ཐུགས་རྗེ་ཆེན་པོ་དང་། །གཤིན་རྗེ་གཤེད་པོས་ཞལ་བསྟན་བྱིན་གྱིས་བརླབས། །རྟག་ཏུ་འབྲལ་བ་མེད་ལ༴
།ཚ་སྒོམ་སྤེན་ཕུག་པ་ལས་རས་ཆུང་དང་། །ཇོ་བོ་བརྒྱུད་པའི་གདམས་ངག་རྫོགས་པར་གསན། །རྐྱེན་ལ་བརྟེན་ནས་རང་སེམས་ཆོས་ཀྱི་སྐུ། །སྐྱེ་མེད་མངོན་སུམ་རྟོགས་ལ༴
།རྗེ་བཙུན་རྨོག་ལྕོག་པ་དང་མཇལ་བའི་ཚེ། །ཡེ་ཤེས་མགོན་པོས་བསུ་ཞིང་བྲན་དུ་ཁོལ། །ཆིག་བརྒྱུད་བཀའ་གཏད་སྣང་།བའི་བདེན་འཛིན་ཞིག །ཏིང་འཛིན་རྩལ་ཆེན་རྫོགས་ལ༴
།སྤྱན་རས་གཟིགས་ཀྱིས་དམ་ཆོས་རྟག་ཏུ་སྩལ། །རྒྱུད་སྡེ་ལྔ་ཡིས་མན་ངག་ཟབ་དོན་གནང་། །གྲུབ་ཐོབ་ཌཱ་ཀི་དུ་མས་གདམས་པ་དང་། །རྗེས་སུ་བསྟན་པར་མཛད་ལ༴
།སྐྱེར་སྒང་ཆོས་ཀྱི་གདན་སར་ཕེབས་པའི་ཚེ། །ཡེ་ཤེས་མགོན་པོའི་འཁོར་རྣམས་དངོས་སུ་འོང་། །བླ་མའི་གདན་སར་མཆོད་འབུལ་སྐྱེལ་པ་ཡི། །ཞབས་ཏོག་གུས་པས་བསྒྲུབས་ལ༴
།མངོན་པར་ཤེས་པས་རིས་མེད་འགྲོ་བ་འདུལ། །ཝ་རུ་ཎ་ཡིས་ཀླུ་ཡི་ནོར་བུ་ཕུལ། །འཁོར་གསུམ་ཡོངས་སུ་དག་པ་ལན་གསུམ་གྱིས། །བླ་མ་མཉེས་པ་བསྒྲུབས་ལ༴
།ཨོ་རྒྱན་གནས་སུ་པདྨ་ཐོད་ཕྲེང་ལས། །དབང་ཆེན་རྟ་མགྲིན་དབང་དང་སྒྲུབ་ཐབས་གསན། །པདྨའི་བཀའ་བཞིན་སྙེ་མོ་ཞུ་ཡས་ལས། །གདམས་ངག་རྫོགས་པར་མཛད་ལ༴
།ཌཱ་ཀི་སྤྲིན་ལྟར་འདུ་བའི་ཞང་སྒོམ་སོགས། །གྲུབ་ཐོབ་རྣམས་ཀྱི་གདམས་པའི་ཟབ་བཅུད་བཞེས། །ཏིང་འཛིན་གཟུངས་ཆུ་ཙམ་གྱིས་ཉམ་ཐག་པའི། །འགྲོ་བ་དཔག་མེད་སྐྱོང་ལ༴
།བཅུ་གཅིག་ཞལ་གྱི་འོད་ཟེར་འཕྲོ་འདུ་ཡིས། །རང་གཞན་ནད་གདོན་སྒྲིབ་དག་ཏིང་འཛིན་སྐྱེས། །དམ་པས་ཞི་བྱེད་དགྱེས་རྡོར་ཡབ་ཡུམ་གྱིས། །དབྱངས་གསལ་བཤགས་པ་བསྟན་ལ༴
།སྙིགས་དུས་ཁྱེད་ཀྱིས་བསྟན་པའི་སྒྲུབ་ལུགས་འདི། །དར་ཞིང་ཞལ་མཐོང་བརྒྱུད་མར་འབྱུང་ངོ་ཞེས། །ཐུགས་རྗེ་ཆེན་པོས་གདུལ་བྱ་འདུལ་བར་བསྐུལ། །འགྲོ་དོན་ནམ་མཁའ་མཉམ་ལ༴
།འདི་ནས་བདེ་ཅན་ཞིང་དུ་བརྫུས་ཏེ་འཁྲུངས། །རྒྱལ་ལས་ཆོས་གསན་སླར་ཡང་ཨོ་རྒྱན་དུ། །སྔགས་ཀྱི་སྤྱོད་པས་རྡོ་རྗེ་འཛིན་གྱི་སར། །འགྲོ་མང་བཀོད་པར་མཛད་ལ༴
།དེ་ནས་མངོན་དགའི་ཞིང་དུ་མི་བསྐྱོད་དྲུང་། །ཚངས་སྤྱོད་མཐར་ཕྱིན་བེཌཱུརྱ་སྣང་གི །འཇིག་རྟེན་ཁམས་སུ་མངོན་པར་སངས་རྒྱས་ནས། །བརྒྱུད་འཛིན་ཞིང་དེར་འདྲེན་ལ༴
།དེ་བཞིན་གཤེགས་པ་དྲི་མེད་ནམ་མཁའི་དཔལ། །སྐུ་ཚེ་ལོ་སྟོང་འདུས་པ་འབུམ་ཕྲག་དགུ །དམ་ཆོས་ལྔ་ཁྲི་དྲུག་སྟོང་གནས་འགྱུར་ཞེས། །མི་འཇིགས་ཞལ་གྱིས་བཞེས་ལ༴
།ཁོ་བོ་མཐོང་ཐོས་དྲན་རེག་དོན་དང་ལྡན། །གསོལ་བ་འདེབས་རྣམས་ཤར་ཕྱོགས་དག་པའི་ཞིང་། །སར་གནས་སེམས་དཔའ་འབའ་ཞིག་འགྱུར་ཅེས་གསུངས། །ཆོས་དབྱིངས་སྙོམས་པར་ཞུགས་ལ་གསོལ་བ་འདེབས།
།སྤྱན་རས་གཟིགས་དངོས་དབོན་སྟོན་ཐུགས་རྗེ་ཅན། །བདག་སོགས་ལས་ངན་གྱུར་པའི་གདུལ་བྱ་རྣམས། །ཐུགས་རྗེའི་ལྕགས་ཀྱུས་མྱུར་དུ་བཟུང་ནས་ཀྱང་། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས།
Sangyé Nyentön
༈ སངས་རྒྱས་གཉན་སྟོན་ཆེན་པོ་ལ་གསོལ་བ་འདེབས་པ་བྱིན་རླབས་ཀྱི་སྒྲ་དབྱངས་ཞེས་བྱ་བ།
ལེགས་པའི་ཡོན་ཏན་མ་ལུས་རབ་ཏུ་རྫོགས། །རྡོ་རྗེ་འཆང་དབང་བཤེས་གཉེན་གཟུགས་སུ་སྟོན། །སྦས་པའི་སངས་རྒྱས་གཉེན་སྟོན་རི་གོང་པ། །ཆོས་ཀྱི་ཤེས་རབ་ཞབས་ལ༴
།ཡོལ་མདར་སཱ་ལ་ལྟ་བུའི་རིགས་སུ་འཁྲུངས། །རང་བྱུང་མ་བཅོས་ཞེན་བྲལ་བློ་དང་ལྡན། །ལུས་དང་ལོངས་སྤྱོད་གང་ལའང་མ་ཆགས་པར། །སྦྱིན་པའི་ཕར་ཕྱིན་རྫོགས་ལ༴
།ངེས་འབྱུང་དྲག་པོས་བསྟན་ལ་རབ་ཏུ་བྱུང་། །ཆོས་འདུལ་དབུ་ཚད་ཕར་ཕྱིན་མཁས་པར་སྦྱངས། །ལྷག་པའི་བསླབ་པ་སྤྱན་གྱི་འབྲས་ལྟར་བསྲུངས། །ཚུལ་ཁྲིམས་ཕར་ཕྱིན་རྫོགས་ལ༴
།ནད་གདོན་རྐྱེན་ངན་དག་ལ་མི་ཞུམ་པར། །དམ་ཆོས་ཕྱིར་དུ་དཀའ་བ་ཆེན་པོ་སྤྱད། །གནོད་ལན་ཀུན་ཀྱང་ཕན་པས་བླན་པ་ཡི། །བཟོད་པའི་ཕར་ཕྱིན་རྫོགས་ལ༴
།ཐོས་པའི་སྒྲོན་མེས་ཕྱི་ཡི་སྒྲོ་འདོགས་བཅད། །བསམ་བྱུང་ཤེས་རབ་ནན་ཏན་དཔག་མེད་མཛད། །ཡེངས་མེད་བསྒྲུབས་པས་འབྲས་བུ་མངོན་དུ་གྱུར། །བརྩོན་འགྲུས་ཕར་ཕྱིན་རྫོགས་ལ༴
།དབོན་སྟོན་ཐུགས་རྗེ་ཆེན་པོས་རྗེས་སུ་བཟུང་། །ཆིག་བརྒྱུད་མཁའ་འགྲོའི་གསང་ཚིག་རྫོགས་པར་གནང་། །སྣང་གྲགས་ཆོས་ཀུན་བདེན་མེད་འཇའ་ལྟར་གཟིགས། །སྒྱུ་མ་རང་ཤར་འཁྲུངས་ལ༴
།དགྱེས་རྡོར་ཕག་མོ་སྤྱན་རས་གཟིགས་དབང་དང་། །ཨཱརྱ་ཏཱ་རེས་ཆོས་ཀྱི་བདུད་རྩི་སྩལ། །ཁྱད་པར་སུ་ཁ་སིདྡྷིས་ངོ་སྤྲད་པས། །རྟོགས་པ་ནམ་མཁའ་མཉམ་ལ༴
།ཡེ་ཤེས་མགོན་པོས་བཀའ་བཞིན་ཕྲིན་ལས་སྒྲུབ། །བ་རུ་ཎ་ཡིས་བྲན་དང་འབངས་སུ་བྱས། །སྣང་སྲིད་ལྷ་འདྲེ་ཆེ་དགུས་དབང་ཞུས་ཏེ། །དེ་དག་ཆོས་སུ་བཀོད་ལ༴
།ཉིན་མཚན་སྒྱུ་མ་རྨི་ལམ་ལྷ་ཡི་སྐུ། །རང་ཤར་བདེ་སྟོང་གཉིས་མེད་ཡེ་ཤེས་དང་། །འདིར་སྣང་འཁྲུལ་པའི་རྟོག་པ་ཡོངས་སུ་ནུབ། །བསམ་གཏན་ཕར་ཕྱིན་རྫོགས་ལ༴
།དུར་ཁྲོད་ནག་པོའི་བཀའ་བཞིན་ལ་སྟོད་པ། །འཕགས་པའི་ཡུལ་ནས་རྫུ་འཕྲུལ་སྟོབས་ཀྱིས་ཕེབས། །འཆི་མེད་འཁྲུལ་འཁོར་གསན་པས་གསང་བའི་བགེགས། །དབྱིངས་སུ་གྲོལ་བར་བསྟན་ལ༴
།བླ་མའི་བཀའ་བཞིན་རི་གོང་དབེན་གནས་སུ། །སྦས་པའི་རྣལ་འབྱོར་ཚུལ་གྱིས་སྐལ་ལྡན་རྣམས། །རྗེས་བཟུང་ཕྱོགས་བཅུའི་རྒྱལ་བའི་ཞིང་ཁམས་ཉུལ། །ས་བཅུའི་དབང་ཕྱུག་ཁྱེད་ལ༴
།གྲུབ་ཆེན་བརྒྱད་ཅུ་ལ་སོགས་དངོས་སུ་བྱོན། །ཞག་གསུམ་བཞུགས་ནས་དབང་དང་དམ་ཆོས་གནང་། །ལུང་བསྟན་གསུང་ཞིང་མཁའ་ལ་གྱ་གྱུར་གཤེགས། །རྒྱལ་སྲས་ཐུ་བོ་ཁྱེད་ལ༴
།སྐྱེ་མེད་དགོངས་པ་མཉམ་རྗེས་ཁོར་ཡུག་དང་། །ཆོས་རྣམས་མ་འདྲེས་ཆུ་ཟླ་ལྟ་བུར་གཟིགས། །དབང་ཐོབ་མངོན་པར་ཤེས་པ་དྲུག་པོ་འཆང་། །ཤེས་རབ་ཕར་ཕྱིན་རྫོགས་ལ༴
།ཐོག་མངའ་བཅུ་གསུམ་སྐུ་ལ་བབས་པའི་ཚེ། །གནམ་ལྕགས་འབར་པ་མེ་ཏོག་རྒྱན་བཞིན་གྱུར། །ཌཱ་ཀིའི་སུན་མ་བཟློག་ནས་རྡོ་རྗེའི་སྐུར། །བྱིན་རླབས་གདུལ་བྱ་འདུལ་ལ༴
།ལྷ་མོ་གནོད་སྦྱིན་དག་གིས་བསྐུལ་བ་བཞིན། །བཟོ་རྒྱུ་བསྡོགས་ཚེ་ཡེ་ཤེས་མགོན་པོ་ཡི། །སྤྲུལ་པས་བཞེངས་ནས་དེ་ལ་དངོས་སུ་ཐིམ། །རང་བྱོན་མགོན་པོ་བསྐྲུན་ལ༴
།རྡོ་རྗེ་འཆང་ཆེན་ཁྱོད་ལ་ཚད་མེད་ཀྱི། །མོས་གུས་སྐྱེས་པ་དེ་ནི་མངོན་འཚང་རྒྱ། །བདག་ཀྱང་ཕྱི་བཞིན་བྱིན་གྱིས་རློབ་བོ་ཞེས། །སུ་ཁས་མངོན་སུམ་གསུངས་ལ༴
།ཁྱེད་ཉིད་གང་གིས་མཐོང་ཐོས་དྲན་པས་ཀྱང་། །དེ་དག་ནམ་ཡང་ལོག་པར་མི་ལྟུང་ཞིང་། །གདུལ་བྱའི་སྲས་སུ་སྐྱེ་བར་བླ་མ་ལྷས། །ལུང་བསྟན་ཡང་ཡང་མཛད་ལ་གསོལ་བ་འདེབས།
།ཞིང་འདིའི་གདུལ་བྱ་རེ་ཞིག་རྫོགས་པའི་ཚེ། །ཤར་ཕྱོགས་མེ་ཏོག་བཀྲམ་པའི་ཞིང་དུ་གཤེགས། །རྒྱལ་བ་པདྨོའི་དཔལ་དུ་སངས་རྒྱས་ནས། །ཆོས་ཀྱི་འཁོར་ལོ་བསྐོར་ལ་གསོལ་བ་འདེབས།
།འཇིག་རྟེན་མཁྱེན་པ་རྒྱལ་བ་གཉན་སྟོན་པས། །སྒྲིབ་མེད་སངས་རྒྱས་སྤྱན་གྱིས་འདིར་གཟིགས་ལ། །ལས་ངན་ལུས་ངན་གནས་ངན་འཁྱམས་པ་ཡི། །བདག་སོགས་སེམས་ཅན་སྨིན་གྲོལ་མཛད་དུ་གསོལ།
Sangyé Tönpa
༈ །འགྲོ་མགོན་ཆོས་རྗེ་སྟོན་པ་ལ་གསོལ་བ་འདེབས་པ་སེང་གེའི་སྒྲ་དབྱངས་ཞེས་བྱ་བ།
ཡིད་བཞིན་ནོར་བུ་ལྟ་བུར་དགོས་འདོད་འབྱུང་། །མཚན་ཐོས་ཙམ་གྱིས་ངན་འགྲོའི་འཇིགས་ལས་སྐྱོབ། །འགྲོ་བའི་མགོན་པོ་སྟོན་པ་ཆོས་ཀྱི་རྗེ། །བརྩོན་འགྲུས་སེང་གེའི་ཞབས་ལ་གསོལ་བ་འདེབས།
།ཡ་ངལ་དཀར་པོ་གཤེན་བོན་གྲུབ་པའི་བརྒྱུད། །མཁའ་རེག་རྩ་ཡི་སིལ་མར་མཚན་དཔེ་གསལ། །སྤྱོད་ལམ་ཀུན་ཏུ་ཆོས་ཀྱི་སྣང་བ་མཆེད། །སྔོན་སྦྱངས་བག་ཆགས་སད་ལ༴
།དགུང་ལོ་དགུ་པར་མ་གཅིག་སྤྲུལ་པའི་སྐུ། །བྱོན་ནས་གཅོད་ཀྱི་ཆོས་དབང་སེམས་ལ་བསྐུར། །ཞལ་གདམས་ཆིག་བརྒྱུད་གནང་ཞིང་ལུང་བསྟན་མཛད། །མཁའ་འགྲོའི་སྲས་གཅིག་གྱུར་ལ༴
།འཁོར་བ་བཙོན་ཁང་དམྱལ་མེའི་འོབ་ལྟར་གཟིགས། །དགོས་མེད་སྐྱོ་ཤས་དྲག་པོས་རབ་ཏུ་བྱུང་། །ཡོངས་འཛིན་དུ་མ་བསྟེན་ནས་མདོ་རྒྱུད་སྦྱངས། །སྨྲ་བའི་སེང་གེར་གྱུར་ལ༴
།གྲུབ་ཐོབ་བཟང་ཡུལ་པ་ཡི་ཞལ་སྔ་ནས། །གྲུབ་པའི་རྒྱལ་མོས་བརྒྱུད་པ་བདུན་པ་རུ། །ཚེ་དཔག་མེད་སྤྲུལ་འབྱུང་བར་ལུང་བསྟན་པར། །ངོས་བཟུང་ཆིག་བརྒྱུད་གནང་ལ༴
།སངས་རྒྱས་གཉན་སྟོན་སྤྱན་སྔར་བྱོན་པའི་ཚེ། །དཔའ་བོ་ཌཱ་ཀི་དུ་མས་བསུ་བ་མཛད། །ཆོས་འབྲེལ་ཐོག་མ་ལུས་གསུམ་གདམས་ངག་གནང་། །བླ་མ་སངས་རྒྱས་མཐོང་ལ༴
།སྒྱུ་མ་རྨི་ལམ་སྦྱང་སྤྲུལ་སྤེལ་བ་རྣམས། །དུས་གཅིག་གྲུབ་ནས་ཏིང་འཛིན་རྩལ་ཆེན་རྫོགས། །སྣང་བའི་བདེན་འཛིན་མཐའ་དག་ཧྲུལ་གྱིས་འཇིག །འཁྲུལ་ཞིག་ཆེན་པོ་ཁྱོད་ལ༴
།རྡོ་རྗེ་འཆང་ནས་རིན་ཆེན་བརྒྱུད་པ་ཡིས། །རིམ་པར་ལུང་བསྟན་དེ་དག་གདུལ་བྱ་ཀུན། །ཁྱེད་ཀྱིས་འདུལ་ཞེས་སྙན་བརྒྱུད་གསེར་ཆོས་བཀའ། །ཡོངས་རྫོགས་སྐལ་ལྡན་གྱུར་ལ༴
།ཉིན་མོ་བློ་འདས་བརྗོད་བྲལ་ཕྱག་རྒྱ་ཆེ། །མཚན་སྣང་མཚན་ཉིད་སུམ་ལྡན་ལྷུན་གྲུབ་ཀྱི། །འོད་གསལ་རང་ཤར་ཟུང་འཇུག་རང་བཞིན་འཆར། །རྒྱལ་བ་སྐུ་གསུམ་རྫོགས་ལ༴
།སྐུ་ལ་གྲིབ་མ་མི་མངའ་སེམས་ཅན་གྱི། །བསམ་རྒྱུད་སྐྱེ་བ་དུས་གསུམ་ས་ལེར་མཁྱེན། །དགོངས་པ་གཏད་པས་མཛེ་གདོན་གཅོང་ནད་སོགས། །མོད་ལ་ཞི་བར་མཛད་དེར༴
།དབང་བསྐུར་དུས་སུ་དཔའ་བོ་མཁའ་འགྲོ་ཡིས། །དཀྱིལ་འཁོར་བཞེངས་ཤིང་སོ་སོའི་སྐུ་རུ་བསྟན། །མཚན་ཐོས་ལམ་ཞུགས་ཞལ་མཇལ་ཙམ་གྱིས་ཀྱང་། །ཏིང་འཛིན་མཆོག་སྐྱེད་མཛད་ལ༴
བསམ་གཏན་བྲག་ཏུ་མཁའ་འགྲོ་ནི་གུ་མས། །མུ་ཏིག་ཕྲེང་བ་བརྒྱ་རྩ་བརྒྱད་གནང་སྟེ། །སྦས་པའི་གྲུབ་ཐོབ་དེ་མཚུངས་འབྱུང་བ་ཡིས། །ལུང་བཞིན་སྨིན་གྲོལ་མཛད་ལ༴
།བླ་མའི་བཀའ་བཞིན་དབང་པོ་མཆོག་དམན་དང་། །བཟང་ངན་རྒན་གཞོན་ཕྱོགས་དང་རིས་མེད་པར། །ཉམས་ཁྲིད་ཐེགས་པས་མཚན་གྱི་སྙན་པ་ནི། །རྒྱ་མཚོའི་ཕ་མཐར་ཁྱབ་ལ༴
ཛམ་བུའི་གླིང་གི་ཡུལ་ཆེན་དྲུག་པོ་དང་། །གླིང་ཕྲན་ཚུན་ཆད་གྲུབ་ཐོབ་སློབ་མས་ཁྱབ། །སྐལ་ལྡན་འབུམ་ཕྲག་དུ་མ་སྨིན་མཛད་པའི། །རྣམ་ཐར་བསམ་མི་ཁྱབ་ལ༴
།རིགས་དྲུག་ཁྱབ་བདག་ཡབ་ཡུམ་ལུང་བསྟན་ལྟར། །རིན་ཆེན་བདུན་པའི་ཕྲེང་བར་བྱོན་ནས་ཀྱང་། །རྡོ་རྗེའི་རྒྱ་བཀྲོལ་ཐུབ་བསྟན་ཇི་སྲིད་བར། །ཐར་པའི་ཁ་ལོ་བསྒྱུར་ལ༴
།རྟག་འཛིན་ཅན་རྣམས་ལོངས་མེད་བསྐུལ་བའི་སླད། །འགྲོ་དོན་མཐར་ཕྱིན་འཇའ་འོད་མེ་ཏོག་ཆར། །ས་གཡོ་སྤོས་ངད་བཅས་ཏེ་ཤར་ཕྱོགས་ཞིང་། །མེ་ཏོག་བཀྲམ་པར་གཤེགས་ལ༴
།ལྷ་མིའི་མཆོད་པའི་རྟེན་དུ་ངོ་མཚར་བའི། །གདུང་རིགས་ལྷ་སྐུ་རིང་བསྲེལ་དཔག་མེད་སྤྲུལ། །སྲིད་མཐའི་བར་དུ་དད་ལྡན་བསོད་ནམས་ཞིང་། །མི་ཉམས་རྒྱས་པར་མཛད་ལ་གསོལ་བ་འདེབས།
།ས་གསུམ་འགྲན་ཟླ་བྲལ་བ་ཆོས་ཀྱི་རྗེ། །དག་པའི་ཞིང་ནས་ཡེ་ཤེས་སྤྱན་གྱིས་གཟིགས། །གསོལ་འདེབས་བུ་ལ་ཐུགས་རྗེའི་ཤུགས་བསྐྱེད་ལ། །ཚེ་གཅིག་མངོན་འཚང་རྒྱ་བར་བྱིན་གྱིས་རློབས།
Khedrup Tsangma Shangtön
༈ །མཁས་གྲུབ་གཙང་མ་ཤངས་སྟོན་ལ་གསོལ་བ་འདེབས་པ་དཔལ་གྱི་སྒྲ་དབྱངས་ཞེས་བྱ་བ།
མཚན་དཔེའི་མེ་ཏོག་བསླབ་གསུམ་དྲི་ངད་འཕྲོ། མཁྱེན་བརྩེའི་ཟེའུ་འབྲུ་དྲི་མེད་མཛེས་པའི་སྐུ། །མཐོང་ཐོས་དྲན་པས་གདུང་སེལ་ཤངས་སྟོན་པ། །མཁས་གྲུབ་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས།
།དལ་འབྱོར་སྡོང་པོ་ཚུལ་ཁྲིམས་ལོ་འདབ་རྒྱས། །ཐོས་བསམ་གཞི་བརྟན་ཏིང་འཛིན་པདྨོ་འཛུམ། །ཉམས་རྟོགས་འབྲས་བུའི་རོ་བཅུད་གཡུར་དུ་ཟ། །གཙང་མ་ཤངས་སྟོན་ཞབས་ལ༴
།ཤངས་ཀྱི་ཡུལ་དང་རྭ་རིགས་ཡབ་ཡུམ་ལ། །བཀྲ་ཤིས་དགེ་བའི་ལྟས་བཅས་སྐུ་འཁྲུངས་ནས། །ངེས་འབྱུང་མོས་གུས་སྙིང་རྗེ་ཚད་མེད་པས། །བྱིས་པའི་སྤྱོད་ལས་འདས་ལ༴
།རྙོགས་པ་མེད་པའི་ཚུལ་ཁྲིམས་རྒྱལ་མཚན་འཛིན། །བསླབ་པ་ཕྲ་མོ་དག་ཀྱང་སྲོག་བཞིན་བསྲུང་། །འཆད་རྩོད་རྩོམ་ལ་འགྲན་པའི་ཟླ་དང་བྲལ། །ཐོས་བསམ་རྒྱ་ཆེར་མཛད་ལ༴
།ལོངས་སྤྱོད་མཐའ་དག་ཆོས་ཀྱི་ཕྱོགས་སུ་བཏང་། །ཀྱལ་ཀའི་ཕྱིར་ཡང་བླ་མའི་གསུང་མི་གཅོག །ཚེ་འདིའི་འདུན་གྲོས་ཐམས་ཅད་ལིངས་ཀྱིས་བོར། །རྩེ་གཅིག་སྒྲུབ་པར་གཞོལ་ལ༴
།རི་གོང་ཆོས་རྗེ་སངས་རྒྱས་སྟོན་པའི་ཞལ། །མཐོང་བ་ཙམ་གྱིས་བཅོས་མིན་མོས་གུས་དང་། །ཏིང་འཛིན་མཆོག་སྐྱེས་བདུན་ཕྲག་ཞག་གི་ཁོངས། །ཆོས་དྲུག་ཡོན་ཏན་རྫོགས་ལ༴
ཆིག་བརྒྱུད་བདུད་རྩི་ཐོག་མར་གསོལ་བ་ཡི། །སྐལ་ལྡན་ལུང་བསྟན་འཁོར་གྱི་དང་པོ་ཞེས། །འགྲན་ཟླ་བྲལ་བའི་ཐུགས་སྲས་དམ་པར་མཛད། །མཁས་གྲུབ་རྩོད་མེད་གྱུར་ལ༴
།འདི་དང་ཕྱི་མར་འགྲོ་དོན་དཔག་མེད་འབྱུང་། །བདེ་བ་ཅན་དུ་བཅུ་བཞིའི་ས་ཐོབ་ཅིང་། །བརྒྱུད་འཛིན་དང་བཅས་དག་པ་མཁའ་སྤྱོད་དུ། །འགྲོ་བའི་ལུང་བསྟན་བརྙེས་ལ༴
།རྡོ་རྗེ་ཕག་མོས་དབང་བཞིའི་ངོ་སྤྲོད་སྩལ། །ཨ་ཏིའི་ཁྲིད་གསན་ལྟ་སྟངས་བཅས་མ་ཐག །རིག་པ་ཚད་ཕེབ་འོད་གསལ་རྒྱ་འབྱམས་ཤར། །འཁྲུལ་སྣང་དབྱིངས་སུ་ནུབ་ལ༴
།བགེགས་སྐྱོན་མཐའ་དག་བདེ་བ་ཆེན་པོར་གྲོལ། །ཕྱི་ནང་སྣང་སྲིད་དག་པ་རབ་འབྱམས་གཟིགས། །སྒྲོལ་མས་བྱིན་བརླབས་མཉམ་རྗེས་འཁོར་ཡུག་འདྲེས། །ཌཱ་ཀི་དངོས་སུ་འདུ་ལ༴
།ཕྱིར་མི་ལྡོག་པའི་རྟགས་ཀུན་གསལ་བར་མངའ། །སྐུ་ལ་འབུ་སྲིན་དྲི་མེད་གཟི་མདངས་ལྡན། །ཞལ་རས་མཐོང་བ་ཙམ་གྱིས་སྣང་བ་འགྱུར། །ཐུགས་རྗེ་ཆེ་དངོས་ཁྱེད་ལ༴
།ནད་གདོན་མཐའ་དག་ཞལ་ཆབ་ཙམ་གྱིས་སེལ། །མཐོང་ཐོས་འབྲེལ་བའི་དད་ལྡན་རིས་མེད་ལ། །སྒྱུ་མ་འོད་གསལ་ལ་སོགས་ཏིང་ངེ་འཛིན། །ཚེགས་མེད་འཆར་བར་མཛད་ལ༴
།ཡོན་ཏན་མ་ལུས་སྦས་པའི་ཚུལ་དུ་བཞུགས། །བཞུགས་གདན་ན་བཟའ་ཕྲུགས་གཅིག་མ་གཏོགས་པ། །བདག་གིར་བཟུང་བའི་ཡོ་བྱད་ཀུན་སྤངས་ལ། ཞེན་ལོག་མཐར་ཕྱིན་ཁྱེད་ལ༴
།འགྲོ་དོན་རྒྱ་ཆེར་མཛད་ནས་ཌཱ་ཀི་ཡི། །བསུ་བ་མཁའ་དབྱིངས་ཁྱབ་སོགས་ངོ་མཚར་བའི། །ཆོ་འཕྲུལ་བསྟན་ནས་དག་པའི་ཞིང་དུ་གཤེགས། སྐུ་གདུང་རྒྱས་པར་མཛད་ལ་གསོལ་བ་འདེབས།
།དཔལ་ལྡན་བླ་མའི་ཐུགས་རྗེའི་ལྕགས་ཀྱུ་ཡིས། །བདག་སོགས་འཁོར་བའི་འདམ་ལས་མྱུར་དྲངས་ཏེ། །ཚེ་འདིར་བསམ་དོན་ཆོས་བཞིན་འགྲུབ་པ་དང་། །ཕྱི་མར་སྐུ་གསུམ་གོ་འཕང་ཐོབ་མཛད་གསོལ།
Khedrup Samdingpa Shönu Drup
༈ །མཁས་གྲུབ་བསམ་སྡིངས་པ་གཞོན་ནུ་གྲུབ་ལ་གསོལ་བ་འདེབས་པ་སྙན་པའི་སྒྲ་དབྱངས་ཞེས་བྱ་བ།
དྲི་མེད་རྣམ་ཐར་འགྱུར་མེད་རྟོགས་པའི་མཆོག །གཡེལ་མེད་ཐུགས་རྗེ་ཐོགས་མེད་མངོན་པར་ཤེས། །དོན་ལྡན་ཕྲིན་ལས་བདག་ཉིད་བསམ་སྡིངས་པ། །གཞོན་ནུ་གྲུབ་མཆོག་ཞབས་ལ་གསོལ་བ་འདེབས།
།བསྔགས་འོད་ཡོན་ཏན་བརྒྱ་ལྡན་ཉང་སྨད་དུ། །ཁྱིམ་བདག་དྲྭ་མར་མཁའ་འགྲོའི་ལྷུམས་སུ་ཞུགས། །བལྟམས་ནས་དགུང་ལོ་བཞི་པར་གྲུབ་པའི་གནས། །གཟིགས་ཚེ་ཏིང་འཛིན་བརྙེས་ལ༴
།སྣར་ཐང་ཆོས་གྲྭར་མཆིམས་ལས་རབ་ཏུ་བྱུང་། །མདོ་རྒྱུད་བསྟན་བཅོས་མན་ངག་ཀུན་ལ་སྦྱངས། །བཙུན་མཁས་ཤེས་རབ་ཟབ་མོའི་ཕ་རོལ་ཕྱིན། །རྣམ་སྤྱོད་འགྲན་ཟླ་བྲལ་ལ༴
།འཁོར་དང་ལོངས་སྤྱོད་ཚེ་འདིའི་དཔལ་འབྱོར་ཀུན། །མཆིལ་མའི་ཐལ་བ་ལྟ་བུར་རིང་དུ་བོར། །དཀའ་ཐུབ་དྲག་པོས་དགེ་སྦྱོར་དཔག་མེད་མཛད། །བྱ་བཏང་རྒྱལ་པོ་ཁྱེད་ལ༴
།མཚན་ལྡན་མཁས་གྲུབ་བརྒྱད་ཅུ་རྩ་གསུམ་བསྟེན། །ཐུགས་ཡིད་གཅིག་འདྲེས་ཐུགས་བཅུད་རྫོགས་པར་བཞེས། །ཀུན་གྱིས་གཟེངས་བསྟོད་ལུང་བསྟན་རྗེས་གནང་ཐོབ། །རྒྱལ་ཚབ་དབང་བརྙེས་གྱུར་ལ༴
།སངས་རྒྱས་སྟོན་པའི་དྲུང་དུ་ཕེབས་པའི་ལམ། །གསོལ་བ་བཏབ་པས་སྒྱུ་ལུས་རྨི་ལམ་གྱི། །ཏིང་འཛིན་རང་འཁྲུངས་ཞལ་རས་མཐོང་ཙམ་གྱིས། །རྟོག་ཚོགས་ཆོས་སྐུར་གྲོལ་ལ༴
།ཆིག་བརྒྱུད་ཐོག་དྲངས་ཟབ་ཆོས་མ་ལུས་པ། །བུམ་པ་གང་བྱོར་སྩལ་ཏེ་ང་ཡིས་ཆོས། །བདག་པོར་འཕྲོད་པས་འགྲོ་དོན་མཛོད་ཅིག་ཅེས། །གནང་བ་ལན་གསུམ་ཐོབ་ལ༴
།བཟོད་མེད་སྙིང་རྗེས་རང་བདེ་རིང་སྤངས་ནས། །ཡེངས་མེད་བརྩོན་པས་ཆོས་སྐུའི་ངང་དུ་འབྱམས། །འཁྲུལ་པའི་སྣང་བ་ནམ་ཡང་མི་མངའ་བ། །འོད་གསལ་ཁོར་ཡུག་གྱུར་ལ༴
།རྫོགས་པ་ཆེ་དང་གསུང་ངག་རིན་པོ་ཆེའི། །དགོངས་ཉམས་མཐར་ཕྱིན་སངས་རྒྱས་ཞིང་ཁམས་དང་། །འགྲོ་དྲུག་གནས་རྣམས་མ་བསྒྲིབས་ས་ལེར་གཟིགས། །ཡེ་ཤེས་སྤྱན་དང་ལྡན་ལ༴
།གཉན་ཁྲོད་དུ་མར་ལུས་སྲོག་ཐེད་ལ་བོར། །སྟོང་ཉིད་སྙིང་རྗེའི་བརྟུལ་ཞུགས་རླབས་ཆེན་གྱིས། །རང་སྣང་དབང་འདུས་གཞན་སྣང་ཟིལ་གྱིས་མནན། །སྤྱོད་ཡུལ་མཐར་ཕྱིན་ཁྱེད་ལ༴
།བླ་མའི་སྤྱན་སྔར་སྨོན་ལམ་མཛད་པའི་ཚེ། །བཀའ་བརྒྱུད་བླ་མ་བྱོན་ནས་བྱིན་གྱིས་བརླབས། །སྣང་སེམས་སྐུ་དང་ཞིང་ཁམས་ཡེ་ཤེས་ལས། །ནམ་ཡང་གཡོ་བ་མེད་ལ༴
།མཐོང་ཐོས་དྲན་རེག་གདུལ་བྱ་ཚད་མེད་པ། །ཐར་པའི་གྲོང་དུ་བཀོད་ནས་ངོ་མཚར་ལྟས། །བསམ་མི་ཁྱབ་བཅས་བདེ་བ་ཅན་དུ་གཤེགས། །རྣམ་འཕྲུལ་མཁའ་མཉམ་བསྟན་ལ༴
།ཆོས་ཀྱི་རྒྱལ་པོ་མཁས་གྲུབ་རིན་པོ་ཆེ། །དག་པའི་ཞིང་ནས་བརྩེ་བས་གཟིགས་མཛོད་ལ། །འགྲོ་ཀུན་སྲིད་པའི་མྱ་ངན་ལས་བསྒྲལ་ཞིང་། །སྒྲུབ་བརྒྱུད་བསྟན་པ་རྒྱས་པའི་དགེ་ལེགས་སྩོལ།
Jakchen Gyeltsen Bum
༈ །མཁས་བཙུན་འཇག་ཆེན་རྒྱལ་མཚན་འབུམ་ལ་གསོལ་བ་འདེབས་པ་རྣམ་གྲོལ་སྒྲ་དབྱངས་ཞེས་བྱ་བ།
སྨོན་ལམ་རྒྱ་མཚོ་དྲི་མེད་གཏིང་མཐའ་བྲལ། །རྨད་བྱུང་ཡོན་ཏན་རིན་ཆེན་གཏེར་གྱིས་གང་། །མཁས་བཙུན་སངས་རྒྱས་དཔལ་ལྡན་འཇག་ཆེན་པ། །རྒྱལ་མཚན་འབུམ་པའི་ཞབས་ལ་གསོལ་བ་འདེབས།
།གྲུབ་རིགས་ཐིག་ལེ་སྤྲུལ་པའི་སྐུ་རུ་བསྟན། །མ་བསླབ་ཡི་གེ་རང་བརྡོལ་བློ་རྩལ་རྒྱས། །གཟིགས་པ་ཙམ་གྱིས་ཆོས་ཀུན་ཐུགས་ལ་འཁྲུངས། །གང་འདུལ་སྒྱུ་འཕྲུལ་སྟོན་ལ༴
།བསླབ་གཞི་ཀུན་བླངས་སྤང་བྱ་མཐའ་དག་སྤངས། །ངེས་འབྱུང་ཚུལ་ཁྲིམས་འཆལ་མེད་ཕ་རོལ་སོན། །ཐོས་པའི་བདུད་རྩི་ངོམས་པ་མེད་པར་གསོལ། །འཆད་མཁས་གྲགས་པས་ཁྱབ་ལ༴
།རྒྱུན་གཅོད་མཛད་ཚེ་མཁའ་འགྲོས་བྱིན་གྱིས་བརླབས། །བཏུང་བ་ཕལ་པ་རོ་ལྡན་བདུད་རྩིར་གྱུར། །ནག་པོ་ཆེན་པོས་ཞལ་བསྟན་བར་ཆད་བསལ། །རང་བཞིན་རྣལ་འབྱོར་གྱུར་ལ༴
།གཙང་མ་ཤངས་སྟོན་ཆེན་པོས་རྗེས་སུ་བཟུང་། །ཆོས་དང་བཀའ་ལུང་མཐའ་དག་རྫོགས་པར་སྩལ། །ཉམས་རྟོགས་ངེས་ཤེས་དབྱར་གྱི་ལྗོངས་ལྟར་འཁྲུངས། །རྒྱལ་བའི་གདུང་འཛིན་ཁྱེད་ལ༴
།གཉན་ཁྲོད་དུ་མར་སྤྱོད་ཡུལ་མཐར་ཕྱིན་མཛད། །དབེན་པ་རྣམས་སུ་ཡེངས་མེད་སྒྲུབ་ལ་བརྩོན། །བླ་མ་ཡི་དམ་རྣམས་ཀྱིས་ཞལ་བསྟན་ཅིང་། །ཌཱ་ཀིའི་ལུང་བསྟན་ཐོབ་ལ༴
།འོད་གསལ་མདངས་ལས་འཁོར་འདས་ཞིང་ཀུན་གཟིགས། །བླ་མ་རིན་ཆེན་སྣ་ལྔའི་དབང་ཞུ་དང་། །དཔེ་རྣམས་སྩལ་ནས་སྙན་བརྒྱུད་བདག་པོར་བསྐོས། །འགྲོ་དོན་རྗེས་སུ་གནང་༴
།ཞལ་མཐོང་ཙམ་གྱིས་གཞན་སྣང་འགྱུར་བ་དང་། །དགོངས་པ་གཏད་པས་ནད་གདོན་མཐའ་དག་ཞི། །ཆོས་འདོད་ཙམ་ལ་ཏིང་འཛིན་སྐྱེད་པར་ནུས། །སྣང་སེམས་དབང་དུ་མཛད་ལ༴
།ལན་རེ་ཡི་དམ་ལྷ་ཡི་སྐུ་རུ་བཞེངས། །སྐབས་སུ་དཔའ་བོ་ཌཱ་ཀིས་ཞབས་ཏོག་སྒྲུབ། །འབྱུང་པོ་ཆེ་དགུས་འདུད་ཅིང་ཅི་བཅོལ་ཉན། །གྲུབ་པའི་སྤྱི་རྗེ་ཁྱོད་ལ༴
།རྩ་གསུམ་གནང་བ་ཇི་བཞིན་གདམས་ངག་རྣམས། །ཡི་གེར་བཀོད་པས་ཐུབ་བསྟན་ཇི་སྲིད་པར། །སྒྲུབ་བརྒྱུད་སྙིང་པོ་རྒྱུན་མི་ཆད་མཛད་པ། །བཀའ་དྲིན་བསམ་ལས་འདས་ལ༴
།སྐལ་ལྡན་བྱེ་བ་སྙེད་ཀྱི་དོན་མཛད་ནས། །སྐུ་ལུས་བཀོད་པ་དུ་མས་ཆོས་བསྟན་སོགས། །བདེ་ལྡན་ཞིང་དུ་ཆོ་འཕྲུལ་ཆེན་པོས་གཤེགས། །རིང་བསྲེལ་དཔག་མེད་སྤྲུལ་ལ་གསོལ་བ་འདེབས།
།རྨུ་རྒོད་བདག་སོགས་སྙིགས་མར་ཆུད་པ་རྣམས། །མཁས་བཙུན་སངས་རྒྱས་ཆེན་པོས་བྱིན་རློབས་ལ། །རང་སེམས་ཆོས་སྐུ་མངོན་སུམ་རྟོགས་པ་དང་། །བསམ་དོན་ཆོས་བཞིན་འགྲུབ་པར་མཛད་དུ་གསོལ། །དེ་ནས་འཇག་བསམ་གཉིས་ཀྱི་གདན་སློབ་བརྒྱུད་པ་ནི་མཐའ་ཡས་པས་འབྲི་བར་རྔོ་མི་ཐོགས་ཀྱང་རང་ལུགས་བརྒྱུད་པར་ཤིན་ཏུ་གལ་ཆེ་བ་ནི།
Khyungpo Tsültrim Gönpo
།ཁྱུང་པོ་ཚུལ་ཁྲིམས་མགོན་པོ་ལ་གསོལ་བ་འདེབས་པ་པདྨའི་སྒྲ་དབྱངས་ཞེས་བྱ་བ།
སྤྲོས་བྲལ་མཁའ་ལ་ཐུགས་རྗེའི་དཀྱིལ་འཁོར་རྒྱས། །བྱིན་རླབས་འོད་ཀྱིས་སྐྱེ་དགུའི་མུན་པ་སེལ། །ཡེ་ཤེས་སྣང་བ་བསྐྱེད་མཛད་སྤྲུལ་པའི་སྐུ། །ཚུལ་ཁྲིམས་མགོན་པོའི་ཞབས་ལ་གསོལ་བ་འདེབས།
།སྐྱེ་འགགས་གནས་བྲལ་ཆོས་སྐུའི་མཁའ་དབྱིངས་ལས། །ངེས་པ་ལྔ་ལྡན་ལོངས་སྤྱོད་སྤྲིན་དུ་སྣང་། །སྣ་ཚོགས་གང་འདུལ་སྤྲུལ་པའི་སྒྱུ་འཕྲུལ་གྱིས། །མཁའ་ཁྱབ་གདུལ་བྱ་འདུལ་ལ༴
།སྲིད་པའི་རྩ་བ་བྱང་ཆུབ་སྙིང་པོར་བཅད། །ཞིང་ཁམས་རྒྱ་མཚོར་རྒྱལ་བའི་ཕྲིན་ལས་ཀྱིས། །ཡོངས་སུ་ཁྱབ་ཀྱང་ཁྱད་པར་དག་པའི་ཞིང་། །བདེ་བ་ཅན་དུ་བཞུགས་ལ༴
།གཞན་སྣང་རྒྱལ་སྲས་སྙིང་སྟོབས་ཆེན་པོ་ཡི། །ངང་ཚུལ་བཟུང་ནས་རྒྱལ་བའི་ཆོས་འཛིན་ཅིང་། །ཞིང་ཁམས་ཡོངས་སྦྱོང་འགྲོ་མང་སྨིན་པ་སོགས། །རྣམ་ཐར་བསམ་མི་ཁྱབ་ལ༴
།རྙོགས་པ་ལྔ་དང་ལྡན་པའི་འཇིག་རྟེན་ལ། །སྙིང་རྗེའི་སྟོབས་ཅན་ལྷག་པར་བརྩེ་བས་ན། །མི་མཇེད་འཛམ་གླིང་བྱང་ཕྱོགས་བསིལ་ལྡན་དུ། །བསམ་བཞིན་སྲིད་པར་རོལ་ལ༴
།སྤང་རྟོགས་ཕ་མཐར་སོན་པས་རང་གི་དོན། །ཆེད་དུ་བྱ་བ་རྡུལ་ཙམ་མ་དམིགས་ཀྱང་། །གདུལ་བྱ་ཐར་པའི་ལམ་དུ་དཀྲི་བའི་ཕྱིར། །བསྟན་པར་རིམ་འཇུག་མཛད་ལ༴
།གསང་གསུམ་རྡུལ་བྲལ་གསེར་གྱི་ལྷུན་པོ་ལ། །ཆོས་ཀྱི་བླ་གོས་ཐུན་མཚམས་དམར་འོད་འཁྱུད། །ལྷག་པའི་བསླབ་པ་ཉི་ཟླའི་དཀྱིལ་འཁོར་གྱིས། །ཁམས་གསུམ་མུན་པ་སེལ་ལ༴
།ཐོས་པའི་ཆུ་གཏེར་མཁྱེན་རབ་ནོར་བུས་གཏམས། །རྨད་བྱུང་བསམ་པའི་རླབས་ཕྲེང་ཀུན་ཏུ་གཡོ། །སྒོམ་པ་རིན་ཆེན་རི་དབང་ལྷུན་མཐོ་བས། །གླིང་བཞིའི་རྒྱན་དུ་གྱུར་ལ༴
།གཙང་མ་ཤངས་སྟོན་ཚུལ་ཁྲིམས་འབུམ་པའི་ཞབས། །བསྙེན་པའི་ཚུལ་མཛད་སྙན་བརྒྱུད་བདུད་རྩིས་བཅུད། །ཐུགས་སུ་བསྐྱིལ་ནས་སྒོམ་པའི་རོ་མྱང་བས། །རྟོགས་གྲོལ་དུས་མཉམ་གྱུར་ལ༴
།སངས་རྒྱས་བྱང་སེམས་རྣམས་ཀྱིས་ལུང་བསྟན་ཅིང་། །གྲུབ་པ་རྣལ་འབྱོར་ཡོངས་ཀྱི་བྱིན་གྱིས་བརླབས། །གནས་གསུམ་མཁའ་འགྲོའི་ཚོགས་ཀྱི་རྗེ་བོ་མཛད། །གདུལ་བཞིའི་ཆོ་འཕྲུལ་སྟོན་ལ༴
།རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་ཁམས་གཟིགས། །དེ་སྙེད་རྣམས་སུ་རྣམ་འཕྲུལ་མཐའ་ཡས་སྤྲོ། །རང་རང་སྐད་དུ་ཆོས་སྒོ་བསམ་ཡས་སྟོན། །སངས་རྒྱས་ཕྲིན་ལས་མཛད་ལ༴
།རྒྱལ་འཕགས་རྣམས་དང་བཀའ་ཡི་བགྲོ་བ་མཛད། །མཆོག་གྲུབ་རྣམས་དང་ཉམས་ཀྱི་གླེང་མོ་འཆད། །མཁའ་འགྲོ་རྣམས་དང་གསང་བའི་བརྟུལ་ཞུགས་སྤྱོད། །ངོ་མཚར་བསམ་མི་ཁྱབ་ལ༴
།མཐོང་ཐོས་དྲན་དང་ཆ་ཤས་རེག་པ་ཡང་། །རྣམ་གྲོལ་གཏན་གྱི་བདེ་བར་དབུགས་དབྱུང་སྩལ། །མི་མིན་མི་སྲུན་གདུག་པའི་སེམས་ཞི་ནས། །བྱང་སེམས་མྱུ་གུ་བསྐྲུན་ལ༴
།འཕགས་བོད་མཁས་བཙུན་གྲུབ་པ་མ་ལུས་པའི། །རྣམ་ཐར་སྙིང་པོ་གཅིག་ཏུ་བསྡུས་པ་བཞིན། །འཇིག་རྟེན་གསུམ་ན་འགྲན་གྱི་ཟླ་མེད་པས། །ཁྱུང་པོ་གསུམ་པར་གྲགས་ལ༴
།སྐལ་ལྡན་རྣམས་ལ་གསང་བའི་མཛོད་ཁང་སྩལ། །བདེ་ལྡན་ཞིང་དུ་ཆོ་འཕྲུལ་ཆེན་པོས་གཤེགས། །སླར་ཡང་བསམ་མི་ཁྱབ་པའི་རྣམ་རོལ་གྱིས། །གདུལ་བྱ་འདུལ་བར་མཛད་ལ་གསོལ་བ་འདེབས།
།བདག་སོགས་སྐྱེ་དགུའི་ལུས་ངག་ཡིད་གསུམ་ལ། །གསང་བ་གསུམ་གྱི་བྱིན་རླབས་རབ་ཞུགས་ཏེ། །མི་ཟད་རྒྱུན་གྱི་འཁོར་ལོའི་རྣམ་ཐར་སྤྲིན། །ཆོས་དབྱིངས་ཀུན་ཁྱབ་ཁྱོད་དང་མཚུངས་པར་ཤོག
Ritrö Rechen Sangyé Sengé
༈ །བྱ་བྲལ་རི་ཁྲོད་རས་ཆེན་ལ་གསོལ་བ་འདེབས་པ་གསང་བའི་སྒྲ་དབྱངས་ཞེས་བྱ་བ།
གངས་དཀར་ཁྲོད་དུ་གདོང་ལྔའི་དབང་པོ་བཞིན། །བས་མཐའ་དབེན་པའི་གནས་སུ་ལྟོས་མེད་བཞིས། །བསྙེངས་བྲལ་བརྟུལ་ཞུགས་སྤྱོད་པའི་བྱ་བྲལ་བ། །རི་ཁྲོད་རས་ཆེན་ཞབས་ལ་གསོལ་བ་འདེབས།
།སྙིང་པོའི་རིགས་མཆོག་ཡོངས་སུ་སད་པ་ལས། །འདིར་སྣང་བདེ་འབྱོར་རྨི་ལམ་རྒྱལ་སྲིད་ལ། །ཆུ་ཤིང་ལྟ་བུར་སྙིང་པོ་མེད་གཟིགས་ནས། །དལ་འབྱོར་དོན་ཡོད་མཛད་ལ༴
།འཁོར་བའི་གནས་རིས་མཐོ་དམན་གང་དུ་ཡང་། །སྡུག་བསྔལ་རང་བཞིན་ཤ་བཙོན་ཁང་བུ་ལྟར། །ལྟར་སྣང་བདེ་བའང་སྡུག་བསྔལ་རྒྱུར་གཟིགས་ནས། །ངེས་འབྱུང་ཁོང་ནས་བརྡོལ་ལ༴
།ལྷ་མིའི་དབང་ཕྱུག་མཆོག་གི་དཔལ་འབྱོར་ཡང་། །མི་རྟག་འགྱུར་བ་གློག་གི་གར་མཁན་བཞིན། །ཕ་རོལ་རྗེས་འབྲངས་ཏིལ་ཙམ་མེད་གཟིགས་ནས། །ཞེན་ལོག་མཐའ་རུ་ཕྱིན་ལ༴
།རྙེད་བཀུར་གྲགས་སོགས་ཆོས་བརྒྱད་བསླུ་བྲིད་རྣམས། །སྲིན་མོའི་གླིང་བཞིན་ཐར་པའི་སྲོག་གཅོད་དུ། །མཁྱེན་ནས་རྨི་ལམ་དུ་ཡང་དོར་མཛད་པས། །འཁོར་བར་ཕྱི་ཕྱག་འཚལ་ལ༴
།ཆེད་དུ་བཅོས་དང་གཞན་གྱིས་བསྐུལ་མིན་པར། །མཆོག་ལ་དད་གུས་དམན་ལ་སྙིང་རྗེའི་ཤུགས། །འཕེལ་འགྲིབ་མི་མངའ་དུས་མཐའི་མེ་བཞིན་འབར། །རྒྱལ་སྲས་སེམས་དཔའ་ཆེན་པོར༴
།བཤེས་གཉེན་བསྟེན་སོགས་ཆོས་བཞིན་བསྒྲུབ་པའི་བློ། པདྨོའི་མཚོ་ལ་ངང་མོ་འཇུག་པ་བཞིན། །སྐྱེས་བུ་དམ་པའི་རྣམ་ཐར་ཡོངས་རྫོགས་པས། །དགོངས་སྤྱོད་དྲི་མ་མེད་ལ༴
།ཁྱད་པར་ཁྱུང་པོ་གསུམ་པའི་ཞབས་པདྨོ། །མི་ཕྱེད་གུས་པས་གཙུག་གི་རྒྱན་དུ་བཀོད། །མཉེས་པ་རྣམ་དགུའི་ཟབ་གསང་བཅུད་ནོས་ཏེ། །རྒྱལ་བའི་གདུང་འཛིན་གྱུར་ལ༴
།མཆོག་གི་ཙཎྜ་ལཱི་ཡི་གཟི་བརྗིད་འབར། །འཁོར་འདས་ཆོས་ཀུན་སྒྱུ་མའི་ལུས་སུ་རྟོགས། །འོད་གསལ་ཕྱག་རྒྱ་ཆེན་པོར་སྙོམས་པར་འཇུག །ཉིད་འཁྲུལ་ལྷ་སྐུར་ཤར་ལ༴
།འགྱུར་མེད་བདེ་དང་སྟོང་པའི་རོས་མྱོས་ཏེ། །སྣང་སྲིད་ཟིལ་གནོན་བརྟུལ་ཞུགས་གར་བརྒྱ་ཡིས། །འཁྲུལ་པའི་སྣང་བ་དབྱིངས་སུ་བཅིལ་མཛད་པས། །སྐལ་ལྡན་སྤྲོ་བ་བསྐྱེད་ལ༴
།སྙིགས་དུས་ཆོས་མིན་རྣམ་དཔྱོད་བདུད་རིས་ཀྱི། །སྡོང་ཟླར་བཅས་པས་འགྲོ་མང་བསླུས་གཟིགས་ནས། །ཆོས་ལྟར་བཅོས་པའི་གཞན་དབང་མ་ཤོར་བར། །ཡང་དག་ཆོས་མཐར་ཕྱིན་ལ༴
།དྭངས་མའི་སྐུ་ལ་རས་དཀར་བླ་གོས་འཁྱུད། །དོ་ཧའི་གླུ་དབྱངས་དཔལ་གྱི་མགུར་ནས་ལེན། །དགོངས་པའི་དྲོད་གཏད་ལས་ཅན་ཤེས་རྒྱུད་དུ། །རྡོ་རྗེའི་ཡེ་ཤེས་འབེབས་ལ༴
།རྣལ་འབྱོར་དབང་ཕྱུག་ཐུགས་རྗེའི་སྟོབས་སྐྱེད་ལ། བདག་བློ་ཆོས་མིན་གཡང་ས་ལས་སྒྲོལ་ཏེ། །སྲིད་ལ་ངེས་འབྱུང་བྱང་ཆུབ་ཁང་བཟང་དུ། །ཆོས་ཀྱི་རྒྱལ་པོའི་དཔལ་བརྙེས་བྱིན་གྱིས་རློབས།
Shangkarwa Rinchen Gyeltsen
༈ །མཁྱེན་ལྡན་ཤངས་པ་དཀར་པོ་ལ་གསོལ་བ་འདེབས་པ་རྣམ་དག་སྒྲ་དབྱངས་ཞེས་བྱ་བ།
དྲི་མེད་མཁྱེན་རབ་ནམ་མཁའི་ཁྱོན་ལྟར་ཡངས། །དམིགས་མེད་བརྩེ་བའི་ཐུགས་རྗེ་གཏིང་མཐའ་བྲལ། །ཕྲིན་ལས་བསམ་མི་ཁྱབ་པའི་ཤངས་དཀར་བ། །རིན་ཆེན་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས།
།རྟག་ཆད་མཐའ་ལས་རྣམ་གྲོལ་ཆོས་ཀྱི་དབྱིངས། །འགྱུར་བ་མེད་ལས་ཐུགས་རྗེ་ཆེན་པོའི་རྩལ། །མོས་པ་སྣ་ཚོགས་གཟུགས་སུ་རྣམ་འཕྲུལ་པས། །དུས་གསུམ་གདུལ་བྱ་འདུལ་ལ༴
།སྤྲིན་ཚོགས་ནམ་མཁའི་ཀློང་དུ་གཅིག་པ་བཞིན། །བརྒྱུད་འཛིན་གཟུགས་སྐུའི་རྣམ་འགྱུར་དུ་མ་ཡང་། །ཡེ་ཤེས་ཌཱ་ཀིའི་དབྱིངས་སུ་རོ་གཅིག་ཕྱིར། །བསམ་བཞིན་སྲིད་པ་བཟུང་ལ༴
།མཐོ་རིས་འབྱོར་པའི་ལང་ཚོས་མཛེས་པའི་སྐུ། །འདམ་གྱི་ཁྲོད་དུ་སྐྱེས་པའི་པདྨ་བཞིན། །སྲིད་ན་སྲིད་པའི་སྐྱོན་གྱིས་མ་གོས་པས། །ལྷར་བཅས་ངོ་མཚར་སྐྱེད་ལ༴
།རང་བཞིན་གྱིས་གྲུབ་སྤོབས་པའི་ཆུ་གཏེར་དུ། །སྦྱོར་བྱུང་ཐོས་པའི་ཆུ་ཀླུང་བྱེ་བ་སྡུད། །ཡོན་ཏན་ཀུན་གཞི་ལྷག་པའི་ཚུལ་ཁྲིམས་ཀྱི། །གྲོང་ཁྱེར་ཉམས་དགར་འཛེགས་ལ༴
།རིས་མེད་ཚད་མའི་སྐྱེས་བུའི་ཞབས་བསྟེན་ནས། །གདམས་ངག་བདུད་རྩིའི་བཅུད་གསོལ་ཁྱད་པར་དུ། །མཁའ་འགྲོའི་དབང་ཕྱུག་རི་ཁྲོད་རས་ཆེན་ལས། །དོན་བརྒྱུད་རྟོགས་པ་བརྙེས་ལ༴
།རྡོ་རྗེ་འཆང་གི་དགོངས་པའི་བཅུད་ཟབ་མོ། །ཡེ་ཤེས་མཁའ་འགྲོའི་གསང་ཚིག་མ་བསླད་པ། །ཐབས་ལམ་ཆོས་དྲུག་གྲོལ་ལམ་ཕྱག་རྒྱ་ཆེ། །བརྩོན་པས་ཉམས་སུ་བཞེས་ལ༴
།རོ་རྐྱང་ཉི་ཟླའི་བགྲོད་པ་ཀུན་འདར་མར། །བཙན་ཐབས་སྦྱོར་བས་ཡོངས་སུ་བཅིངས་ནས་སུ། །མ་དག་ལས་རླུང་ཟག་པའི་གྲོང་ཁྱེར་གྱི། །འཁྲུལ་འཁོར་བཅོམ་པར་མཛད་ལ༴
།ཞུ་བདེ་འགྱུར་བ་མེད་ལ་བརྟན་པ་ཐོབ། །སྣང་གྲགས་རྟོག་ཚོགས་ཆུ་ཟླ་ལྟ་བུར་གཟིགས། །དཔའ་བོ་རྣལ་འབྱོར་མ་དང་སྐལ་མཉམ་གྱུར། །བདེ་ཆེན་ཡེ་ཤེས་བརྙེས་ལ༴
།སྤྲིན་བྲལ་མཁའ་ལ་ཉིན་བྱེད་དབང་པོ་བཞིན། །རྣམ་དག་སེམས་ལ་ཡེ་ཤེས་ཉི་མ་ཤར། །ཇི་ལྟ་ཇི་སྙེད་མཁྱེན་པའི་སྣང་བ་རྒྱས། །ཆོས་ཉིད་བདེན་པ་གཟིགས་ལ༴
།ཆུ་ཀླུང་རྒྱུན་ཆད་མེད་པར་འབབས་པ་བཞིན། །བརྟན་ཐོབ་སེམས་ལ་མཉམ་རྗེས་རིས་མ་ཆད། །བདེ་གསལ་མི་རྟོག་འཕེལ་གྲིབ་མེད་པར་མྱོང་། །ཉམས་རྟོགས་མཐའ་རུ་ཕྱིན་ལ༴
།རི་རྒྱལ་ལྷུན་པོ་གཡོ་འགུལ་མེད་པ་བཞིན། །འཁྲུལ་རྟོག་རྐྱེན་གྱིས་ནམ་ཡང་གཡོ་བ་མེད། །གཞན་ཏུ་མི་ཚོལ་སངས་རྒྱས་རང་ལས་རྙེད། །འབྲས་བུ་མངོན་གྱུར་ཁྱེད་ལ༴
།རང་དོན་ཟུང་འཇུག་གྲུབ་པའི་རྒྱལ་སར་གཤེགས། །གཞན་དོན་གང་འདུལ་ཕྲིན་ལས་བསམ་ཡས་ཀྱིས། །སྐལ་དམན་ཚར་བཅད་སྐལ་ལྡན་རྗེས་སུ་བཟུང་། །བཀའ་བརྒྱུད་རྒྱལ་རབས་སྤེལ་ལ༴
།ཐར་པའི་ལམ་སྟོན་དགེ་བའི་བཤེས་དང་མཇལ། །ལམ་མཆོག་རྡོ་རྗེ་ཐེག་པའི་གསང་བར་སྤྱོད། །ལམ་གྱི་མངོན་རྟོགས་རྩོལ་མེད་རྒྱུད་ལ་སྐྱེས། །ལམ་གསང་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས།
Sangyé Pelsang
༈ །མཉམ་མེད་སངས་རྒྱས་དཔལ་བཟང་ལ་གསོལ་བ་འདེབས་པ་བདུད་རྩིའི་སྒྲ་དབྱངས་ཞེས་བྱ་བ།
སངས་རྒྱས་བསྟན་པ་ཡོངས་ཀྱི་དཔལ་དུ་ཤར། །ཁྱད་པར་བཀའ་བརྒྱུད་བསྟན་པའི་མངའ་བདག་མཆོག །འགྲན་ཟླ་ཀུན་བྲལ་མཉམ་མེད་ལྐུགས་ལུང་པ། །སངས་རྒྱས་དཔལ་བཟང་ཞབས་ལ་གསོལ་བ་འདེབས།
།དག་པའི་སར་གནས་དབང་ཆེན་ཐོབ་པ་ཡི། །གཟུགས་སྐུའི་ཟླ་གཞོན་གདུལ་བྱའི་ཆུ་སྣོད་དུ། །རྣམ་པར་གསལ་ནས་བསྟན་དང་འགྲོ་དོན་གྱི། །སྒྱུ་འཕྲུལ་ཅི་ཡང་སྟོན་ལ༴
།སྨོན་ལམ་མཐུ་ཅན་སྲིད་བདེའི་སླུ་བྲིད་ཀྱིས། །མི་གཡེང་བཟང་པོ་སྤྱོད་པ་ཆོས་ཉིད་ཕྱིར། །དཔལ་འབྱོར་མཆིལ་མའི་ཐལ་བ་རིང་དུ་བཏང་། །གཏན་བདེའི་འདུན་མ་བརྩམས་ལ༴
།ཆོས་མིན་ཆོས་ལྟར་བཅོས་པས་སྐྱེ་བོ་རྣམས། །འཕྲལ་ཡུན་ངན་འགྲོའི་རྒྱུ་རུ་སྦྱོར་གཟིགས་ནས། །སྟོན་པའི་བསྟན་པ་ཡང་དག་སྙིང་པོའི་ཚུལ། །འཆུག་མེད་བཙལ་བར་མཛད་ལ༴
།འཇིགས་སྐྱོབ་ལེགས་སྨོན་ཙམ་མིན་ཁམས་གསུམ་ལས། །ངེས་པར་འབྱུང་བའི་ཚུལ་ཁྲིམས་ཡིད་བཞིན་ནོར། །ལྷག་བསམ་བྱང་སེམས་རྒྱལ་མཚན་རྩེར་བཀོད་པས། །ཕན་བདེའི་འབྱུང་གནས་གྱུར་ལ༴
།ཤེས་པའི་དོན་རྟོགས་ཤེས་བྱའི་ཆོས་ཀུན་མཁྱེན། །སྐྱེ་མེད་དོན་གཟིགས་འགག་མེད་བརྩེ་བ་ཤར། །ནང་གི་ལམ་བགྲོད་ཕྱི་རུ་ནུས་པའི་མཐུས། །སྣ་ཚོགས་གདུལ་བྱ་འདུལ་ལ༴
།མཁས་གྲུབ་ཀུན་ལས་མདོ་སྔགས་གདམས་པའི་བཅུད། །ངོམས་མེད་བཞེས་ཀྱང་སྔོན་འབྲེལ་བླ་མའི་མཆོག །མཁྱེན་ལྡན་ཤངས་པ་དཀར་པོས་རྗེས་བཟུང་ཞིང་། །ལས་འཕྲོ་སད་པར་མཛད་ལ༴
།སྙན་བརྒྱུད་ནོར་བུའི་མཛོད་ཆེན་རང་ནོར་བཞིན། །ལོངས་སུ་སྤྱད་པས་ཉམས་དང་རྟོགས་པའི་དཔྱིད། །དབྱར་གྱི་སྨན་ལྗོངས་ལྟ་བུར་རྒྱས་པ་ཡིས། །རིན་ཆེན་བརྒྱུད་པ་ཟིན་ལ༴
།མ་དག་རྩ་ཡི་མདུད་པ་མཐའ་དག་གྲོལ། །གཟུང་འཛིན་རྒྱུ་བ་དབུ་མའི་སྦུབས་སུ་ཐིམ། །འཕོ་བཅས་ཐིག་ལེ་འགྱུར་མེད་བདེ་བར་གྲུབ། །གྲུབ་པའི་སྤྱི་རྗེར་གྱུར་ལ༴
།བློས་བྱས་རྩོལ་བའི་འཛིན་སྟངས་དབྱིངས་སུ་ཡལ། །ཐ་མལ་ཞེན་པའི་འཁྲུལ་རྟོག་རང་སར་དག །ཅིར་སྣང་དག་པ་རབ་འབྱམས་ཆེན་པོའི་ངང་། །ཡེ་ཤེས་འཁོར་ལོར་ཤར་ལ༴
།ཀུན་རྫོབ་ལས་སྣང་སྒྱུ་མའི་དཔེ་ལྟར་གཟིགས། །དོན་དམ་ཆོས་སྐུའི་དགོངས་པ་མངོན་དུ་གྱུར། །ཟུང་འཇུག་བདེ་ཆེན་ཡེ་ཤེས་གར་གྱིས་རོལ། །བརྟན་གཡོ་བྱིན་གྱིས་བརླབས་ལ༴
།གང་འབྲེལ་བློ་སྣ་དམ་པའི་ཆོས་ལ་སྒྱུར། །སྐལ་ལྡན་ཚེ་གཅིག་སངས་རྒྱས་ས་ལ་སྐྱེལ། །མི་མིན་གདུག་པའི་སེམས་ཀྱང་ཞི་བར་མཛད། །སྣང་བ་དབང་སྒྱུར་དེ་ལ༴
།གསང་བའི་བརྟུལ་ཞུགས་ཕྱོགས་མེད་གྲུབ་པ་ཡིས། །ཕྱོགས་ལས་རྣམ་རྒྱལ་སྤྱོད་པ་མཐར་ཕྱིན་ཅིང་། །རྡོ་རྗེའི་ལམ་ནས་མི་སློབ་བཟུང་འཇུག་གི། །གོ་འཕང་མངོན་ཏུ་མཛད་ལ༴
།ཕྱི་རུ་ཆོས་བརྒྱད་འཁྲུལ་པའི་རྫུན་ཕུག་ཞིག །ནང་དུ་ཞུ་བདེ་འགྱུར་མེད་འོད་འབར་ཞིང་། །གསང་བ་བློ་བྲལ་ཆོས་སྐུ་རྗེན་པར་མཐོང་། །མཉམ་མེད་སངས་རྒྱས་རྣམ་ཐར་མྱུར་འགྲུབ་ཤོག
Namkha Gyeltsen
༈ །ཁྱུང་པོ་ཚུལ་ཁྲིམས་མགོན་པོ་ནས་འདི་བར་བླ་མ་བཞིའི་རྣམ་ཐར་ཞིབ་པར་མ་མཇལ་བས་སྤྱི་བསྟོད་ཙམ་དུ་བགྱིས་པའོ།
།རྟོགས་ལྡན་ནམ་མཁའ་རྒྱལ་མཚན་ལ་གསོལ་བ་འདེབས་པ་ཟག་མེད་སྒྲ་དབྱངས་ཞེས་བྱ་བ།
ནམ་མཁའི་དབྱིངས་སུ་ཉི་མའི་དཀྱིལ་འཁོར་བཞིན། །གངས་ཅན་ལྗོངས་སུ་བཀའ་བརྒྱུད་རིན་པོ་ཆེའི། །བསྟན་པའི་རྒྱལ་མཚན་འཛིན་ལ་མཚུངས་བྲལ་བ། །ནམ་མཁའ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས།
།སྤྲོས་པའི་འཆིང་གྲོལ་སྲེད་ལེན་མཚམས་སྦྱོར་ནི། །གདོད་ནས་སྤངས་ཀྱང་སློབ་པའི་ལམ་རྣམས་སུ། །ཐུགས་བསྐྱེད་སྨོན་ལམ་མཐུ་ལས་གཞན་སྣང་དུ། །རྣམ་འཕྲུལ་ཅི་ཡང་སྟོན་ལ༴
།མཁས་གྲུབ་སྐྱེས་མཆོག་དུ་མ་བྱུང་བའི་ཡུལ། །སངས་རྒྱས་གཉིས་པ་པདྨས་བྱིན་བརླབས་པའི། །གནས་མཆོག་ཁྱད་འཕགས་ཤངས་ཕུའི་དགོན་གསར་དུ། །བསམ་བཞིན་སྲིད་པ་བཟུང་ལ༴
།རྣམ་དག་རྗེའུའི་རིགས་དང་ཞང་གི་རུས། །གཟིགས་པས་དགོངས་ཏེ་ལྷུམས་སུ་ཞུགས་པའི་ཚེ། །ངོ་མཚར་དགེ་མཚན་དུ་མས་ཡབ་ཡུམ་གྱི། །ལུས་སེམས་བྱིན་གྱིས་བརླབས་ལ༴
།མཛེས་སྐུ་དཔག་བསམ་གསར་པའི་མྱུ་གུ་ལ། །སྐྱེས་ཐོབ་དགེ་བའི་དྲི་བསུང་ཅི་ཡང་འཕྲོ། །མཐོ་རིས་འབྱོར་པའི་ཁོ་ལག་ཡོངས་རྫོགས་ཤིང་། །བསླབ་གསུམ་མེ་ཏོག་འཛུམ་ལ༴
།དྲན་དང་ཤེས་བཞིན་རྟག་ཏུ་བག་ཡོད་པས། །བཅས་དང་རང་བཞིན་ཁ་ན་མ་ཐོ་བའི། །ཉེས་པའི་དྲི་མས་རྡུལ་ཙམ་མ་གོས་པས། བཙུན་པའི་དཔེ་རུ་གྱུར་ལ༴
།ནགས་ཀྱི་རིན་ཆེན་ཕྱོགས་ལས་རྣམ་རྒྱལ་སོགས། །མཁས་གྲུབ་དུ་མའི་ཞབས་རྡུལ་སྤྱི་བོས་བསྙེན། །མོས་གུས་ཤེར་བརྩོན་ཉམས་བཞེས་ནན་ཆགས་ཀྱིས། །ཀུན་གྱི་ཐུགས་སྲས་གྱུར་ལ༴
།ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི། །བཀའ་དང་བསྟན་བཅོས་ཚིག་དོན་ཐུགས་སུ་ཆུད། །འཆད་རྩོད་རྩོམ་ལ་མི་འཇིགས་སྤོབས་པ་བརྙེས། །འགྲན་ཟླ་ཀུན་དང་བྲལ་ལ༴
།གྲུབ་བརྙེས་སངས་རྒྱས་མཚན་ཅན་ཐུགས་ཀྱི་བཅུད། །རྫོགས་པར་བཞེས་ནས་དཀའ་བ་ཁྱད་བསད་དེ། །དབེན་པ་བསྟེན་པས་བསྐྱེད་དང་རྫོགས་པ་ཡི། །ཏིང་འཛིན་དབང་ཐོབ་གྱུར་ལ༴
།བདེ་དྲོད་རང་འབར་བྱང་སེམས་འཛག་མེད་བརྟན། །སྣང་བ་བདེན་མེད་འོད་གསལ་ཁོར་ཡུག་ཤར། །རྨི་ལམ་རྩལ་འབྱོངས་དག་པའི་ཞིང་ཀུན་བགྲོད། །སྤྱན་དང་མངོན་ཤེས་མངའ་ལ༴
།མཉམ་བཞག་འོད་གསལ་ཆོས་སྐུ་མངོན་ཏུ་གྱུར། །རྗེས་ཐོབ་རྩོལ་མེད་སྙིང་རྗེའི་ནུས་པ་ཡིས། །མི་དང་མི་མ་ཡིན་ཀུན་རྒྱུད་དུལ་ཞིང་། །སྣང་བ་དབང་དུ་སྒྱུར་ལ༴
།དུས་འཁོར་ཕག་མོ་སྤྱན་གཟིགས་ཞི་དྲག་སོགས། །ལྷག་པའི་ལྷ་ཞལ་གཞན་ལ་སྟོན་ནུས་ཤིང་། །མཁའ་འགྲོ་ཆོས་སྐྱོང་སྲུང་མ་སྤྲིན་ལྟར་དུ། །ཅི་བཅོལ་ཕྲིན་ལས་གྲུབ་ལ༴
།ཞལ་ཆབ་ཁྲུས་ཆུའི་ཟེགས་མས་ནད་གདོན་འབྱིན། །དགོངས་པ་གཏོད་པ་ཙམ་གྱིས་བར་ཆད་སེལ། །བྱ་བ་ལས་ཀྱི་འཁོར་ལོས་སངས་རྒྱས་ཀྱི། །བསྟན་པ་དར་རྒྱས་མཛད་ལ༴
།ཉིན་གཅིག་ཐོས་པས་ཡིད་ཆེས་ཁོང་ནས་ཤར། །རྣལ་འབྱོར་ཟླ་དུས་གྲུབ་ཐོབ་ལོ་དུས་ཐེབས། །ཚེ་གཅིག་སངས་རྒྱས་ཐོབ་པའི་བཤད་སྒྲུབ་ཀྱི། །སྙན་པས་ས་སྟེང་ཁྱབ་ལ༴
།མདོ་རྒྱུད་དགོངས་པ་ཐོགས་མེད་འཆད་ནུས་ཤིང་། །རིམ་གཉིས་རྩལ་རྫོགས་སྤྱན་དང་མངོན་ཤེས་སོགས། །ལུང་རྟོགས་ཡོན་ཏན་ལྡན་པའི་བུ་སློབ་ནི། །བགྲང་ཡས་བསྐྲུན་པར་མཛད་ལ༴
།ཡར་ངོའི་ཚེས་བཅུར་དྲི་བཟང་ངད་འཐུལ་ཞིང་། །སྒྲ་འོད་ལ་སོགས་ངོ་མཚར་ལྟས་དང་བཅས། །འོད་གསལ་ཆོས་ཀྱི་དབྱིངས་སུ་སྙོམས་ཞུགས་ཏེ། །སྤྲུལ་པའི་སྤྲིན་ཆེན་སྤྲོ་ལ་གསོལ་བ་འདེབས།
།དཔལ་ལྡན་བླ་མ་གང་དུ་འཚང་རྒྱ་བའི། །མངོན་དགའི་ཞིང་སྐྱེས་ཐེག་ཆེན་བདུད་རྩི་མྱང་། །མཐོང་ཐོས་དྲན་རེག་འགྲོ་བ་མ་ལུས་ཀུན། །ཞིང་དེའི་གདུལ་བྱར་ཡོངས་སུ་སྨིན་བྱེད་ཤོག
Müchen Gyeltsen Pelsang
༈ །མུས་ཆེན་རྒྱལ་མཚན་དཔལ་བཟང་ལ་གསོལ་བ་འདེབས་པ་འོད་གསལ་སྒྲ་དབྱངས་ཞེས་བྱ་བ།
ནམ་མཁའ་བཞིན་དུ་ཕྲིན་ལས་རྒྱ་ཆེ་ཞིང་། །ཉི་ཟླ་ལྟ་བུར་གྲགས་པ་རྣམ་པར་གསལ། །རྒྱ་མཚོ་ཇི་བཞིན་ཡོན་ཏན་མཐའ་དང་བྲལ། །རྒྱལ་བ་མུས་པ་ཆེན་པོར་གསོལ་བ་འདེབས།
།སྤྱན་རས་གཟིགས་དབང་འགྲོ་བའི་དོན་དུ་འཕྲུལ། །གཉགས་རིགས་གྲུབ་ཐོབ་བརྒྱུད་པའི་སྲས་སུ་འཁྲུངས། །མེ་ཏོག་ཆར་འབེབས་ས་གཞི་རྣམ་དྲུག་གཡོས། །འཇིག་རྟེན་མགོན་པོ་ཁྱེད་ལ༴
།ཁྲོ་ཕུ་སེམས་དཔའ་ཆེན་པོས་བྱིན་བརླབས་ཤིང་། །འགྲོ་བའི་དཔལ་མགོན་འགྱུར་བར་ལུང་དུ་བསྟན། །གཞོན་ནུ་ཉིད་ནས་འཕགས་པའི་རྣམ་ཐར་གྱིས། །འགྲོ་ཀུན་དགའ་བ་སྐྱེད་ལ༴
།འཇམ་དབྱངས་རིན་ཆེན་རྒྱལ་མཚན་ལ་སོགས་པ། །དམ་པ་དུ་མའི་ཞབས་རྡུལ་སྤྱི་བོར་བླངས། །རིག་པའི་གནས་དང་སྡེ་སྣོད་རྒྱུད་མན་ངག །མི་འཕྲོག་སྤོབས་པ་བརྙེས་ལ༴
།མཐའ་གོང་དཔལ་གྱི་གནས་སུ་སྒྲུབ་ལ་གཞོལ། །རིམ་གཉིས་བྱང་ཆུབ་སེམས་ལ་བརྟན་པ་ཐོབ། །ཆེ་བའི་ཡོན་ཏན་སྙན་པའི་གྲགས་པ་ཡིས། །ནོར་འཛིན་ཁྱོན་ཀུན་ཁྱབ་ལ༴
།ཧོར་གྱི་རྒྱལ་པོས་ཕོ་བྲང་ཏཱའི་ཏུར་དུ། །སྤྱན་དྲངས་འགྲོ་ཕན་བསམ་ལས་འདས་པར་མཛད། །ཆུ་དབར་སྤྲུལ་པའི་གནས་སུ་དཀའ་ཐུབ་ཀྱིས། །སྤངས་རྟོགས་མཐའ་རུ་ཕྱིན་ལ༴
།མཁས་གྲུབ་ཤངས་སྟོན་སྤྱན་སྔར་བྱོན་པའི་ཚེ། །མགོན་པོའི་ལུང་བཞིན་གདམས་ངག་ཟབ་ཆོས་རྣམས། དགྱེས་བཞིན་རྫོགས་པར་གནང་བས་གྲུབ་པ་ཡི། །གོ་འཕང་མཐོན་པོར་གཤེགས་ལ༴
།ཧོར་རྒྱལ་གན་པ་ཆེན་པོས་སྤྱན་དྲངས་ཏེ། །ཧོར་སོགས་ཡུ་གུར་མི་ཉག་ལ་སོགས་པའི། སྐད་རིགས་མི་གཅིག་སྐྱེ་བོ་མཐའ་ཡས་པ། །ཐར་པའི་གནས་སུ་བཀོད་ལ༴
།ལྷ་དབང་ཀླུ་དབང་མི་དབང་འཁོར་དང་བཅས། །མཁས་དང་གྲུབ་པ་ཡོངས་ཀྱིས་མགྲིན་གཅིག་བརྒྱུད། །རྐང་གཉིས་གཙོ་བོ་འཇིག་རྟེན་གསུམ་པོ་ཡི། །གཙུག་གི་ནོར་བུར་གྱུར་ལ༴
།སྤྱན་རས་གཟིགས་སོགས་རྒྱལ་བ་སྲས་བཅས་ཀྱིས། །མདུན་བདར་སྣང་མཐའི་སྤྱན་སྔར་བྱོན་པའི་ཚེ། །གངས་ཅན་བདེ་ལེགས་རྫོགས་ལྡན་བཞིན་ཏུ་རྒྱས། །ཐུགས་རྗེ་ཆེན་པོ་ཁྱེད་ལ༴
།གཉགས་སྟོན་ཆོས་རྗེ་རྒྱལ་མཚན་དཔལ་བཟང་པོས། །མོས་པའི་བུ་ལ་བརྩེ་བས་རབ་དགོངས་ཏེ། །བདག་དང་བདག་འདྲའི་སྡུག་བསྔལ་ལུས་ཅན་རྣམས། །རྣམ་གྲོལ་ས་ལ་བདེ་བླག་འགོད་དུ་གསོལ།
Khedrup Dorjé Shönu
༈ །མཁས་གྲུབ་རྡོ་རྗེ་གཞོན་ནུ་ལ་གསོལ་བ་འདེབས་པ་གཉུག་མའི་སྒྲ་དབྱངས་ཞེས་བྱ་བ།
དལ་འབྱོར་རྟེན་ལ་བསླབ་གསུམ་རྒྱན་གྱིས་སྤྲས། །ཐོས་བསམ་སྒོམ་པའི་ནོར་མཆོག་ཟད་མི་ཤེས། །སྐལ་ལྡན་གདུལ་བྱར་ཚེ་གཅིག་སངས་རྒྱས་སྟེར། །རྡོ་རྗེ་གཞོན་ནུའི་ཞབས་ལ་གསོལ་བ་འདེབས།
།དབང་པོ་རབ་ཀྱི་རིགས་མཆོག་ཡོངས་སུ་སད། །བཤེས་གཉེན་མང་བསྟེན་གཞུང་ལུགས་དུ་མར་སྦྱངས། །ཁྱད་པར་རྒྱལ་བ་མུས་པ་ཆེན་པོ་ཡིས། །སྙན་བརྒྱུད་བདག་པོར་བསྐོས་ལ༴
།བཤུལ་རིང་ལམ་དུ་འཕུར་པའི་ཚུལ་ལྟར་བགྲོད། །གྲང་བས་མི་བརྫི་ཉི་མའི་དཀྱིལ་འཁོར་བཞིན། །བདེ་དྲོད་རང་འབར་མཁའ་ལ་འཕར་གཡོ་སྒྱུར། །ཐབས་ལམ་མཐར་ཐུག་འབྱོངས་ལ༴
།སྒྱུ་མ་རྨི་ལམ་ཏིང་འཛིན་མཐར་ཕྱིན་ཅིང་། །སྤྱན་དང་མངོན་པར་ཤེས་པའི་རྣམ་ཐར་འཆང་། ལྷ་མིའི་དབང་པོས་བཏུད་ཀྱང་ལྟོས་པ་བྲལ། །ཆོས་བརྒྱད་འཆིང་བ་གྲོལ་ལ༴
།ནང་གི་ཡོན་ཏན་བློ་ཡི་ར་བ་ལས། །འདས་ཀྱང་ཕྱི་ཚུལ་སྦས་པའི་བརྟུལ་ཞུགས་ཀྱིས། །སྒྲུབ་པའི་རྒྱལ་མཚན་གཡེལ་བ་མེད་པར་བཙུགས། །གྲུབ་མཆོག་ཆོས་ཀྱི་རྗེ་ལ༴
།བགྲང་བྱ་དུ་མར་བགྲེས་ཚུལ་མི་མངའ་བར། །ཤིན་ཏུ་ཟོ་བདོག་བདེ་ཞིང་གཟི་མདངས་གསལ། །དངས་མ་བཞི་ཡི་མཉན་ལྕུགས་མཆོག་ལྡན་པ། །འཆི་མེད་གྲུབ་པའི་རྗེ་ལ༴
།ངོ་མཚར་རྨད་བྱུང་སྐྱེས་མཆོག་རྡོ་རྗེའི་མཚན། །བྱིན་རླབས་ཐུགས་རྗེ་བདག་སོགས་འགྲོ་རྒྱུད་ལ། །ཞུགས་ནས་ཚེ་དང་སྒྲུབ་པ་མཐར་ཕྱིན་ཅིང་། །གྲུབ་པ་མཆོག་གི་གོ་འཕང་ལ་འགོད་ཤོག
Müchen Namkhé Neljor
༈ །མུས་ཆེན་ནམ་མཁའི་རྣལ་འབྱོར་ལ་གསོལ་བ་འདེབས་པ་ཟུང་འཇུག་སྒྲ་དབྱངས་ཞེས་བྱ་བ།
སྐྱེས་མཆོག་དག་པའི་ཞིང་དུ་མངོན་སངས་རྒྱས། །རྒྱལ་སྲས་རྣམས་ལ་ཐེག་ཆེན་ཆོས་སྒྲ་སྒྲོག །མ་དག་ཞིང་དུ་སྤྲུལ་པས་གཞན་དོན་མཛད། །ནམ་མཁའ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས།
།འཕགས་ཡུལ་པཎ་ཆེན་ཉི་མའི་སྙིང་པོའི་ཞབས། །ཐུགས་རྗེ་ཆེ་དང་ཕྱག་ན་རྡོ་རྗེ་ཡིས། །བྱིན་རླབས་གྲུབ་པ་ཡབ་ཡུམ་ལྷུམས་སུ་འཕོས། །དགེ་བའི་ལྟས་བཅས་འཁྲུངས་ལ༴
།བྱིས་པའི་ཚུལ་བསྟན་མངོན་ཤེས་ཐོགས་མེད་མངའ། །འཇིག་རྟེན་བྱ་བ་ཀུན་ལ་ཞེན་པ་ལོག །དད་དང་ཤེས་རབ་སྙིང་རྗེའི་རྩལ་རྒྱས་ཤིང་། །ཐར་པའི་རིགས་མཆོག་སད་ལ༴
།རྒྱལ་སྲས་ཐོགས་མེད་ཞབས་སོགས་དགེ་བའི་བཤེས། །དུ་མ་བསྟེན་ནས་རྗོད་བྱེད་སྡེ་སྣོད་གསུམ། །མཁས་པར་སྦྱངས་ཤིང་བརྗོད་བྱ་བསླབ་གསུམ་གྱིས། །ཐུགས་རྒྱུད་ཡོངས་སུ་གཏམས་ལ༴
།ཁྱད་པར་མུས་ཆེན་རྗེ་དང་གཞོན་ནུ་བར། །ཉམས་ཁྲིད་གསན་ནས་རྩེ་གཅིག་བསྒོམས་པ་ཡིས། །བདེ་དྲོད་རང་འབར་སྒྱུ་མ་རང་ཤར་སོགས། །ཐབས་ལམ་ཡོན་ཏན་རྫོགས་ལ༴
།ཉིན་མཚན་གཡེལ་བ་མེད་པར་སྒྲུབ་ལ་བརྩོན། །ཟག་མེད་བསམ་གཏན་ཟས་ལ་ལོངས་སུ་སྤྱོད། །ཏིང་འཛིན་སྒོ་བརྒྱར་སྙོམས་པར་འཇུག་ཅིང་ལྡང་། །ཚོགས་ཆེན་བླ་མེད་སྤེལ་ལ༴
།བདེ་གཤེགས་ཡི་དམ་མཁའ་འགྲོས་རྗེས་སུ་བཟུང་། །ཆགས་ཐོག་སྤངས་པའི་མངོན་ཤེས་སྤྱན་དང་ལྡན། །བར་དོའི་འགྲོ་བ་མཐའ་དག་རབ་གཟིགས་ནས། །རྣམ་ཀུན་ཐུགས་རྗེས་འཛིན་ལ༴
།ནད་པ་རྣམས་ལ་སྨན་པའི་རྒྱལ་པོ་བཞིན། །འཇིགས་པས་ཉེན་རྣམས་དྲན་པ་ཙམ་གྱིས་སྐྱོབ། །བྱང་ཆུབ་སེམས་ཀྱི་ཕྲིན་ལས་མཐའ་ཡས་པས། །སྐྱེ་དགུའི་མགོན་ཏུ་གྱུར་ལ༴
།མཐོང་ཐོས་དྲན་རེག་ཕྱིར་མི་ལྡོག་ལ་བཀོད། །སྐྱེ་འཆིའི་མཚན་མ་སྤངས་ཀྱང་གདུལ་བྱའི་ངོར། །སངས་རྒྱས་ཞིང་ཁམས་མང་པོར་དུས་གཅིག་ཏུ། །གཤེགས་པའི་ཆོ་འཕྲུལ་བསྟན་ལ༴
།དད་ལྡན་དོན་ཏུ་རིང་བསྲེལ་དཔག་མེད་སྤྲུལ། །ལྷ་མི་ཀུན་གྱིས་སྲིད་མཐའི་བར་དུ་མཆོད། །ངོ་མཚར་མཚན་མ་རྒྱུན་ཆད་མི་མངའ་བ། །བྱིན་རླབས་བསམ་ལས་འདས་ལ༴
།རྗེ་བཙུན་མཉམ་མེད་ནམ་མཁའི་རྣལ་འབྱོར་པས། །གསོལ་འདེབས་བུ་ལ་ཐུགས་རྗེའི་རྩལ་སྤྲུགས་ཏེ། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཞི་བ་དང་། །མཐུན་རྐྱེན་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས།
Thangtong Gyelpo
༈ །གྲུབ་ཆེན་ཐང་སྟོང་རྒྱལ་པོ་ལ་གསོལ་བ་འདེབས་པ་གྲུབ་པའི་སྒྲ་དབྱངས་ཞེས་བྱ་བ།
ཐུགས་རྗེ་ཆེ་དང་དབང་ཆེན་རྟ་མགྲིན་རྒྱལ། །དབྱེར་མེད་གཅིག་བསྡུས་མཚོ་སྐྱེས་རྡོ་རྗེ་འཆང་། །སྙིགས་འགྲོའི་སྐྱབས་སུ་སྤྲུལ་པའི་སྒྱུ་འཕྲུལ་སྟོན། །ཐང་སྟོང་རྒྱལ་པོའི་ཞབས་ལ་གསོལ་བ་འདེབས།
།དུས་གསུམ་སངས་རྒྱས་ཀུན་མཁྱེན་དོལ་པོ་པ། །གདུལ་དཀའ་འདུལ་ཕྱིར་གྲུབ་པའི་སྐུར་བཞེངས་པ། །ཡེ་ཤེས་ཌཱ་ཀི་ཡོངས་ཀྱི་མིང་གཅིག་པོ། །མཚན་མཆོག་ལྔ་དང་ལྡན་ལ༴
།ལ་སྟོད་བྱང་དུ་རྡོ་རྗེའི་མཚན་དཔེ་གསལ། །འཕགས་པས་བསྐུལ་ཏེ་ཁྱིམ་སྤངས་རབ་ཏུ་བྱུང་། །དབུ་སྐྲ་བསིལ་ཚེ་འཇའ་འོད་མེ་ཏོག་ཁེངས། །བརྩོན་འགྲུས་བཟང་པོའི་ཞབས་ལ༴
།གཞུང་ལུགས་སྦྱོང་ཚེ་ཏིང་འཛིན་ངང་དུ་འབྱམས། །མ་བསླབ་པར་ཡང་ཆོས་ཀུན་ཐུགས་སུ་ཆུད། །ཐོག་མ་ཉིད་ནས་རྫུ་འཕྲུལ་དཔག་མེད་བསྟན། །རང་བྱུང་གྲུབ་པ་ཆེན་པོར༴
།སངས་རྒྱས་བྱང་སེམས་རྣལ་འབྱོར་ཕོ་མོ་དང་། །དགེ་སྦྱོང་རིགས་ངན་ཀུ་སུ་ལུ་པའི་ཚུལ། །ཡང་དག་བླ་མ་ལྔ་བརྒྱ་ཕྲག་གཅིག་ལས། །ཆོས་སྒོ་ཚད་མེད་གསན་ལ༴
།ཐར་པ་གླིང་དུ་ཐུགས་དམ་མཛད་པའི་ཚེ། །རྡོ་རྗེ་འཆང་ཆེན་རིགས་ལྔ་སེམས་དཔའ་བརྒྱད། །ཁྲོ་བཅུ་ལྷ་མོའི་ཚོགས་བཅས་དངོས་སུ་མཇལ། །ལམ་ཟབ་ལ་སོགས་ཟབ་ཆོས་དུ་མ་གསན། །སྒྲིབ་གཉིས་མུན་པ་བྲལ་ལ༴
།ཐུགས་རྗེ་ཕྱོགས་མེད་ཤེས་བྱ་ཐམས་ཅད་མཁྱེན། །རང་སྣང་དབང་སྒྱུར་ལས་བཞིར་མངའ་དབང་བརྙེས། །རྟོགས་པས་རྒྱུད་གྲོལ་བརྟུལ་ཞུགས་མཐའ་རུ་ཕྱིན། །ཆོས་བརྒྱད་ཟིལ་གྱིས་མནན་ལ༴
།གནས་ཆེན་རྣམས་སུ་སྨོན་ལམ་དུ་མ་མཛད། །སྔོན་བྱོན་གྲུབ་ཐོབ་ཡི་དམ་ལྷ་ཚོགས་མཇལ། །དུར་ཁྲོད་རྣམས་སུ་དཔའ་བོ་མཁའ་འགྲོ་དང་། །ཚོགས་ཀྱི་འདུ་བར་རོལ་ལ༴
།ཁ་བ་ཅན་པའི་མི་དང་མི་མ་ཡིན། །གཅན་གཟན་ནད་པ་འོན་ལོང་ཉམ་ཐག་སོགས། །ཁྱོད་སྐུ་མཐོང་ཐོས་དྲན་པས་གནས་སྐབས་སུ། །འཇིགས་པ་ཀུན་ཞི་མཐར་ཐུག་མངོན་མཐོ་དང་། །ངེས་ལེགས་ཐོབ་ཅིང་ཐེག་ཆེན་དམ་ཆོས་དར། །ཁྱད་པར་མཐའ་འཁོབ་ཀླ་ཀློོ་ཐུལ་ཅིག་ཅེས། །སྤྱན་རས་གཟིགས་དང་རྗེ་བཙུན་སྒྲོལ་མ་ཡིས། །ཡང་ཡང་གསུང་གིས་བསྐུལ་ལ༴
།བཅོམ་ལྡན་འདས་ཀྱིས་ཆོས་སྒོ་མཐའ་ཡས་སྩལ། །ཡན་ལག་འབྱུང་ལས་ཤེས་རབ་ཕར་ཕྱིན་གསན། །ཧེ་རུ་ཀ་དང་རྣལ་འབྱོར་མ་དཔལ་གྱིས། །དབང་བསྐུར་རྒྱུད་རྣམས་གཏད་ལ༴
།དུར་ཁྲོད་ཆེན་པོ་ཀེང་རུས་མེ་འབར་དུ། །དཔལ་ཆེན་བི་རཱུ་པ་ཡིས་རྗེས་སུ་བཟུང་། །ལམ་འབྲས་ཡོངས་རྫོགས་དམ་རྫས་བདུད་རྩི་གནང་། །ཟག་པ་རྒྱུན་ཆད་གྱུར་ལ༴
།ཡེ་ཤེས་མཁའ་འགྲོ་ནི་གུ་ལན་གསུམ་དུ། །བྱོན་ནས་དབང་དང་གདམས་ངག་རྫོགས་པར་གནང་། །རྫུ་འཕྲུལ་མངོན་ཤེས་བསམ་མི་ཁྱབ་པར་འཁྲུངས། །གདམས་ངག་ཡི་གེར་བཀོད་ལ་གསོལ་བ་འདེབས།
།ཟངས་གླིང་ཡུལ་དུ་གྲུབ་ཆེན་ཤ་བ་རི། །ངོ་སྤྲད་བྱིན་བརླབས་རྡོ་ལ་མེ་འབར་དུ། །བྲམ་ཟེ་མཆོག་སྲེད་ཞབས་ཀྱིས་ནག་པོ་ཆེ། །སྲུང་མར་དངོས་སུ་གཏད་ལ༴
།སྲིན་ཡུལ་ཟངས་མདོག་དཔལ་གྱི་རི་བོའི་རྩེར། །བླ་མ་སྐུ་གསུམ་ཁྱད་པར་ཨོ་རྒྱན་རྗེས། །སྒྲུབ་ཆེན་བརྒྱད་སོགས་དབང་ཆོས་མཐའ་ཡས་པ། །གནང་ནས་ལུང་བསྟན་མཛད་ལ༴
།རྡོ་རྗེ་སེམས་དཔས་ཨ་ཏི་ཡོ་ག་སྩལ། །མཁའ་འགྲོས་བསྐུལ་ཏེ་བོད་ཀྱི་གདུལ་བྱར་གཟིགས། །ཀླ་ཀློའི་ཡུལ་བྱོན་རྫུ་འཕྲུལ་ཚད་མེད་པས། །བཏུལ་ནས་ཆོས་སུ་བཀོད་ལ༴
།རྒྱ་བལ་ཁ་ཆེ་ལི་དང་ཨོ་རྒྱན་ཡུལ། །རྒྱ་ཧོར་ཟླ་བ་ནས་གླིང་ཀ་ལིངྒ། །པྲི་ཡངྐུ་སོགས་འཛམ་གླིང་གླིང་ཕྲན་བཅས། །མཐའ་དག་རྫུ་འཕྲུལ་ཆེན་པོའི་ཞབས་ཀྱིས་གཅགས།
།སྐལ་པར་ལྡན་རྣམས་དངོས་སུ་གྲོལ་བར་མཛད། །གཞན་དག་མ་འོངས་པ་ན་རང་ཉིད་ཀྱི། །གདུལ་བྱར་སྨིན་ཕྱིར་ཐབས་མཁས་སྣ་ཚོགས་པས། །ས་སྟེང་ཆོས་ཀྱིས་བཀང་ལ༴
།སྣོད་ལྡན་རྒན་གཞོན་མེད་པ་མཁའ་སྤྱོད་བཀོད། །གཅན་གཟན་རྣམས་ཀྱང་གུས་པས་ཞབས་ཏོག་སྒྲུབ། །ལྷ་སྲིན་སྡེ་བརྒྱད་བཏུལ་ནས་དམ་ལ་བཞག །འབྱུང་བཞི་རང་དབང་སྒྱུར་ལ༴
།ཆུ་ཀླུང་དུ་མ་ལྕགས་ཀྱི་ཟམ་པས་སྦྲེལ། །མཐོང་གྲོལ་བཀྲ་ཤིས་སྒོ་མང་མཆོད་རྟེན་དང་། །རིན་ཆེན་གར་ལུགས་སྐུ་བརྙན་དུ་མ་སོགས། །རྟེན་གསུམ་དཔག་ཡས་བཞེངས་ལ༴
།མཐའ་དམག་ཁ་གནོན་ས་ཡི་མེ་བཙའ་གདབ། །འབྱུང་བཞིའི་གཉེན་པོར་རྟེན་མཆོག་ཀུན་ཏུ་བཀོད། །སྨོན་ལམ་མཛད་པས་ནད་དང་མུ་གེ་ཡི། །འཇིགས་ལས་ཡུན་རིང་བསྐྱབས་ལ༴
།སྨན་གྱི་བླ་མས་བདུད་རྩི་འཆི་སོས་དང་། །ཚེ་དཔག་མེད་ཀྱིས་ཚེ་ཡི་རིལ་བུ་གནང་། །འགྲོ་བ་མཐའ་དག་ནད་གདོན་དུས་མིན་གྱི། །འཆི་བའི་འཇིགས་པ་འཕྲོག་ལ༴
།འཐའ་འཁོབ་ཀ་མ་ཏ་རུ་སྐུ་ལུས་ཀྱི། བཀོད་པ་བསྟན་ཚེ་སྡིག་སྤྱོད་རྒྱལ་བློན་གྱིས། །མེས་བསྲེགས་ཆུ་ཡིས་མ་ཚུགས་དེ་དག་ཀུན། །དད་ཅིང་ཆོས་སུ་བཀོད་ལ༴
།མཆོག་གི་བུ་དྲུག་ཉེ་བའི་སྲས་མཆོག་བརྒྱད། །ཡེ་ཤེས་ཌཱ་ཀི་ལྔ་དང་སྦས་ཚུལ་གྱི། །མཁའ་འགྲོ་བཅུ་དྲུག་དམ་ཚིག་ཌཱ་ཀི་ནི། །བཅོ་བརྒྱད་རིག་འཛིན་ཕོ་མོ་སུམ་ཅུ་བདུན།
།ལས་ཅན་ང་བརྒྱད་མི་ལྡོག་ལྔ་བརྒྱ་ཕྲག །གཞན་དོན་ནུས་པ་བྱེ་བ་ཁྲི་བརྒྱད་སོགས། །སྨིན་གྲོལ་མཛད་ནས་གདམས་ངག་སྐབས་བརྒྱད་བསྡུས། །རྒྱལ་ཚབ་མངའ་གསོལ་མཛད་ལ༴
།སྐུ་དངོས་བགྲང་བྱ་བརྒྱ་དང་ཉེར་བརྒྱད་མཐར། །ཆོ་འཕྲུལ་ཟླ་བའི་ཚེས་བཞིར་འོད་ཕུང་དུ། །ནམ་མཁར་གཤེགས་ཚེ་ཐུགས་སྲས་གདུང་དབྱངས་ཀྱིས། །མདུན་མཁར་གཟུགས་སྐུར་བསྟན་ལ༴
།སླར་ཡང་གསོལ་བ་བཏབ་ཚེ་ཁྲུ་གང་སྐུ། །སྒྲུབ་པའི་གནས་བྱོན་འོད་གསལ་ཞག་བདུན་བཞུགས། །ངོ་མཚར་གདུང་རྟེན་ལྷ་མིའི་མཆོད་ཡུལ་དུ། །གཡོ་མེད་བརྟན་པར་བཞུགས་ལ༴
།སླད་ནས་གདུལ་བྱ་སྐལ་ལྡན་རྣམས་ཀྱི་ངོར། །ཉེ་རིང་གང་དུའང་བྱོན་ནས་བྱིན་གྱིས་བརླབས། །བོད་ཡུལ་བདེ་བའི་ཕྲིན་ལས་རྒྱུན་ཆད་མེད། །བཀའ་དྲིན་བསམ་ལས་འདས་ལ༴
།སྤྱན་རས་གཟིགས་དབང་གྲུབ་ཆེན་ཆོས་ཀྱི་རྗེ། །ཁྱེད་ཀྱི་ཐུགས་རྗེ་སྐྱོ་དུབ་མ་མཆིས་པས། །བདག་སོགས་སྐལ་མེད་དུས་མཐར་སྐྱེས་པ་ལ། །ཞལ་སྟོན་བྱིན་གྱིས་བརླབ་པར་མཛད་དུ་གསོལ།
།གྲུབ་མཆོག་ཁྱེད་ཀྱི་སྐུ་ཚེ་གདུལ་བྱའི་ཞིང་། །རྣམ་ཐར་སྨོན་ལམ་མཛད་སྟོབས་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་གིས་མྱུར་འགྲུབ་སྟེ། །ནམ་མཁའ་མཉམ་པའི་འགྲོ་ཀུན་སྒྲོལ་བྱེད་ཤོག །
Gyagom Lekpa Gyeltsen
༈ རྒྱ་སྒོམ་ལེགས་པ་རྒྱལ་མཚན་ལ་གསོལ་བ་འདེབས་པ་ལྷན་སྐྱེས་སྒྲ་དབྱངས་ཞེས་བྱ་བ།
ཡེ་ཤེས་མཁའ་ལ་གཉུག་མའི་གར་སྟབས་སྒྱུར། །མི་ཤིགས་འོད་གསལ་བདེ་བའི་གཟི་མདངས་འབར། །གྲུབ་པ་མཆོག་གི་ཕྱག་བྱས་རྒྱ་སྒོམ་པ། །ལེགས་པ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས།
།འཁོར་བའི་འདུ་འཛི་བརྩོན་ར་བཞིན་ཏུ་བོར། །ངེས་ལེགས་བསྟན་ལ་རྣམ་དག་ཚངས་པར་སྤྱོད། །སྔོན་སྦྱངས་ལས་འཕྲོ་དཀར་པོའི་ཆོས་ལ་སད། །སྐྱེས་བུ་ཆེན་པོའི་ཞབས་ལ༴
།མཁས་ཤིང་དངོས་གྲུབ་བརྙེས་པའི་དགེ་བའི་བཤེས། །མང་དུ་བསྟན་ནས་མདོ་སྔགས་ཆོས་སྤྱི་དང་། །བྱེ་བྲག་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི། །རིང་ལུགས་རྫོགས་པར་གསན་ལ༴
།གྲུབ་དབང་ནམ་མཁའི་མཚན་གྱིས་རྗེས་སུ་བཟུང་། །སྒྲུབ་ལ་བརྩོན་པ་ཉིན་མཚན་གཡེལ་མེད་མཛད། །ཉམས་རྟོགས་ཡོན་ཏན་ཡར་ངོའི་ཟླ་བཞིན་རྒྱས། །རྣལ་འབྱོར་དབང་ཕྱུག་ཁྱོད་ལ༴
།བྱང་ཆུབ་སེམས་མཆོག་གཉིས་ལ་ཁྱོད་ཀྱི་ཐུགས། །རྟག་ཏུ་གཞོལ་བས་ཉི་ཚེའི་ཕྲིན་ལས་ལ། །མ་བཀོལ་བར་ཡང་ཚར་གཅོད་རྗེས་འཛིན་སོགས། །ཡེ་ཤེས་མགོན་པོས་སྒྲུབ་ལ༴
།བཀོད་པ་ལུས་ཀྱི་སྤྲུལ་བསྒྱུར་ལ་སོགས་པ། །རྣམ་ཐར་བསམ་མི་ཁྱབ་ལ་མངའ་མཛད་ཀྱང་། །རྟག་ཏུ་ཐ་མལ་བརྟུལ་ཞུགས་ལྷུར་མཛད་པ། །སྦས་པའི་སངས་རྒྱས་ཁྱེད་ལ༴
།འཇམ་མགོན་གྲུབ་པའི་དཔའ་བོ་རྒྱལ་ཚབ་ཏུ། །མངའ་ཆེན་གསོལ་བས་བཀའ་བརྒྱུད་གྲུབ་པའི་ཀླུང་། །ཐུབ་བསྟན་ཇི་སྲིད་མི་མཉམ་འབབས་པ་ཡི། །ཕྲིན་ལས་རྨད་དུ་བྱུང་ལ༴
།གཞན་དོན་དགོངས་ཚེ་གདུང་གི་ཆ་ཤས་ལས། །སྤྲུལ་པའི་རིང་བསྲེལ་ཟད་མེད་འཕེལ་བས་ཀྱང་། །སྐལ་ལྡན་དུ་མ་ཐར་པའི་གནས་སུ་བཀོད། །མཛད་པ་མཐར་ཕྱིན་ཁྱེད་ལ༴
།གསོལ་བཏབ་དགེ་བས་བདག་སོགས་འགྲོ་རྒྱུད་ཀྱི། །སྒྲིབ་གཉིས་དྲི་མ་གཏན་ནས་བྱང་བ་དང་། །ལྷན་སྐྱེས་འོད་གསལ་གཉུག་མ་ཆོས་སྐུའི་ཞལ། །གཅེར་མཐོང་སྐུ་གསུམ་རང་ཤར་ཉིད་གྱུར་ཅིག
Jetsün Künga Drölchok
༈ རྗེ་བཙུན་ཀུན་དགའ་འགྲོལ་མཆོག་ལ་གསོལ་བ་འདེབས་པ་སྨིན་གྲོལ་སྒྲ་དབྱངས་ཞེས་བྱ་བ།
རྒྱལ་བས་ལུང་བསྟན་སྤྱོད་འཆང་གྲུབ་པའི་དབང་། །གངས་ཅན་སྙིང་པོའི་བསྟན་པ་སྤེལ་བའི་ཕྱིར། །འཇམ་མགོན་གྲུབ་པའི་དཔའ་བོའི་སྐུར་བསྟན་པ། །ཀུན་དགའ་གྲོལ་མཆོག་ཞབས་ལ་གསོལ་བ་འདེབས།
།སྤྲུལ་པའི་ཟླ་ཞལ་གློ་བོ་སྨོན་ཐང་དུ། །འཆར་ཚེ་སྐབས་གསུམ་གྲོང་ནས་འོང་འདྲ་བའི། །པདྨའི་སྡོང་པོ་ཁ་དོག་དྲི་བསུངས་ཅན། །དཔྱིད་ཀྱི་དཔལ་བཞིན་བཞེད་ལ༴
།མཚན་དཔེའི་མེ་ཏོག་འབྱུང་འཁྲུགས་རིག་པ་ཡིས། །གཙེས་པའི་ཚེ་ན་ཐུབ་བསྟན་ཉི་གཞོན་དང་། །འགྲོགས་པའི་མོད་ལ་གེགས་ཀྱི་གཡུལ་ལས་རྒྱལ། །ཆོས་དོན་ངང་གིས་འབྱོར་ལ༴
།ཡུལ་དབུས་རིག་གྲོལ་གཉིས་ལྡན་པདྨོའི་མཚོར། །ལྡོག་མེད་ངང་པ་བཞིན་དུ་དགའ་བས་ཞུགས། །ན་ཚོད་ཕྲ་ཡང་སྙིང་སྟོབས་སྤྱོད་པ་སྦོམ། །སེམས་ཀྱི་མདུད་གྲོལ་མཆོག་ལ༴
།སྔོན་སྦྱངས་སྟོབས་སད་སྡེ་སྣོད་རྩོལ་མེད་མཁྱེན། །དབྱངས་ཅན་མགྲིན་པར་ཞུགས་པའི་བརྗོད་པ་སོགས། །མཁས་ཚུལ་གསུམ་གྱི་རྣམ་དཔྱོད་དར་བབས་པས། །བློ་གསལ་ཡིད་དབང་འཕྲོག་ལ༴
།གཙུག་རྒྱན་ནོར་བུས་ལུང་བསྟན་དབུགས་དབྱུང་མཛད། རིན་ཆེན་རྣམ་བཞིས་གདམས་པའི་གནད་རྣམས་གནང་། །པཎ་ཆེན་གཉིས་ཀྱི་ཐེ་ཚོམ་དྲྭ་བ་བསལ། །བཞེད་དགོངས་ལྷུན་གྱིས་གྲུབ་ལ༴
།བྱ་བཏང་གཉིས་ཀྱིས་རྟོགས་པའི་བོགས་འདོན་མཛད། །ངག་གི་དབང་པོས་ཐ་སྙད་སྤྲོ་བ་བསྐྱེད། །ཁྱད་པར་རྡོ་རྗེ་འཆང་དངོས་རྒྱ་སྒོམ་རྗེས། །ཐུགས་ཀྱི་བང་མཛོད་གཏད་ལ༴
།ཕྱི་ཚུལ་དྲི་མེད་སོ་ཐར་བསླབ་པས་བསྡམས། །ནང་དུ་བྱང་ཆུབ་སེམས་ལ་རང་དབང་འབྱོར། །གསང་བ་སྔགས་ཀྱི་བརྟུལ་ཞུགས་འཆང་རྣམས་ཀྱི། །འཁོར་ལོས་སྒྱུར་བ་མཆོག་ལ༴
།གསང་བདག་གཤིན་རྗེ་གཤེད་པོས་བར་ཆད་བསལ། །དགྱེས་མཛད་ཡབ་ཡུམ་འཁོར་ལོ་སྡོམ་པ་དང་། །རྡོ་རྗེ་རྣལ་འབྱོར་མ་སོགས་ལྷག་པའི་ལྷས། །བྱིན་བརླབས་རྗེས་སུ་བཟུང་ལ༴
།མཁའ་སྤྱོད་དབང་ཕྱུག་རྗེ་བཙུན་ནི་གུ་མས། །ཆོས་དྲུག་ཡེ་ཤེས་མགོན་པོ་ལ་སོགས་པ། །སྩལ་བས་འོད་གསལ་མཐའ་དབུས་མེད་པར་རྟོགས། །ངོ་མཚར་ཉེ་བརྒྱུད་ཐོབ་ལ༴
།སོ་ས་གླིང་དུ་མཁའ་འགྲོ་ཆེན་མོ་དང་། །ཚོགས་ཀྱི་འདུ་བར་སྤྱོད་ཅིང་བྱང་ཆུབ་དུ། །ལུང་བསྟན་མཉམ་རྗེས་འདྲེས་པའི་རྟོགས་པ་སྤེལ། །མཁའ་འགྲོས་བུ་བཞིན་སྐྱོང་ལ༴
།མི་ཏྲ་ཛོ་གིས་སྙིང་པོ་དོན་གསུམ་གནང་། །ལེགས་ལྡན་འབྱེད་ཀྱིས་བརྡ་ཡི་ཆོས་དབང་བསྐུར། །སྟོབས་འཕྲོག་དབང་པོ་རྣམ་ཐོས་སྲས་ལ་སོགས། །ཆོས་སྐྱོང་བྲན་དུ་ཁོལ་ལ༴
།གང་སྣང་སྒྱུ་མའི་རྣམ་རོལ་དུ་ཤར་ནས། །འཛིན་མེད་རང་ཤར་མ་བཅོས་ཞེན་བྲལ་བློས། །མ་ཆགས་བུ་ཆུང་སྤྱོད་པའི་ངང་ཚུལ་གྱིས། །བྱས་ཚད་ཆོས་སུ་འགྲོ་ལ༴
།མཐོང་ཐོས་དྲན་རེག་ངན་འགྲོའི་གནས་སྤོང་བའི། །འབྲེལ་ཚད་དོན་དང་ལྡན་པའི་སྐྱེས་བུ་ཞེས། །བསླུ་མེད་རྡོ་རྗེའི་གསུང་གིས་ཞལ་འཆེས་པ། །སྐྱེ་དགུའི་མགོན་པོར་གྱུར་ལ༴
།གངས་ཅན་གདམས་པའི་ཆུ་ཀླུང་མཐའ་དག་བསྡུས། །ནི་གུའི་ཁྲིད་སྲོལ་བརྒྱ་ཕྲག་ལྷག་པས་མཚོན། །གཞན་ཕན་ནམ་མཁའི་མཐར་ཁྱབ་སྤེལ་མཛད་ནས། །མཁའ་སྤྱོད་གྲོང་དུ་གཤེགས་ལ༴
།སླར་ཡང་འཕགས་བོད་ཨོ་རྒྱན་འགྲོ་ལྡིང་སོགས། །མ་ངེས་གནས་སུ་གང་ལ་གང་འདུལ་གྱི། །སྤྲུལ་པ་དུ་མས་གདུལ་བྱའི་ཞིང་སྦྱངས་ནས། །བླ་མེད་བྱང་ཆུབ་བརྙེས་ལ༴
།སྐྱེ་ཀུན་གྲུབ་པའི་དཔའ་བོས་རྗེས་བཟུང་སྟེ། །གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོ་ཡིས། །རབ་འབྱམས་རྣམ་ཐར་རྒྱ་ཚོའི་སྤྲིན་བཀོད་པ། །རྗེ་བཙུན་ཁྱེད་དང་མཚུངས་པར་མཛད་དུ་གསོལ།
Chöku Lhawang Drakpa
༈ །ཆོས་སྐུ་ལྷ་དབང་གྲགས་པ་ལ་གསོལ་བ་འདེབས་པ་ཟབ་མོའི་སྒྲ་དབྱངས་ཞེས་བྱ་བ།
དཔལ་ལྡན་ཁྱབ་བདག་འགྱུར་མེད་རྡོ་རྗེའི་སྐུ། །གཞོམ་མེད་སྒྲ་དབྱངས་བརྗོད་བྲལ་རྡོ་རྗེའི་གསུང་། བདེ་ཆེན་ཟུང་འཇུག་མཉམ་ཉིད་རྡོ་རྗེའི་ཐུགས། །ལྷ་དབང་གྲགས་པའི་ཞབས་ལ་གསོལ་བ་འདེབས། ཤློ་ཀ་འདི་རྗེ་བཙུན་རིན་པོ་ཆེའི་གསུང་ངོ་།
རྡོ་རྗེའི་ལུས་ལ་སྐྱོན་བྲལ་ལང་ཚོས་བརྒྱན། ཟབ་ལམ་ཡོན་ཏན་ཀུན་སྐྱེད་དཔལ་གྱིས་འབྱོར། །བརྟུལ་ཞུགས་སྤྱོད་ལ་བསྙེངས་པ་མེད་པའི་བློ། །སྐྱེས་ཐོབ་རྩལ་ཆེན་རྫོགས་ལ༴
།རྡོ་རྗེའི་རིགས་མཆོག་ཐོག་མ་ཉིད་ནས་སད། གཉིས་འཛིན་བླང་དོར་བྲལ་ཡང་ལྟར་སྣང་གི། །འཁོར་བ་སྒྱུ་མ་ལྟ་བུར་ངེས་འབྱུང་གིས། །བློ་སྣ་ཆོས་སུ་བསྐུལ་ལ༴
།རྡོ་རྗེའི་སློབ་དཔོན་སེམས་ཀྱི་མདུད་གྲོལ་མཆོག །གཙུག་ཏུ་བསྙེན་ནས་མཉེས་པ་རྣམ་གསུམ་བསྒྲུབས། །གསང་བ་གསུམ་གྱི་བྱིན་རླབས་ཡོངས་རྫོགས་ཐོབ། །དམ་པའི་ཐུགས་ཟིན་གྱུར་ལ༴
།རྡོ་རྗེ་ཐེག་པའི་ཡང་བཅུད་རིམ་གཉིས་ལ། འབད་རྩོལ་ཆེན་པོས་སྒྲུབ་པ་མཐའ་རུ་བསྐྱལ། །སྒོམ་བྱུང་སྟོབས་ལས་མཁྱེན་རབ་ཆགས་ཐོགས་མེད། །སྤྱན་དང་མངོན་ཤེས་མངའ་ལ༴
།མོས་གུས་སྟོབས་ཀྱིས་ཅི་སྣང་བླ་མར་གཟིགས། །གཏུམ་མོ་མཐར་ཕྱིན་བདེ་དྲོད་མེ་ལྟར་འབར། །སྒྱུ་ལུས་དབང་ཐོབ་སྣ་ཚོགས་སྤྲུལ་བསྒྱུར་ནུས། །དག་སྣང་རབ་ཏུ་འབྱམས་ལ༴
།གཟུང་འཛིན་རླུང་སེམས་ཨ་བ་དྷཱུ་ཏིར་ཐིམ། །འཁོར་འདས་མ་ལུས་ཆོས་སྐུ་རྗེན་པར་ཤར། །རེ་དོགས་སྙེམས་འཕྲིག་སྤང་བླང་རྡུལ་ཙམ་མེད། །བྱ་བཏང་རྒྱལ་པོ་ཁྱེད་ལ༴
།རྡོ་རྗེའི་ཡེ་ཤེས་ཆེ་ལ་དབང་འབྱོར་པས། །སྐལ་ལྡན་རྣམས་ལ་བྱིན་རླབས་དངོས་སུ་འབེབས། །རྟོགས་པའི་སྟོབས་ཀྱིས་གཞན་སྣང་ཟིལ་གྱིས་གནོན། །རྣལ་འབྱོར་དབང་ཕྱུག་ཁྱེད་ལ༴
ཉིན་སྣང་སྒྱུ་མ་རྨི་ལམ་ལྟ་བུར་གཟིགས། །མཚན་སྣང་རྣམ་དག་འོད་གསལ་ཆེན་པོར་འབྱམས། །ཀུན་ཀྱང་ཟུང་འཇུག་བདེ་ཆེན་ཐིག་ལེར་ཤར། །ཉམས་རྟོགས་མཐའ་རུ་ཕྱིན་ལ༴
ཡེ་ཤེས་མཁའ་འགྲོ་རྣམས་ཀྱིས་བྱིན་གྱིས་བརླབས། །ཕོ་ཉ་གསུམ་འདུས་ཚོགས་ཀྱི་འཁོར་ལོར་སྤྱོད། །ཟོལ་མེད་གྲུབ་པ་ཆེན་པོའི་རྒྱལ་ཐབས་བསྐྱང་། །རྗེ་བཙུན་བྲག་སྟོད་པ་ལ༴
།རྣམ་གྲོལ་བདུད་རྩི་བགོ་བཤར་སྩལ་བ་ཡིས། །གྲུབ་པའི་རྒྱལ་སྲིད་སྐྱོང་བའི་ཉེ་དབང་ཚོགས། །སྒྲོལ་བའི་མགོན་གྱུར་རྗེ་བཙུན་ལྷ་ཡི་དབང་། །མངའ་གསོལ་དོན་ཆེན་མཛད་ལ༴
།ངོ་མཚར་བཀའ་བརྒྱུད་གསེར་གྱི་ཕྲེང་བ་བཟུང་། །བྱིན་རླབས་ཆུ་རྒྱུན་མི་ཟད་གཏེར་གྱུར་བས། །ཤངས་པའི་བསྟན་ལ་བྱ་བ་རླབས་ཆེན་མཛད། །འགྲན་བྲལ་སྐྱེས་མཆོག་ཁྱེད་ལ༴
།འཁྲུལ་མེད་དམ་པ་བསྟེན་ཅིང་བྱིན་རླབས་ཞུགས། །གསང་བའི་ལམ་མཆོག་མཐར་ཕྱིན་དངོས་གྲུབ་ཐོབ། །ཟབ་མོའི་རིང་ལུགས་རྒྱུན་མི་ཆད་སྤེལ་བ། །ཁྱོད་ཀྱི་རྣམ་ཐར་འགྲུབ་པར་བྱིན་གྱིས་རློབས། །འདིར་ཇོ་ནང་རྗེ་བཙུན་རིན་པོ་ཆེའི་གསོལ་འདེབས་ཞལ་གསུང་མ་ཁ་འགེངས་བཅས་སྦྱར་རོ། །
༈ །ན་མོ་གུ་རུ་བྷྱཿ །དཔལ་ལྡན་བླ་མ་དམ་པའི་རྣམ་པར་ཐར་པ་དད་པའི་ལྗོན་ཤིང་ཞེས་བྱ་བ།
བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ།
།ལྷག་པའི་ལྷ་མཆོག་འཇམ་དབྱངས་གྲུབ་པའི་མགོན། །ཀུན་དགའི་དམ་ཆོས་སྙིང་པོའི་དོན་སྟོན་པ། །གང་དེའི་ངོ་མཚར་མཛད་པའི་ཚོགས་རྣམས་ལ། །མཆོག་ཏུ་དང་བའི་ཡིད་ཀྱིས་ཕྱག་འཚལ་ལོ།
།དཔག་ཡས་ཚོགས་གཉིས་ཡུན་རིང་གོམས་པའི་མཐུས། །བོད་ཡུལ་དབུས་ཀྱི་ས་ཡི་ཐིག་ལེ་མཆོག །ཆོས་བཟང་ལྷ་ཡི་མདུན་ས་དང་མཚུངས་པར། །སྐྱེ་བའི་ཆོ་འཕྲུལ་སྟོན་ལ་མགོས༴
།འཇམ་པའི་རྡོ་རྗེའི་རྣམ་འཕྲུལ་རྡོ་རྗེའི་མཚན། །སྐད་གཉིས་སྨྲ་བའི་རིགས་སུ་ཉེར་བལྟམས་པ། །ཀུན་བཟང་གྲུབ་པའི་དབང་པོས་ལུང་བསྟན་བཞིན། །རྣམ་འདྲེན་མཆོག་ཏུ་འཁྲུངས་ལ་མགོས༴
།འདུ་བ་རྣམ་བཞིའི་ཁྲུགས་པའི་ཉེར་འཚེ་ཡིས། །རྣམ་པར་གཙེས་པའི་ཚེ་ན་གྲུབ་པའི་མགོན། འབར་བའི་མགོན་པོ་དངོས་སུ་བྱོན་ནས་ཀྱང་། །ཕྱི་ནང་བར་ཆད་བསལ་ལ་མགོས༴
།དེ་ཚེ་རླུང་སེམས་དྷཱུ་ཏིར་ཚུད་པ་ཡིས། །རྒྱལ་བ་སྲས་བཅས་དཔག་ཡས་མཁའ་ལ་གཟིགས། །རྡོ་རྗེ་ཐེག་པའི་བག་ཆགས་ཡོངས་སད་ནས། །དང་བ་སྟོབས་སུ་གྱུར་ལ༴
།གཞན་གྱིས་མ་བསྟན་ཡོངས་སུ་མ་བསྐུལ་བར། །འགྲོ་བ་ཀུན་ལ་སྙིང་རྗེའི་འཇུག་པ་རྒྱས། །ཐེག་མཆོག་ལྷ་དང་རིག་སྔགས་དམ་ཆོས་ཚུལ། །ངང་གིས་ཡོངས་སུ་མཁྱེན་ལ༴
།ཡི་གེའི་ཕྱི་མོ་ལ་སོགས་རང་མཁྱེན་ཅིང་། །སྐྱེས་རབས་གླེང་བཞི་ལ་སོགས་གཏམ་མང་རྣམས། འབད་རྩོལ་མེད་པར་ཐོས་པ་ཙམ་གྱིས་ཆུབ། །འཁོར་མང་དགའ་བ་སྐྱེད་ལ༴
།དགྱེས་པའི་རྡོ་རྗེ་རྡོ་རྗེ་རྣལ་འབྱོར་མ། །མི་གཡོ་སྒྲོལ་མ་འཇམ་པའི་དབྱངས་སོགས་ཀྱི། །སྒྲུབ་ཐབས་དུ་མ་ལོ་བདུན་ལོན་ཚེ་གསུངས། །བློ་གསལ་ཀུན་གྱི་གཙོ་བོར་མགོས༴
།མཁས་མཆོག་བྱམས་པའི་གསུང་ངག་ཉེར་བསྟེན་ཏེ། །སྡེ་སྣོད་གསུམ་དང་དེ་ཡི་དགོངས་འགྲེལ་དང་། །སྒྲ་ཚད་རིག་པའི་གནས་ལྔ་ཀུན་ལ་སྦྱངས། །མཚུངས་མེད་སྨྲ་བའི་སེང་གེར༴
།ཀུན་དགའི་མཚན་ཅན་བླ་མ་ཆོས་རྗེ་ཡི། །ཞབས་པད་ཉེར་བསྟེན་སྡོམ་གསུམ་རིམ་པས་ནོས། །དཔག་ཡས་རྒྱུད་སྡེའི་དབང་ལུང་མན་ངག་གིས། །ཐུགས་རྒྱུད་ཡོངས་སུ་གང་ལ༴
།དཀྱིལ་འཁོར་རྒྱ་མཚོའི་བསྙེན་སྒྲུབ་མཐར་ཕྱིན་ཅིང་། །གསང་སྔགས་རྒྱ་མཚོའི་རྫོགས་རིམ་ཉམས་ལེན་གནད། །རྩེ་གཅིག་བསྒྲུབ་ལ་ཉིན་མཚན་ལྷུར་མཛད་པས། །རྒྱལ་བ་དགྱེས་པའི་ལམ་སྟོན་ལ༴
།མདོ་རྒྱུད་དགོངས་པ་ཇི་བཞིན་ལེགས་མཁྱེན་ནས། །འཆད་དང་རྩོད་དང་རྩོམ་པའི་ཚུལ་ལུགས་ལ། །སྲིད་གསུམ་འདི་ན་མགྲན་པའི་ཟླ་བྲལ་བ། །ཡོན་ཏན་རྒྱ་མཚོ་ཁྱོད་ལ༴
།རྒྱུད་སྡེ་རྒྱ་མཚོའི་ཚོགས་ལ་དབང་འབྱོར་ཞིང་། །འཕགས་པའི་ཡུལ་དང་གངས་རིའི་ཁྲོད་ཀུན་གྱི། །མཁས་གྲུབ་བྱེ་བའི་བཞེད་སྲོལ་ཇི་བཞིན་དུ། །མ་འདྲེས་ཐུགས་སུ་ཆུད་ལ༴
།སྒྱུ་མ་ལྟ་བུའི་ཏིང་འཛིན་མངོན་བརྙེས་པས། །རྨི་ལམ་མཚན་མའི་ཚུལ་དུ་བར་ཆད་བགེགས། །རྣམ་པར་བཏུལ་ནས་སྟོང་ཉིད་ཟབ་མོའི་དོན། །མངོན་དུ་གྱུར་པ་གང་དེར༴
།འཕགས་ཡུལ་མཁས་གྲུབ་ཞལ་ལུང་བདུད་རྩིའི་བཅུད། །སངས་རྒྱས་སྦས་པའི་ཞབས་སོགས་བླ་མ་ལས། །ལེགས་པར་གསན་ནས་ཐུན་མོང་མ་ཡིན་པའི། །ཟབ་དོན་རྒྱ་མཚོའི་བདག་པོར༴
།དཔག་མེད་སྐྱེས་རབས་ཕྲེང་བར་མངོན་འབྲེལ་བའི། གདོད་མའི་མགོན་པོ་རྡོ་རྗེ་སློབ་དཔོན་མཆོག །བརྒྱུད་པ་ཀུན་འདུས་རྩ་བའི་བླ་མ་དང་། །ཐུགས་ཡིད་དབྱེར་མེད་འདྲེས་ལ༴
།གང་ལས་མཐར་ཐུག་དེ་ཉིད་ནོད་པའི་ཚེ། །གནས་ལུགས་གདོད་མ་རང་བཞིན་ལྷན་ཅིག་སྐྱེས། །ཆོས་ཀུན་ངོ་བོ་ཆོས་སྐུ་མངོན་གྱུར་ཏེ། །སྲིད་ཞིའི་མགོན་པོར་གྱུར་ལ༴
།ཟབ་ཅིང་རྒྱ་ཆེ་དཔག་ཡས་དམ་ཆོས་སྟོན། མཐའ་དག་གཅིག་གྱུར་དོན་གྱི་བརྒྱུད་པ་བརྙེས། །རྫོགས་རིམ་ཟབ་མོའི་ཡེ་ཤེས་མངོན་གྱུར་པ། །བདེ་ཆེན་དང་པོའི་རྒྱལ་བར༴
།འཕགས་ཡུལ་ཤིང་རྟ་ཆེན་པོ་བཅུ་དྲུག་དང་། གྲུབ་ཐོབ་འཁོར་ལོས་སྒྱུར་བ་བགྲང་ཡས་ཀྱི། །བཀའ་བབས་བྱིན་གྱིས་བརླབས་པའི་རྟགས་མཚན་ཐོབ། །ཆོས་ཀྱི་རྒྱལ་པོ་བླ་མར༴
།རྡོ་རྗེ་ཐེག་པའི་འཕགས་ལམ་རྗེས་མཐུན་ནས། །བཅུ་གཉིས་རྡོ་རྗེའི་གནས་པ་མངོན་གྱུར་ཏེ། །རྩོད་པའི་དུས་འདིར་རྡོ་རྗེ་འཆང་དབང་གི། །གདུང་འཚོབ་གྱུར་པ་གང་དེར༴
།སྐྱེ་བ་ཀུན་ཏུ་རྗེས་བཟུང་ཡི་དམ་ལྷ། །འཁོར་ལོ་སྡོམ་པའི་བསྙེན་བསྒྲུབ་ལ་བརྩོན་ཚེ། །བདག་ཉིད་ཧེ་རུ་ཀར་གྱུར་མཚན་མ་གཟིགས། །ཡ་མཚན་དཔག་ཡས་མངའ་ལ༴
།སྒྲོལ་མའི་དབང་བཞི་ནོད་ཚེ་རང་གི་ལུས། །མཁའ་འགྲོའི་ཚོགས་ཀྱིས་ཡོངས་སྦྱངས་བྱིན་བརླབས་ཏེ། །མཐའ་དག་རྒྱུད་ཀྱི་གླེགས་བམ་རྣམ་པར་གྱུར། །གསང་སྔགས་བསྟན་པའི་བདག་པོར༴
།རྣལ་འབྱོར་ནམ་མཁའི་དཀྱིལ་འཁོར་མངོན་གཟིགས་ཤིང་། །འཕགས་པ་ལྷ་ཡིས་ཐེ་ཚོམ་དྲ་བ་བསལ། །ཞི་བ་ལྷས་ཀྱང་འདུས་པའི་རྒྱུད་དོན་བསྟན། །ཆོས་རྒྱུད་ཏིང་འཛིན་བརྙེས་ལ༴
།ཡན་ལག་དྲུག་གི་རྣལ་འབྱོར་མཉམ་བཞག་པས། །ཐོག་མར་དགེ་བའི་རྟགས་རྣམས་མཐར་ཕྱིན་ཞིང་། །སྲོག་འཛིན་རྟགས་སྣང་དུ་མ་མངོན་གྱུར་པ། །བཅོས་མིན་ཡེ་ཤེས་གཟིགས་ལ༴
།དཔལ་ལྡན་གསང་འདུས་དོན་ལ་མཉམ་བཞག་པས། །འཇམ་དབྱངས་ཐུགས་རྗེས་ཆོས་ཀུན་དེ་ཉིད་གཟིགས། །ཁྲོ་རྒྱལ་གཤིན་རྗེ་གཤེད་པོས་བྱིན་བརླབས་པས། །མཐུ་སྟོབས་དབང་ཕྱུག་གྱུར་ལ༴
།རྣལ་འབྱོར་གསང་མཐའི་དོན་ལ་མཉམ་གཞག་ཚེ། །རང་ལུས་ལྷ་སྐུའི་གསལ་སྣང་ཆེར་བརྟན་ཞིང་། །གནས་གསུམ་ཕོ་ཉའི་འདུ་བ་ལེགས་ཐོབ་པ། །ལྷན་སྐྱེས་བདེ་ཆེན་ཐོབ་ལ༴
།རྣམ་དག་ཐུགས་མངའ་ཁྱོད་ཀྱི་མནལ་ལམ་དུ། །མདའ་བསྣུན་ཤཱ་བ་རི་དང་ལཱུ་ཡི་པ། །དྲིལ་བུ་འབར་འཛིན་ཞི་བ་སྦས་པ་སོགས། །གྲུབ་མཆོག་དུ་མས་ཞལ་བསྟན༴
དེ་དག་རྣམས་ལ་ཐེ་ཚོམ་གཅོད་མཛད་ཅིང་། །རྒྱུད་སྡེའི་དགོངས་དོན་རྣམ་པར་འགྲེལ་བའི་ཚེ། །དཔའ་བོ་མཁའ་འགྲོ་དཔག་ཡས་བརྡ་ཐབས་ཀྱིས། །ཟབ་དོན་ངོ་སྤྲོད་བརྙེས་ལ་མགོས་ཕྱག་འཚལ།
།དགའ་ལྡན་གནས་ནས་ཤཱཀྱའི་མཚན་ལྡན་པས། །ཞལ་བསྟན་མི་ཕམ་མགོན་པོས་བདག་ཉིད་ལ། །དངོས་སུ་བྱིན་གྱིས་བརླབས་པའི་མཚན་མ་ཐོབ། །ཆོས་འབྱོར་རྒྱུན་མི་འཆད་ལ༴
།པདྨ་འབྱུང་གནས་ཟླ་འོད་གཞོན་ནུ་དང་། །བརྟོན་པ་བཞི་ལྡན་ལ་སོགས་མཆོག་རྣམས་དང་། །དམ་པ་ཆོས་ཀྱི་བཀའ་མཆིས་ཡོངས་ཐོབ་པ། །བཤེས་གཉེན་མཆོག་གིས་རྗེས་བཟུང་མགོས༴
།ཐོས་བསམ་མཐར་ཕྱིན་རྩེ་གཅིག་སྒྲུབ་ལ་དགྱེས། །ས་སྟེང་ཆོས་ཀྱི་འཁོར་ལོས་ཁྱབ་མཛད་པ། །ཡ་མཚན་མཚུངས་མེད་བླ་མ་རིན་ཆེན་ལ། །མཆོག་ཏུ་གུས་པའི་ཡིད་ཀྱིས་མགོས་ཕྱག་འཚལ། །ཅེས་པ་འདི་ཡན་ཆད་སློབ་མའི་ངོར་ཏཱ་ར་ནཱ་ཐས་སྨྲས་པའོ།
Jetsün Taranatha
།རྗེ་བཙུན་རིན་པོ་ཆེའི་རྣམ་ཐར་གསོལ་འདེབས་ཁ་སྐོང་དད་པའི་མེ་ཏོག་ཅེས་བྱ་བ།
རྒྱལ་བ་ཀུན་གྱི་ཡབ་གྱུར་རྒྱལ་བའི་སྲས། །སྲིད་ཞི་ཀུན་སྤངས་སྲིད་ཞི་ཀུན་གྱི་བདག །དཔལ་ལྡན་འཁོར་ལོ་སྡོམ་པ་བླ་མའི་ཚུལ། །སྒྲོལ་བའི་མགོན་པོའི་ཞབས་ལ་གསོལ་བ་འདེབས།
།སྔོན་ཚེ་རྒྱལ་པོའི་ཕོ་བྲང་མཉན་ལྡན་དུ། །གྱད་ཀྱི་གཙོ་བོར་སྟོབས་མཐའ་ཡས་པར་གྱུར། །རྣམ་གཟིགས་དྲུང་དུ་བྱང་ཆུབ་ཐུགས་བསྐྱེད་ནས། །ངེས་པའི་ཡ་མཚན་ཐོབ་ལ་མགོས་ཕྱག་འཚལ།
།དེ་ནས་སངས་རྒྱས་ཀུན་དང་རྟག་ཏུ་འགྲོགས། །བྱང་ཆུབ་སྤྱོད་པ་ཁྱད་པར་ཅན་རྣམས་བསྟན། །རྣམ་འཕྲུལ་དཔག་ཏུ་མེད་པས་གདུལ་བྱའི་ཁམས། །ཡོངས་སུ་སྨིན་པར་མཛད་ལ་མགོས༴
།ཤཱཀ་ཐུབ་སྤྱན་སྔར་བྱང་སེམས་ལྔ་བརྒྱའི་དབུས། །བློ་གྲོས་ཤིན་ཏུ་རྣམ་པར་དག་པར་གྱུར། །ངེས་དོན་སྙིང་པོའི་བསྟན་པ་ཕྱོགས་མེད་དུ། །འཛིན་པའི་གོ་ཆ་བཞེས་ལ༴
།གྲུབ་པ་རིག་འཛིན་དྲང་སྲོང་པཎྜི་ཏ། །རྒྱལ་བློན་བྲམ་ཟེ་ཁྱིམ་བདག་ཐ་མལ་པ། །སྣ་ཚོགས་གཟུགས་ཀྱིས་སངས་རྒྱས་བསྟན་སྐྱོང་ཞིང་། །འཁོར་བ་དོང་ནས་སྤྲུགས་ལ༴
།ཤར་ཕྱོགས་མྱ་ངན་བྲལ་བར་དེ་བཞིན་གཤེགས། །ཙམྦྷ་ཀ་དྲུང་འཁོར་ལོས་སྒྱུར་བའི་རྒྱལ། །རི་བོའི་རྩེ་སོགས་སྐུ་ཡི་བཀོད་པ་བརྒྱད། གཅིག་ཆར་སྟོན་པར་མཛད་ལ༴
།དེ་བཞིན་འཇིག་རྟེན་གཞན་དང་བོད་ཡུལ་འདིར། །སྤྲུལ་མང་དུས་གཅིག་སྟོན་ལས་འདྲེན་པའི་གཙོ། །ཨོ་རྒྱན་དཔའ་བོ་བིཥྞུ་རཱ་ཛཱ་ཉིད། །སྤྲུལ་གཞིའི་ཚུལ་དུ་སྟོན་ལ༴
།ཧེ་རུ་ཀ་ཡིས་གསང་བའི་མཛོད་གཏད་ཅིང་། །ཐུབ་པས་ཆོས་ཀུན་བདག་པོར་རྗེས་སུ་གནང་། །ཉེ་སྲས་བརྒྱད་ཀྱིས་མདོ་རྒྱུད་མ་ལུས་པའི། །འབྱུང་གནས་བྱིན་གྱིས་བརླབས་ལ༴
།སྤྱན་རས་གཟིགས་ཀྱིས་འགྲོ་འདུལ་སེམས་དཔར་བསྔགས། །ནམ་མཁའི་སྙིང་པོས་ལྷག་པའི་བསླབ་པ་བྱིན། །རྗེ་བཙུན་སྒྲོལ་མས་རྟག་ཏུ་ཞལ་སྟོན་ཅིང་། །ལུང་བསྟན་ཡེ་ཤེས་སྤོར་ལ༴
།པདྨཱ་ཀ་རས་ཁྲག་འཐུང་དལ་དུ་བཅུག །མཚོ་རྒྱལ་མ་ཡིས་ཟབ་མོའི་བརྡ་དབང་བསྐུར། །ཌོམྦྷི་ཧེ་རུས་གནས་གསུམ་མཁའ་འགྲོ་མའི། །བདག་པོར་མངའ་གསོལ་མཛད་ལ༴
།ཙནྡྲ་གོ་མཱིས་ཏིང་འཛིན་ངོ་སྤྲད་མཛད། །བསྙུན་གྱི་ཟུག་རྔུ་འཕགས་པས་དངོས་སུ་བཀྲུས། །དབྱངས་ཅན་ལྷ་མོས་ངག་གི་དབང་ཕྱུག་སྩལ། །བསམ་ཡས་ཡེ་ཤེས་ཡངས་པར་མགོས༴
།གྲུབ་ཆེན་བརྒྱད་ཅུ་ལོ་ཙཱ་རྣལ་འབྱོར་ཚོགས། །གསོལ་བ་བཏབ་རེས་དངོས་སུ་ཆོས་གསུངས་ཤིང་། །ཨ་བྷ་ཡ་ཡིས་རྒྱུད་སྡེ་རབ་འབྱམས་ཀྱི། །དཀྱིལ་འཁོར་ཆེན་པོར་གཅུག་ལ༴
།གསང་བ་ཡེ་ཤེས་གསང་བའི་དབང་བཞི་བསྐུར། །ཌཱ་ཀིས་སྨན་མཆོག་རྣམ་རྒྱལ་དངོས་སུ་སྩལ། །དེ་བཱི་ཀོ་ཌིར་མཁའ་འགྲོས་བཀའ་མཆིད་ཀྱིས། །ཆོས་དྲུག་ཐང་མར་བརྡལ་ལ༴
།ལཱུ་ཡི་པཱ་དས་བདེ་ཆེན་ངོ་སྤྲོད་མཛད། །འཁོར་ལོ་གསུམ་དུ་ཚོགས་ཀྱི་འདུ་བ་རོལ། །ཆགས་ཆེན་ལམ་ལས་མཐོང་ཐོས་དྲན་རེག་ཀུན། །རྣམ་གྲོལ་ལུང་བསྟན་ཐོབ་ལ༴
།ཨོ་ཌཱི་ཡ་ན་ཟངས་མདོག་དཔལ་གྱི་རི། །ཤམྦྷ་ལ་རུ་རྫུ་འཕྲུལ་ཞབས་ཀྱིས་བགྲོད། །ཨིནྡྲ་བོ་དྷི་པད་འབྱུང་རིགས་ལྡན་ཆེའི། ཞལ་ལུང་བདུད་རྩི་གསོལ་ལ༴
།རྡོ་རྗེ་ཕག་མོ་དུས་འཁོར་གསང་འདུས་ཀྱིས། །འོད་ཟེར་ཆེན་པོའི་དབང་བསྐུར་རྒྱུད་སྡེའི་དོན། །རྣམ་པར་འགྲེལ་ལ་ལེགས་སོའི་དབུགས་དབྱུང་སྩལ། །གསང་བདག་རྡོ་རྗེ་ཆོས་ལ༴
།འཇམ་དཔལ་དམར་ནག་རྡོ་རྗེ་འཇིག་བྱེད་ཀྱིས། །དབང་བསྐུར་བདུད་སྡེ་འཇོམས་པའི་ལུང་བསྟན་ཐོབ། །བླ་མ་གྲུབ་ཆེན་བརྒྱད་ཀྱིས་བྱིན་བརླབས་པས། །ཆོས་ཀྱི་གཏིང་སླེབ་གྱུར་ལ༴
།ཡེ་ཤེས་ཕེབ་པས་སྣང་གྲག་རྟོག་ཚོགས་ཀུན། །དག་པའི་སྣང་བར་རྒྱ་འབྱམས་རྡོ་རྗེའི་གླུས། །ལས་ཅན་འཁོར་ཚོགས་རྟོགས་གྲོལ་དུས་མཉམ་གྱི། །ཡེ་ཤེས་སད་པར་མཛད་ལ༴
།དབང་བསྐུར་སྒྲུབ་མཆོད་ཆོས་འཁོར་བསྐོར་ལ་སོགས། །མཛད་ཆེན་སྟོན་ཚེ་འཇའ་འོད་མེ་ཏོག་ཆར། །མཁའ་འགྲོ་བརྡ་གླུ་དྲི་བཟང་ངད་པས་ཁྱབ། །སྤྲུལ་བསྒྱུར་ཆོ་འཕྲུལ་སྟོན་ལ༴
།རིང་ལུགས་ཉམས་པ་གསོས་ཤིང་འཁྲུལ་པ་བསལ། །སྔོན་མེད་ཤིང་རྟ་གསར་དུ་དྲངས་ལ་སོགས། །ངེས་དོན་སྙིང་པོ་རྡོ་རྗེ་ཐེག་མཆོག་གི །བསྟན་པ་རྨངས་ནས་གསོས་ལ༴
།ཀུན་མཁྱེན་ཆོས་རྗེས་བདེ་བ་ཅན་ཞིང་བསྟན། །ཕྱིར་མི་ལྡོག་པའི་ཆོས་ཀྱི་རྒྱལ་སྲིད་ཕོག །བུ་སྟོན་ཆེན་པོས་ཆོས་ཀྱི་ཅོད་པན་བཅིངས། །ཐུབ་བསྟན་མངའ་བདག་གྱུར་ལ༴
།བླ་མ་རྣམས་དང་རིས་མེད་མཁས་གྲུབ་ཚོགས། །གྲུབ་མཐར་དགྱེས་པའི་ལེགས་སོའི་ཤིས་བརྗོད་ལྡིར། །སྐྱེ་བ་གསུམ་ནས་མངོན་པར་འཚང་རྒྱ་ཞེས། །སེང་གེའི་སྒྲ་ཆེན་བསྒྲགས་ལ༴
།སངས་རྒྱས་ཞལ་མཐོང་མཐུ་ཆེན་ཆོས་སྐྱོང་རྣམས། །འབངས་སུ་མཆི་ཞིང་སྲོག་གི་སྙིང་པོ་ཕུལ། །མ་ཧཱ་ཀཱ་ལ་ལྕམ་དྲལ་སྡེ་འཁོར་བཅས། །ཅི་བཅོལ་བཀའ་བཞིན་སྒྲུབ་ལ༴
།ཚེ་འདིར་ལྟ་བའི་སྒོ་ནས་བྱ་བ་མཛད། །ཕྱི་མར་མདོ་སྒྱུ་སེམས་སོགས་འགྲོ་ལྡིང་དུ། །དངོས་སུ་སྤེལ་ནས་པདྨ་ཐོད་ཕྲེང་གི། །ཕྲིན་ལས་འཁོར་ལོས་སྒྱུར་ལ༴
།ཕག་མོ་སྒྲོལ་མ་སྤྱོད་འཆང་པདྨ་བདེས། །བསྐུལ་ཞིང་དཔའ་བོ་ཌཱ་ཀིས་གླུ་གར་གདུགས། །ཌཱ་དྲིལ་བདེ་སྐྱོང་བདུད་རྩིས་ཡོངས་མཆོད་དེ། །ཞིང་ཁམས་མཐའ་ཡས་གཤེགས་ལ༴
།བདུད་ཀྱི་གནས་གཡོ་འཇིག་རྟེན་རབ་འབྱམས་སུ། །ངོ་མཚར་ལྟས་སོགས་ཏིང་འཛིན་ས་བརྙེས་ཤིང་། །རིག་མའི་སྐྱེས་བུ་གྲུབ་པའི་དགེ་མཚན་གྱིས། །ཀུན་ཏུ་ཁྱབ་པར་མཛད་ལ༴
།ཨཽ་ཌཱི་ཡ་ནར་བཱིརྱ་རཱ་ཛ་དང་། །འགྲོ་ལྡིང་གནས་སུ་བདེ་བའི་མགོན་པོའི་ཚུལ། །བཻཌཱུརྱ་སྣང་བདེ་བ་ཅན་ཞིང་དུ། ས་བཅུའི་དབང་ཕྱུག་སྟོན་ལ༴
།ངོ་བོ་ལྷན་ཅིག་སྐྱེས་པའི་དྲྭ་བར་སྡོམ། །ཐུན་མོང་སྣང་ངོར་འཇིག་རྟེན་འོད་ལྡན་དུ། །བདེ་གཤེགས་ནམ་མཁའི་ཐིག་ལེར་འཚང་རྒྱ་སོགས། །རྣམ་འཕྲུལ་བསམ་མི་ཁྱབ་ལ་མགོས་ཕྱག་འཚལ།
།འཕགས་པའི་ཡུལ་དུ་འཇིགས་འབྱུང་སྦས་པ་བཞིན། །ཁྱོད་འདྲའི་གང་ཟག་ཕྱིས་ནས་མ་བྱོན་པའི། །དྲུག་པའི་རྒྱལ་ཚབ་ཉིད་དུ་ངེས་པ་རྙེད། །བླ་མེད་ཧེ་རུ་ཀ་དཔལ་བླ་མ་རྗེར།
།གུས་པའི་ཕྱག་འཚལ་ངོ་མཚར་མཆོད་སྤྲིན་འབུལ། །ཉེས་བྱས་ཀུན་བཤགས་དགེ་ལ་རྗེས་ཡི་རང་། །ཆོས་འཁོར་བསྐོར་ཞིང་རྟག་ཏུ་བཞུགས་གསོལ་འདེབས། །དགེ་ཀུན་ཁྱོད་ཀྱི་གོ་འཕང་ཐོབ་ཕྱིར་བསྔོ།
།ཀུན་དགའ་སྙིང་པོའི་སྐུ་གསུང་ཐུགས་ཡོན་ཏན། །རྣམ་ཐར་ཕྲིན་ལས་ཅི་འདྲར་བདག་གྱུར་ཏེ། །ཕྱོགས་ལས་རྣམ་རྒྱལ་གསུང་རབ་ཕྱོགས་བཅུར་སྤེལ། །འགྲོ་ཀུན་མཁའ་འགྲོ་དྲྭ་བར་སྡོམ་བྱེད་ཤོག
།འདི་ཕྱི་བར་དོ་རྨི་ལམ་དག་ཏུ་ཡང་། །ཏཱ་ར་ནཱ་ཐ་ཉིད་དང་མི་འབྲལ་བར། །གསང་བའི་མཛོད་ཐོབ་བརྟུལ་ཞུགས་ཕྱོགས་མེད་གྲུབ། །ཁ་སྦྱོར་བདེ་ཆེན་རོལ་པར་འཚང་རྒྱ་ཤོག
།རྟག་ཏུ་རྗེ་བཙུན་མཉེས་པའི་བྱ་བ་སྒྲུབ། །བྱིན་རླབས་རྒྱུད་ལ་ཞུགས་ནས་རྗེ་ཉིད་དང་། །རྣམ་དབྱེར་མེད་པའི་ཕྲིན་ལས་རབ་འབྱམས་ཀྱིས། །མཁའ་ཁྱབ་འཛམ་གླིང་བཀྲ་ཤིས་དཔལ་འབར་ཤོག
།ཅེས་རྣམ་ཐར་གསོལ་འདེབས་དད་པའི་ལྗོན་ཤིང་གི་ཁ་སྐོང་དམ་པ་སྔ་མས་མཛད་པ་འགའ་ཞིག་རྒྱས་བསྡུས་མ་འཚམས་པ་དང་ལུང་རྒྱུན་མ་བཞུགས་པས། །རང་གཞན་དད་པའི་གསོལ་འདེབས་ཀྱི་ཚུལ་དུ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་ཁྲོད་དུ་བྲིས་པ་དགེ་ལེགས་འཕེལ།
Karma Shenpen Öser
།རྗེ་བཙུན་དཔལ་ལྡན་བླ་མ་ཀརྨ་གཞན་ཕན་འོད་ཟེར་ལ་གསོལ་བ་འདེབས་པ་དགེ་ལེགས་སྒྲ་དབྱངས་ཞེས་བྱ་བ།
གསང་བ་བསམ་མི་ཁྱབ་པའི་རྣམ་ཐར་འཆང་། །ཐ་མལ་སྣང་ངོར་སྦས་པའི་བརྟུལ་ཞུགས་ཅན། །འབྲེལ་ཚད་དོན་ལྡན་གྲུབ་པའི་དབང་ཕྱུག་མཆོག །གཞན་ཕན་འོད་ཟེར་ཞབས་ལ་གསོལ་བ་འདེབས།
།ཞེན་ལོག་ངེས་འབྱུང་བཅོས་མིན་ནང་ནས་བརྡོལ། ཤཱཀྱའི་བསྟན་ལ་རྣམ་དག་ཚངས་པར་སྤྱོད། །རྗེ་བཙུན་སྨྲ་བའི་སེང་གེས་བྱིན་བརླབས་པས། །འབྲི་ཀློག་རང་བརྡོལ་མཁྱེན་ལ་གསོལ་བ་འདེབས།
།མ་བསྒྲུབས་པར་ཡང་དམར་ནག་མེ་ཕྲེང་ཅན། །ཞལ་བསྟན་ཕྱི་ནང་བར་དུ་གཅོད་པ་བསལ། །མཚན་ལྡན་ཡོངས་འཛིན་དུ་མའི་ཞལ་སྒོ་འགྲིམས། །ཆོས་ཀྱི་བདུད་རྩི་བཞེས་ལ༴
།དབོན་སྟོན་དངོས་བྱོན་སྦས་པའི་རྣལ་འབྱོར་པ། །ཀརྨ་ལྷག་མཐོང་ཞབས་ལས་ཤངས་ཆོས་སོགས། །གདམས་ངག་བཅུད་གསོལ་རྗེ་བཙུན་རྨོག་ལྕོག་པའི། །རྣམ་རོལ་ཞལ་གྱིས་བཞེས་ལ༴
།བློ་སྦྱོང་མཛད་ཚེ་ལོ་གསུམ་ཤིག་ནད་ཀྱིས། །གཙེས་ཀྱང་སྟོང་ཉིད་སྙིང་རྗེའི་དབྱིངས་སུ་དེངས། །དཀའ་སྤྱད་བརྩོན་འགྲུས་བསམ་གྱིས་མི་ཁྱབ་པས། །གདམས་ངག་ཉམས་བཞེས་མཛད་ལ༴
གཏུམ་མོ་སྒྱུ་ལུས་རྨི་ལམ་འོད་གསལ་གྱི། །ཏིང་འཛིན་མཐར་ཐུག་བརྙེས་པས་རླུང་སྦྱོར་གྱིས། །ནད་གདོན་དངོས་སུ་འདོན་སོགས་ཕྱི་ཡི་རྟགས། །བསྙོན་མེད་མངོན་སུམ་སྟོན་ལ༴
ཆོས་བརྒྱད་དྲི་མ་རྨི་ལམ་དུ་ཡང་སྤངས། །ངོ་སྲུང་མཐུན་འཇུག་ནམ་ཡང་མི་མངའ་ཞིང་། །འདིར་ལྟོས་བྱ་བཞག་སློགས་རུལ་བཞིན་ཏུ་དོར། །བྱ་བཏང་རྒྱལ་པོ་ཁྱེད་ལ༴
།ཐོགས་བཅས་ཐོགས་མེད་ཡ་ང་སྐྱུགས་བྲོ་ལ། །བདག་འཛིན་བློས་བཏང་རོ་སྙོམས་ཟློག་སྒོམ་གྱིས། །ཐུགས་དམ་བོགས་ཐོན་བརྟུལ་ཞུགས་རྩལ་ཆེན་རྫོགས། །རྣལ་འབྱོར་དབང་ཕྱུག་ཁྱོད་ལ༴
།ཉམས་དང་རྟོགས་པ་བསམ་མི་ཁྱབ་པ་འཁྲུངས། །གྲུབ་པ་ལྷ་དང་མཁའ་འགྲོས་ཞལ་བསྟན་ཅིང་། །ཆོས་སྲུང་དམ་ཅན་ཚོགས་ཀྱིས་ཕྲིན་ལས་སྒྲུབ། གོང་མའི་བརྒྱུད་པ་ཟིན་ལ༴
།མི་སྣང་ལ་སོགས་སྤྲུལ་བསྒྱུར་ཆོ་འཕྲུལ་མངའ། །འབྱུང་འགྱུར་གནས་སོགས་ལྐོག་གྱུར་དངོས་སུ་མཁྱེན། །དག་པའི་སྣང་ངོར་མར་པ་ལོ་ཙྭ་སོགས། སྤྲུལ་པའི་གཟུགས་སུ་སྟོན་ལ༴
།མ་ངེས་ཐོད་རྒལ་སྤྱོད་པ་སྣ་ཚོགས་པས། །རྐྱེན་སྣང་གང་བྱུང་ཐད་ཀའི་ལམ་དུ་གཅོད། །སྣང་སེམས་དབང་དུ་འདུས་པའི་རྣལ་འབྱོར་པ། །ཀརྨ་མ་ཎིའི་ཞབས་ལ༴
།སྐལ་ལྡན་གདུལ་བྱ་རྣམས་ལ་སྒྲུབ་བརྒྱུད་སྤེལ། །བཟང་ངན་འབྲེལ་ཚད་ཕྱིར་མི་ལྡོག་པ་ཡི། །ཕྲིན་ལས་མཐར་ཕྱིན་འོད་གསལ་ཆེན་པོར་བཞུགས། །ཡེ་ཤེས་སྐུ་མཆོག་ཁྱེད་ལ༴
།དྲན་མཆོག་དཔལ་ལྡན་བླ་མ་རིན་པོ་ཆེ། །སྙིང་གི་ཟེའུ་འབྲུ་ཚངས་པའི་འཁོར་ལོའི་དབུས། །ཐུགས་རྗེ་གཡེལ་བ་མེད་པར་རྟག་བཞུགས་ལ། །སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ།
Jamyang Khyentsé Wangpo
༈ །ཐམས་ཅད་མཁྱེན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་གསོལ་བ་འདེབས་པ་བཀྲ་ཤིས་འཁྱིལ་པའི་སྒྲ་དབྱངས་ཞེས་བྱ་བ།
ཇི་ལྟ་ཇི་སྙེད་ཤེས་བྱ་ཐམས་ཅད་མཁྱེན། །དམིགས་མེད་ཐུགས་རྗེས་འགྲོ་ལ་བུ་ལྟར་དགོངས། །འཁོར་བ་དོང་སྤྲུགས་ནུས་པའི་ཆོས་ཀྱི་རྒྱལ། །མཁྱེན་བརྩེའི་དབང་པོའི་ཞབས་ལ་གསོལ་བ་འདེབས།
།རྒྱལ་བའི་ཡབ་གཅིག་རྗེ་བཙུན་འཇམ་པའི་དབྱངས། །གང་འདུལ་རྣམ་རོལ་ཆོས་དབྱིངས་ཁྱབ་པ་ལས། །སྙིགས་དུས་བསྟན་འགྲོ་སྐྱོབས་པའི་དཔལ་མགོན་ཏུ། །བསམ་བཞིན་སྐྱེ་བ་བཞེས་ལ༴
།མདོ་སྨད་སྡེ་བཞི་དགེ་བཅུའི་སྨན་གྱི་ལྗོངས། །ཕྲིན་ལས་འགྲོ་འདུལ་སྤྲུལ་པའི་གནས་ཀྱི་ཆར། །རྣམ་དག་རིགས་སོགས་མཆོག་གི་གཟིགས་པ་ལྔས། །སྤྲུལ་པའི་སྐུ་རུ་བསྟན་ལ༴
།ཡེ་ཤེས་བརྙེས་པའི་རྣམ་འདྲེན་མཆོག་རྣམས་ཀྱིས། །དམ་པའི་སྐྱེས་བུར་མགྲིན་གཅིག་ལུང་བསྟན་ཅིང་། །ཕལ་པའི་སྤྱོད་ལས་འདས་ཕྱིར་ལྷ་མི་ཀུན། །འགྲོ་བའི་མགོན་དུ་བསྔགས་ལ༴
།དབུས་གཙང་བོད་ཆེན་ཀུན་ཏུ་ཞབས་ཀྱིས་གཅགས། །མཉེས་པ་གསུམ་གྱིས་ཡོངས་འཛིན་བརྒྱ་ལྷག་བསྟན། །སྐྱོ་ངལ་མེད་པར་དམ་ཆོས་ཡོངས་སུ་ཚོལ། ཐུགས་བསྐྱེད་དཔག་ཡས་ཁྱོད་ལ༴
།ས་ཆེན་ཕུག་ཏུ་ཐུགས་དམ་མཛད་པའི་ཚེ། །ལྷག་པའི་ལྷ་ཡི་ཕྱག་རྒྱ་ཐུགས་ཀར་ཐིམ། །སྤོབས་པའི་གཏེར་ཆེན་བརྒྱད་པོ་ཡོངས་སུ་གྲོལ། །མཁྱེན་གཉིས་རྩལ་ཆེན་རྫོགས་ལ༴
།སྒྲ་ཚད་བཟོ་གསོ་གྲངས་གནས་ཚིག་རྒྱན་སོགས། །གནས་ལྔ་རིག་པ་ཡན་ལག་དང་བཅས་པར། །ཕུལ་དུ་སོན་པས་གངས་ཅན་འཛིན་མའི་ཁོངས། །མཁས་པའི་སྙན་པས་ཁྱབ་ལ༴
།འདུལ་མངོན་དབུ་མ་ཕར་ཕྱིན་གསང་སྔགས་ཀྱི། །རྒྱུད་ཀུན་གཟིགས་པ་ཙམ་གྱིས་གཏིང་སླེབ་ཅིང་། །མི་བརྗེད་གཟུངས་ཐོབ་བརྟན་པའི་འཁོར་ལོའི་ཚུལ། །མ་སྦས་གསལ་བར་སྟོན་ལ༴
།དྲི་མེད་ཚུལ་ཁྲིམས་ནོར་བུའི་རྒྱན་ཆས་སྒེག །ཏིང་འཛིན་འཛུམ་དཀར་སྐལ་ལྡན་ཡིད་དབང་འགུགས། །ཤེས་རབ་རོལ་སྒེགས་ས་གསུམ་དཔྱིད་དུ་གཡོ། །བསླབ་གསུམ་དབང་ཕྱུག་ཞབས་ལ༴
།ཟབ་རྒྱས་གནས་ལ་ཆོས་སྤྱན་རྡུལ་དང་བྲལ། །འཆད་རྩོད་རྩོམ་ལ་ཆགས་དང་ཐོགས་པ་མེད། །མཛད་སྤྱོད་ཀུན་ལ་འཁྲུལ་པའི་དྲི་མ་ཟད། །ལྷ་མི་ཡིད་ཆེས་སྐྱེད་ལ༴
།ནང་གི་ཡོན་ཏན་རྒྱ་མཚོ་གཏེར་བཞིན་སྦེད། །གཞན་གྱི་ཡོན་ཏན་ཕྲ་མོར་བསྔགས་ཤིང་འདུད། །བསྟན་འགྲོའི་དོན་དུ་གཅེས་དགུའི་བདོག་པ་ཡང་། །ཙྭ་བཞིན་གཏོང་བར་མཛད་ལ༴
།གཟུངས་དང་ཏིང་འཛིན་མངོན་ཤེས་རྒྱ་མཚོ་མངའ། །འཇིག་རྟེན་གསུམ་གྱིས་མཆོད་འོས་ཉིད་གྱུར་ཀྱང་། །ཁེངས་དྲེགས་མི་མངའ་དམ་ཆོས་ཚིག་གཅིག་ཕྱིར། །དཀའ་ཆེན་དང་དུ་བཞེས་ལ༴
།ལྟར་སྣང་ཆོས་ལ་བརྙེས་པའི་འཛིན་སྐྱོང་སོགས། །འཇིག་རྟེན་བྱ་བཞག་གང་ལའང་ལྟོས་མེད་པས། །འཇིགས་མེད་སེང་གེ་ལྟ་བུར་ཀུན་བཟང་སྤྱོད། །ས་སྟེང་འགྲན་ཟླ་བྲལ་ལ༴
།སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་རིང་ལུགས་ཀྱི། །གཞུང་གདམས་མན་ངག་ཆུ་ཀླུང་མ་ལུས་པ། །ཐུགས་མཚོར་བསྐྱིལ་ནས་སྨིན་གྲོལ་རྒྱུན་འདེབས་པས། །བསྟན་པའི་སྲོག་རྩ་མཐུད་ལ༴
།ཐུབ་བསྟན་ཡོངས་སུ་རྫོགས་པའི་ཤིང་རྟ་ཆེ། །གདུལ་བྱ་རིས་སུ་མ་ཆད་འདུལ་བའི་གཉེན། །ཕྱོགས་སུ་མ་ལྷུང་གྲུབ་མཐའ་མཐའ་དག་གི། །གཙུག་གི་ནོར་བུར་གྱུར་ལ༴
།ཕྲིན་ལས་ཐམས་ཅད་གཞན་ཕན་འབའ་ཞིག་སྒྲུབ། །འབྲེལ་ཚད་དོན་ལྡན་ངོ་མཚར་ལྟས་མང་མངའ། །བསོད་ནམས་ཚོགས་ཆེན་བསམ་མི་ཁྱབ་པ་བསྐྲུན། །ས་བཅུའི་དབང་ཕྱུག་ཁྱོད་ལ༴
།ཨོ་རྒྱན་ཡབ་ཡུམ་དྲི་མེད་བཤེས་གཉེན་ཞབས། །ཆོས་རྒྱལ་མེས་དབོན་ཆོས་དབང་ཀུན་མཁྱེན་སོགས། །དགུ་ལྡན་བརྒྱུད་པའི་བླ་མ་ཡི་དམ་ལྷས། །བྱིན་བརླབས་དངོས་གྲུབ་སྩལ་ལ༴
།ཁྱད་པར་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས། །མདོ་རྒྱུད་གསང་མཛོད་སྩལ་ནས་ཡེ་ཤེས་སྐུར། །བྱིན་གྱིས་བརླབས་པས་ཉིད་དང་དབྱེར་མེད་པའི། །མཁྱེན་རྟོགས་རྫོགས་པར་སད་ལ༴
།བརྩེ་བ་ཆེན་པོ་ཁུ་དབོན་བརྒྱུད་བཅས་ཀྱིས། །དབང་བསྐུར་རྒྱུད་གཏད་གཞན་ཡང་འཕགས་བོད་ཀྱི། །མཁས་གྲུབ་དུ་མས་དངོས་ཉམས་རྨི་ལམ་དུ། །ཡང་ཡང་རྗེས་སུ་བཟུང་ལ༴
།འདུས་པའི་དལ་དུ་ཞུགས་ཚེ་སོ་སྟོན་མཆོག །ཡེ་དབང་མཐུ་ཡིས་སྙིགས་མའི་ཕུང་ཁམས་སྦྱངས། །རྡོ་རྗེ་སེམས་དཔའི་གསང་བ་གསུམ་དུ་གྱུར། །རིགས་ཀུན་ཁྱབ་བདག་མཆོག་ལ༴
།རྒྱལ་ཡུམ་རྡོ་རྗེ་བཙུན་མོས་རྗེས་སུ་བཟུང་། །སྣང་སྲིད་དག་པ་རབ་འབྱམས་འཁོར་ལོར་ཤར། །རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་གསལ་བར་གཟིགས། །གྲུབ་པའི་ཁྱུ་མཆོག་ཁྱོད་ལ༴
།ཕྱི་ནང་གནས་གསུམ་མཁའ་འགྲོའི་འདུ་བ་ཐོབ། །འབར་བ་གསུམ་གྱི་ཡེ་ཤེས་གོང་དུ་འཕེལ། །སྤྱོད་པ་གསུམ་གྱི་རྟེན་འབྲེལ་མཐར་ཕྱིན་པའི། །རྣལ་འབྱོར་དབང་ཕྱུག་ཆེན་པོར་གསོལ་བ་འདེབས།
།སྐྱེས་རབས་དུ་མའི་ལས་ཀྱི་འཕྲོ་སད་དེ། །མདོ་རྒྱུད་བཀའ་ལུང་དཀོན་པའི་བུ་སྟ་ཀ། རྟེན་མཆོག་དམ་རྫས་ཆུ་ཀླུང་བྱེ་བ་སྙེད། །རྣམ་ཐར་རྒྱ་མཚོར་བསྐྱིལ་ལ༴
།བརྒྱུད་པ་དྲུག་ལྡན་ས་དང་དགོངས་པའི་གཏེར། །དག་སྣང་སྙན་བརྒྱུད་རྗེས་དྲན་ཡང་གཏེར་བཅས། །བཀའ་བབས་རིན་ཆེན་རྣམ་བདུན་རྒྱལ་སྲིད་བརྙེས། །ཆོས་ཀྱི་འཁོར་ལོས་སྒྱུར་ལ༴
།རང་སྣང་དབང་འདུས་གཞན་སྣང་ཟིལ་གྱིས་མནན། །མ་འབད་པར་ཡང་ཕྲིན་ལས་རྣམ་བཞི་འགྲུབ། །ཌཱ་ཀི་ཆོས་སྲུང་མཐུ་ལྡན་དྲེགས་པ་ཡིས། །ཅི་བཅོལ་བཀའ་བཞིན་སྒྲུབ་ལ༴
།ཟབ་རྒྱས་ཆོས་ཀྱི་འཁོར་ལོ་གྲངས་མེད་པས། །སྐལ་ལྡན་བྱེ་སྙེད་སྨིན་ཅིང་གྲོལ་བར་མཛད། །བསམ་གྱིས་མི་ཁྱབ་འཕགས་པའི་རྣམ་ཐར་འཆང་། །ཐུགས་རྗེའི་བདག་ཉིད་ཁྱེད་ལ༴
།མི་ཕྱེད་གུས་པས་རྩེ་གཅིག་གསོལ་བཏབ་མཐུས། །སྐྱེ་བ་འདི་བཟུང་བྱང་ཆུབ་མ་ཐོབ་པར། །དཔལ་ལྡན་བླ་མ་མཆོག་དང་མི་འབྲལ་བར། །རྗེས་སུ་བཟུང་ནས་རྣམ་ཐར་མངོན་བྱེད་ཤོག
།མཉེས་པ་གསུམ་གྱིས་ཚུལ་བཞིན་བསྟེན་ནས་ཀྱང་། །ཐུགས་ཀྱི་བཅུད་ཐོབ་ཉམས་ལེན་མཐའ་རུ་ཕྱིན། །ས་དང་ལམ་གྱི་ཡོན་ཏན་ཡོངས་རྫོགས་ཏེ། །རྡོ་རྗེ་འཆང་དབང་གོ་འཕང་འགྲུབ་གྱུར་ཅིག
།ཆོས་བཞིན་སྒྲུབ་ལ་བར་ཆད་མི་འབྱུང་ཞིང་། །ལུང་རྟོགས་ཆོས་ལ་རང་དབང་ཐོབ་པ་ཡིས། །ཐུབ་དབང་བསྟན་པ་འཛམ་གླིང་ཀུན་ཏུ་སྤེལ། །ཆོས་ཀྱི་རྒྱལ་པོ་ཁྱེད་དང་མཚུངས་པར་ཤོག
Jamgön Kongtrül Lodrö Thayé
༈ །དཔལ་ལྡན་བླ་མ་ལ་གསོལ་བ་འདེབས་པ་ཀུན་ཏུ་བཟང་པོའི་སྒྲ་དབྱངས་ཞེས་བྱ་བ།
ཀརྨ་བཀའ་བརྒྱུད་བསྟན་པའི་སྣང་བྱེད་མཆོག །ངག་གི་དབང་ཕྱུག་ཡོན་ཏན་རྒྱ་ཆེའི་མཚོ། །དགེ་ལེགས་ཕྲིན་ལས་རླབས་ཕྲེང་ཀུན་ཏུ་ཁྱབ། །དཔལ་ལྡན་བཟང་པོའི་ཞབས་ལ་གསོལ་བ་འདེབས།
།ཚར་གཅོད་རྗེས་འཛིན་ཀུན་ཤེས་ཡན་ལག་བཅས། །བཅུ་ཕྲག་རིག་པའི་གནས་ལ་ཐོས་བསམ་དང་། །སྒོམ་པའི་བློ་གྲོས་ཆགས་ཐོགས་བྲལ་བ་ཡིས། །རྣམ་དཔྱོད་མཐའ་ཡས་ལྡན་ལ༴
།པདྨ་དབང་ཆེན་སོགས་ཀྱིས་རྗེས་སུ་བཟུང་། །གར་གྱི་དབང་ཕྱུག་ཐུགས་རྗེའི་རིག་སྔགས་འཆང་། །ཕྲིན་ལས་འགྲོ་བ་འདུལ་བའི་རྩལ་མངའ་བ། །དཔལ་ལྡན་བླ་མ་མཆོག་ལ༴
།གྲུབ་རིགས་འཛིན་པ་ཁྱུང་གི་གདུང་ལས་གྲོལ། །སྦྱངས་པའི་ལས་འཕྲོ་དཀར་པོའི་ཆོས་ལ་སད། །འཁོར་ལོ་གཉིས་ཀྱི་མཐུན་རྐྱེན་ངང་གིས་ཚོགས། །ངོ་མཚར་རྨད་དུ་བྱུང་ལ༴
།གཞན་གནོད་གཞིར་བཅས་སྤོང་བས་རྒྱུད་བསྡམས་ཤིང་། །གཞན་ཕན་གཞིར་བཅས་བསླབ་པའི་གནས་ལ་གཞོལ། །རིམ་གཉིས་མངོན་རྟོགས་ཅི་ཡང་གསལ་བ་ཡི། །གསུམ་ལྡན་རྡོ་རྗེ་འཛིན་པར༴
།མཁས་གྲུབ་དེད་དཔོན་ཡོངས་འཛིན་དུ་མ་བསྟེན། །མདོ་སྔགས་རྒྱ་མཚོར་ལྷག་བསམ་བརྩོན་པས་ཞུགས། །གཞུང་གདམས་མན་ངག་ནོར་བུའི་སྐྱེས་བཟང་གིས། །སྐལ་ལྡན་དབུལ་བ་སེལ་ལ༴
།ཨོ་རྒྱན་དུས་གསུམ་མཁྱེན་པའི་རྡོ་རྗེའི་བཀས། །གཏེར་འབྱིན་གྲུབ་པའི་འཁོར་ལོས་སྒྱུར་རྣམས་ཀྱིས། །རྣམ་སྣང་བཻ་རོ་ཙ་ནའི་རྣམ་འཕྲུལ་དུ། །ལུང་བསྟན་མངའ་གསོལ་མཛད་ལ༴
།རྒྱལ་བ་ཡབ་སྲས་མཆོག་གླིང་མཁྱེན་བརྩེའི་དབང་། །མཆོག་གཟིགས་རྣམས་ཀྱིས་ཏཱ་ར་ནཱ་ཐ་དང་། །འགྱུར་མེད་རྡོ་རྗེའི་སྤྲུལ་པར་ཞལ་བཞེས་ཤིང་། །ཡོངས་འཛིན་མཆོག་ཏུ་བཀུར་ལ༴
།རྒྱལ་བསྟན་རིས་མེད་སྐྱོང་བའི་དག་སྣང་དང་། །འགྲོ་ཕན་རིས་མེད་སྒྲུབ་པའི་ལྷག་བསམ་སྟེ། །གང་བྱུང་ཐད་ཀར་ཁྱེར་བའི་སྤྱོད་ཚུལ་གྱིས། །དམ་པའི་རྣམ་ཐར་འཛིན་ལ༴
།ཙཱ་འདྲ་རིན་ཆེན་བྲག་གི་དབེན་གནས་སུ། །ཚེ་གཅིག་སྒྲུབ་པའི་རྒྱལ་མཚན་བཙུགས་ནས་སུ། །འཆད་རྩོམ་བཀའ་བབས་བསྟན་ལ་བྱ་བ་མཛད། །དོན་གཉིས་ལྷུན་གྱིས་གྲུབ་ལ༴
།རྡོ་རྗེའི་ལུང་གིས་གསལ་བར་བསྔགས་པའི་དོན། །ཧེ་རུ་ཀ་ཡི་སྐུ་གསུང་ཐུགས་ཀྱི་རྟེན། །བསྟན་པ་ཇི་སྲིད་བར་དུ་འགྲོ་ཕན་གྱི། །བཙས་སུ་བསྒྲུབས་པར་མཛད་ལ༴
།མོས་པའི་སྟོབས་དང་རྟེན་འབྲེལ་བསླུ་མེད་མཐུས། །དཔལ་ལྡན་བླ་མ་མཆོག་དང་མི་འབྲལ་ཞིང་། །མཁའ་སྤྱོད་གྲོང་ཁྱེར་ཆེན་པོར་ལྷན་ཅིག་འཚོགས། །རྡོ་རྗེ་སེམས་དཔའི་གནས་མཆོག་ཐོབ་གྱུར་ཅིག །གང་གི་གསང་གསུམ་རྡོ་རྗེ་ལྟར་བརྟན་ཅིང་། །ཟབ་རྒྱས་ཆོས་རྔ་རྟག་ཏུ་སྒྲོགས་པ་ཡིས། བདག་སོགས་ལེགས་པའི་ལམ་ཀུན་མཐར་ཕྱིན་ཅིང་། །བསམ་དོན་ལྷུན་གྲུབ་དགེ་ལེགས་དཔལ་འབར་ཤོག
།བསྔགས་འོས་ཀྱི་ཡོན་ཏན་ཆ་ཤས་ཕྲ་མོས་ཀྱང་མ་གོས་ཤིང་རང་ཉིད་ལ་བསྟོད་པ་མ་རབས་བླུན་པོའི་ལུགས་སུ་གྱུར་ཀྱང་། སྒྲུབ་བརྩོན་བླ་མ་དམ་པ་པདྨ་ནོར་བུས་ནན་ཏན་ཆེན་པོས་བསྐུལ་ངོར་མ་ལྡོག་ཙམ་དུ་འདུ་གསུམ་པ་ཡོན་ཏན་རྒྱ་མཚོས་སུག་བྲིས་སུ་ུབསྟན་པ་དགེ་ལེགས་འཕེལ།
༈ །དེ་དག་ཐམས་ཅད་ཀྱི་གཞུག་ཏུ་སྤྱིར་སྨོན་ལམ་བྱ་བ་དོན་ཀུན་འགྲུབ་པའི་སྒྲ་དབྱངས་ཞེས་བྱ་བ།
།སངས་རྒྱས་ཀུན་དངོས་དཔལ་ལྡན་བླ་མ་རྣམས། །དམིགས་མེད་ཐུགས་རྗེ་ཆེན་པོས་འདིར་གཤེགས་ལ། །མདུན་གྱི་ནམ་མཁར་པད་ཟླའི་གདན་ལ་བཞུགས། །དད་ལྡན་མོས་པའི་བུ་ལ་རྗེས་སུ་དགོངས། །བདག་སོགས་འགྲོ་ཀུན་ཞིང་རྡུལ་གྲངས་སྙེད་ཀྱི། །སྒོ་གསུམ་གུས་པས་བཏུད་དེ་ཕྱག་བགྱིའོ། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་དབྱངས་ཀྱིས། །རྣམ་པ་ཀུན་ཏུ་བསྟོད་ཅིང་གསོལ་བ་འདེབས། །ལུས་དང་ལོངས་སྤྱོད་དངོས་འབྱོར་ཡིད་ལས་བྱུང་། །ཀུན་བཟང་མཆོད་པའི་སྤྲིན་ཕུང་རྒྱ་མཚོས་མཆོད། །ཐོག་མེད་ནས་བསགས་བཅས་དང་རང་བཞིན་གྱི། །སྡིག་སྒྲིབ་ཉེས་ལྟུང་འགྱོད་པས་བཤགས་ཞིང་བསྡམ། །འཁོར་འདས་ཀུན་གྱི་ཟག་བཅས་ཟག་མེད་ཀྱི། །དགེ་བ་ཀུན་ལ་སྙིང་ནས་རྗེས་ཡི་རང་། །དབང་པོར་འཚམས་པའི་ཐེག་གསུམ་ཆོས་འཁོར་ནི། །འགྲོ་ཁམས་ཇི་སྲིད་བར་དུ་བསྐོར་བར་བསྐུལ། །དམིགས་མེད་ཐུགས་རྗེ་རྒྱུན་ཆད་མེད་པའི་ངང་། །གཟུགས་སྐུ་རྡོ་རྗེ་ལྟ་བུར་རྟག་བརྟན་གསོལ། །འདིས་མཚོན་དུས་གསུམ་ལེགས་སྤྱད་ཅི་མཆིས་པ། །བདག་དང་ཕ་མ་མཁའ་མཉམ་འགྲོ་བ་ཀུན། །དཔལ་ལྡན་བླ་མ་དམ་པའི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་མྱུར་དུ་འགྲུབ་ཕྱིར་བསྔོ། །བླ་མ་རྣམས་ཀྱིས་ཐུགས་རྗེས་རྗེས་སུ་བཟུང་། །མ་གུས་ལོག་ལྟ་སྐད་ཅིག་མི་འབྱུང་ཞིང་། །ཞབས་ཏོག་དགུ་ཕྲུགས་སྒོ་ནས་མཉེས་པ་གསུམ། །མཐར་ཕྱིན་ཐུགས་ཡིད་གཅིག་ཏུ་འདྲེ་བར་ཤོག །ཚེ་རབས་ཀུན་ཏུ་རྗེ་བཙུན་ཁྱེད་རྣམས་དང་། སྐད་ཅིག་ཙམ་ཡང་འབྲལ་བ་མ་མཆིས་པར། །ཅི་མཛད་ལེགས་མཐོང་ཅི་གསུང་ཚད་མར་འཛིན། །བླ་མའི་གསང་བ་གསུམ་དང་དབྱེར་མེད་ཤོག །སྙིང་ནས་དད་ཅིང་གསོལ་བ་བཏབ་པའི་མཐུས། །རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར། །དམ་པ་རྣམས་ཀྱི་རྣམ་ཐར་ཅི་མཆིས་པ། །ཐམས་ཅད་བདག་ཉིད་ཁོ་ནས་འགྲུབ་གྱུར་ཅིག
།སོ་སྐྱེའི་ཚིག་གི་མགལ་དུམ་ལ། །བྱིན་རླབས་གཟི་བརྗིད་ལྡན་མིན་ཀྱང་། །མོས་པ་ཁོ་ནས་སྦྱར་བའི་དགེས། །བླ་མ་རྣམས་དང་དབྱེར་མེད་ཤོག །བདག་རྒྱུད་ཡོན་ཏན་མི་ལྡན་ཀྱང་། །མཚན་ལྡན་བླ་མས་རྗེས་བཟུང་བས། །བཀའ་བརྒྱུད་འདི་འདྲའི་བྱིན་རླབས་ཐོབ། །བསྟན་འགྲོར་ཕན་འདོད་ལྷག་བསམ་མངའ། །སྐལ་བཟང་འདུ་ཤེས་གསུམ་པའི་སྡེ། །ངག་དབང་ཡོན་ཏན་རྒྱ་མཚོ་ཡིས། །ཙཱ་འདྲ་རིན་ཆེན་བྲག་མགུལ་དུ། །རྒྱལ་བ་ལྷ་ལས་བབས་པའི་དུས། །སྒྲ་དབྱངས་ཡན་ལག་རྒྱ་མཚོ་ཡི། །གསོལ་འདེབས་རྒྱུད་མངས་སྦྲེངས་པ་འདི། །ས་གསུམ་སྐྱེ་དགུའི་རྣ་བ་རུ། །འབབས་ནས་དབྱངས་སུ་ལེན་པར་ཤོག །དགེ་ལེགས་འཕེལ།། །།