Bla ma'i zhal shes 'od gsal 'char sgo ngos 'dzin
Resource ID | SCv7p327 |
---|---|
Title | bla ma'i zhal shes 'od gsal 'char sgo ngos 'dzin |
Topics | Clear Light |
Sub-Topics | Instructions |
Link | BDRC W23922 BDRC W3CN766 BDRC W4CZ58783 (p. 325) BDRC O3CN1735 (p. 515) |
༄༅། །བླ་མའི་ཞལ་ཤེས་འོད་གསལ་འཆར་སྒོ་ངོས་འཛིན་བཞུགས་སོ།།
།བླ་མ་ཡི་དམ་ཌཱ་ཀི་ཡི། །ཞབས་ལ་གུས་པས་བཏུད་བྱས་ནས། །འོད་གསལ་འཆར་སྒོ་ངོས་བཟུང་བ། །མདོ་རྒྱུད་བླ་མའི་གསུང་བཞིན་བྲི།
།དེ་ལ་གཉིད་ཀྱི་གཏི་མུག་འོད་གསལ་གྱིས་སྦྱངས་པར་བྱ་སྟེ།
དགྱེས་རྡོར་ལས། གཉིད་ནི་སྤོང་བར་མི་བྱ་སྟེ། །དབང་པོ་རྣམས་ནི་དགག་མི་བྱ། །ཞེས་གསུངས་སོ།
།དེ་ཡང་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བ། གདོད་མ་ནས་དག་པ་སྟེ།
མཧཱ་མ་ཡ་ལས། ཆོས་རྣམས་རང་བཞིན་འོད་གསལ་བ། །གདོད་ནས་དག་ཅིང་རྙོག་མ་མེད།
འདའ་ཀ་ཡེ་ཤེས་ལས། ཆོས་རྣམས་རང་བཞིན་འོད་གསལ་བས། །དངོས་པོ་མེད་པའི་འདུ་ཤེས་བསྒོམ།
།བརྒྱད་སྟོང་པ་ལས། སེམས་ནི་སེམས་མ་མཆིས་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བའོ།
།ཞེས་པས། རང་བཞིན་ནི་གནས་པའི་འོད་གསལ་ལོ། །དེ་ཉིད་ཇི་ལྟར་ཉམས་སུ་བླང་བ་ནི་བླ་མས་སེམས་རང་བཞིན་གྱི་འོད་གསལ་དུ་ངོ་སྤྲད་པ་དེ་རྟག་ཏུ་ཉམས་སུ་བླང་བར་བྱ་སྟེ།
བདག་མེད་འདྲིས་པའི་མདོ་ལས། །བྱང་ཆུབ་སེམས་ནི་འོད་གསལ་བ། །རྣལ་འབྱོར་པས་ནི་རྟག་ཏུ་བསྒོམ། །ཞེས་སོ། དེ་ལྟར་འོད་གསལ་བསྒོམ་པས་རྒྱལ་བའི་སྐུ་འགྲུབ་སྟེ།
།ཏིང་འཛིན་རྒྱལ་པོ་ལས། ཇི་ལྟར་ལྷའི་སྐུ་འདི་ནི། །འོད་ཀྱིས་བསམ་དུ་མེད་པར་འགྲུབ།
།ཅེས་པས། དེ་ཡང་གནས་དབེན་པར་སྐྱོ་ཤས་དང་། མོས་གུས་དང་། གནད་དགུས་ཉམས་སུ་བླང་པས། ཇི་ལྟ་བ་བཞིན་འཆར་ཏེ།
རིན་ཆེན་རྒྱ་མཚོའི་རྒྱུད་ཕྱི་མ་ལས། །བླ་མའི་བྱིན་རླབས་འོད་གསལ་ནི། །ཐོ་རངས་ཚེའམ་དུས་གཞན་དུ། །གསལ་སྟོང་བདེ་ཆེན་དབྱེར་མེད་པའི། །འཆར་སྒོ་དམ་པའི་ཞལ་ལ་དྲིས། །ཅེས་པ་ལ་བཞི་སྟེ། གསལ་བའི་འོད་གསལ་དང་། །མི་རྟོག་པའི་དང་། བདེ་བའི་དང་། དབྱེར་མེད་པའི་འོད་གསལ་ལོ།
དེ་ཡང་འོད་གསལ་ངོས་ཟིན་མ་ཟིན་དང་། གོམས་ཁྱད་མ་གཏོགས་པ་ཀུན་ལ་འཆར་ཁྱད་པར་ཐོ་རངས་ཉི་ཤར་གྱི་དུས་སུ་ངོས་བཟུང་པ་སླ་སྟེ། གཉིད་དུ་སོང་བྱས་པས་ཉེ་འཁོར་གྱི་བྱ་བྱེད་ཐམས་ཅད་མཐོང་བ་དང་། སྒྲ་གྲགས་ཚད་ཐམས་ཅད་གསལ་པོར་ཐོས་པའོ། །གཉིད་དུ་མ་སོང་བྱས་པས་སད་རྒྱུ་འབྱུང་ངོ་། །ནང་ནས་ཕྱིའི་ཡུལ་ཁམས་རྒྱ་ཆེན་པོ་གསལ་བ་དང་། ཞིང་ཁམས་གསལ་བ་ལ་སོགས་ཡུལ་སྣང་བསྟན་ལ་ཕེབས་པར་འགྱུར་རོ། །དེ་བཞིན་དུ་ཉི་ཟླའི་ཟེར་ལྟ་བུ་ཤར་བ་དང་། ཟླ་བའི་འོད་སྐྱ་འོད་དེ་བ་ལྟ་བུ་དང་། ཉི་མའི་མདངས་ཤར་བ་ལྟ་བུ་གསལ་བའམ། དེ་ཉི་མ་ཤིན་ཏུ་གསལ་ཞིང་དྲོ་བ་དང་། གངས་རིའི་མདངས་ལྟ་བུ་དང་། ཤེལ་གྱི་རི་རྩར་འདུག་སྙམ་པ་དང་། སྙིང་ག་ནས་འོད་མར་མེ་ལྟ་བུ་དང་། འོད་ལྔའམ། དཀར་པོ་མར་མེའི་ཕྲེང་བ་ལྟ་བུ་དང་། མར་མེ་གཅིག་ཏུ་གྱུར་པས་གསལ་བར་གྱུར་པ་དང་། ཁོང་པའི་ནང་འོད་ཀྱིས་ཁེངས་པ་དང་། དཀར་ཁུང་ནས་འོད་འབྱུང་བ་དང་། ཕྱི་རོལ་གྱི་ཕྱོགས་བཞི་གང་རུང་བ་ནས་སྐྱ་སེང་སེང་འབྱུང་བ་དང་། འོད་ཀྱི་གློག་འཁྱུག་པ་དང་། སྲིན་བུ་མེ་ཁྱེར་ལྟ་བུ་དང་། ཐིག་ལེ་འཕོ་བ་ཉི་ཟླ་སྒྲ་དང་འོད་དང་བཅས་ནས་མདུན་དུ་འབྱུང་བ་དང་། སྲོག་ཆགས་གང་ཡང་རུང་བ་དང་། ས་རྡོ་རི་བྲག་རྩི་ཤིང་གང་ཡང་རུང་བ་ལས་མེ་འབར་ནས་འོད་དུ་གྱུར་པ་དང་། སྐྱེས་པ་དང་། བུད་མེད་ཀྱིས་མུན་ཁུང་དུ་སྒྲོན་མེ་བཏེགས་པ་དང་། རི་འམ་ཁང་པ་ལ་སོགས་པ་འོད་ཕུང་གཅིག་ཏུ་གྱུར་པ་དང་། མེ་ལོང་ལ་སོགས་པ་རིན་པོ་ཆེ་ལས་འོད་འཕྲོ་བ་དང་། ཆུ་ཆེན་པོའི་དཀྱིལ་ལམ། རྦ་ཀློང་འོད་དུ་སྣང་བ་ལ་སོགས་པ་དཔག་ཏུ་མེད་པ་འབྱུང་ངོ་། །དངོས་པོ་ཕྲ་མོ་ཁྱེར་བ་ལ་སོགས་པ་ཆགས་སྡང་གི་ཡུལ་བག་ཙམ་ལ་ཞེ་སྡང་རགས་པ་གསལ་ལ་དྭངས་པ་ཉིན་པར་བས་བདུན་འགྱུར་གྱིས་ཆེ་བ་བྱུང་བ་ནི་ཞེ་སྡང་དང་འདྲེས་པའི་འོད་གསལ་ཏེ། གསེར་དང་གཡའ་ལྟ་བུར་འཆར་རོ། །ཡང་འགའ་ཞིག་ལ་གཏི་མུག་གམ་འོད་གསལ་དུ་སངས་ནས། ཉིན་མཚན་ཀུན་ཏུ་གཉིད་མེད་ལ་ཁམས་བཟང་བ། ཤ་དཀར་ལ་དྭངས་པ་འབྱུང་ངོ་། དེ་ལ་རང་དང་གཞན་གྱི་རླུང་དང་གདོན་ལ་སོགས་པར་བཟུང་བས། དེར་འགྱུར་ཞིང་ཁམས་འདུས་སུ་འགྲོའོ། དེ་ཡང་བླ་མས་ངོ་སྤྲད་ནས་ངེས་ཤེས་སྐྱེས་ན་གསལ་བའི་འོད་གསལ་དུ་འཆར་རོ། །མདོར་ན་གཉིད་ཁུང་དུ་གྲོགས་པོ་ལ་སོགས་པས་མདོ་འདོན་པ་དང་། སྔགས་བཟླས་པ་དང་། གཏམ་སྣ་ཚོགས་ལབ་པ་དང་། འདབ་ཆགས་རྣམས་ཀྱིས་སྐད་སྣ་ཚོགས་འབྱིན་པ་ཇི་ལྟ་བ་བཞིན་དུ་ཐོས་ཏེ། དེ་ཉིན་པར་གཉིད་དུ་མ་སོང་བ་ལས་བདུན་འགྱུར་གྱིས་གསལ་ཞིང་དྭངས་པ་འབྱུང་ངོ་།
།དེ་ལ་གསལ་བ་མཐར་ཐུག་གི་དཔེ་ནི་སྟོན་ཀའི་ནམ་མཁའ་དྭངས་པ་ལ། ཉི་མ་ཤར་བའི་མདངས་ཕོག་པ་ལྟར། སྣང་བ་ཐམས་ཅད་ཇེ་གསལ་ཇེ་གསལ་ལ། གསལ་སྟོང་འཛིན་མེད་འབའ་ཞིག་ཏུ་འཆར་བར་འགྱུར་རོ།
།དེ་ལྟར་ཡང་ཏིང་ངེ་འཛིན་དམ་པའི་རྒྱུད་ལས། གསལ་བའི་འོད་གསལ་དུ་མ་འཆར། དེ་ཡང་དཔག་ཏུ་མེད་པ་འབྱུང་། །ཞེས་སོ།
།གཉིས་པ་མི་རྟོག་པ་ལ་ལྔ་སྟེ། རླུང་སེམས་དབུ་མར་འཇུག་པའི་འོད་གསལ་དང་། རྩ་མདུད་འགྲོལ་བའི་འོད་གསལ་དང་། རྣམ་ཤེས་མཐའ་ཡས་པའི་འོད་གསལ་དང་། གཉིད་དང་གཏི་མུག་འདྲེས་པའི་འོད་གསལ་དང་། མི་རྟོག་པ་གནས་ལུགས་ཕྱག་རྒྱ་ཆེན་པོའི་འོད་གསལ་ལོ།
།དང་པོ་ནི། མི་ནག་པོ་དང་། རླུང་འཚུབ་དང་། རི་ལ་སོགས་པས་མནན་པ་དང་། གོས་ལ་སོགས་པས་ཁ་བསུབས་པ་ལྟ་བུ་ཐིབས་ཐིབས་པ་དང་། འཆི་བར་འདུག་སྙམ་པ་དང་། རྣ་བ་ཟི་རོང་རོང་པ་འབྱུང་ངོ་། དེ་གདོན་ལ་སོགས་པ་ཡིན་ན་དམིགས་པ་གང་རུང་བས་སེལ་ལོ། །འོད་གསལ་ཡིན་ན། དེ་རྣམས་སྒོམས་ཀྱིན་ཆེར་འགྲོ་བས། དེ་ལ་བླ་མས་ངོ་སྤྲད་པའི་འོད་གསལ་དུ་འདུག་སྙམ་དུ་བསམ་ནས་འདི་མ་ཡལ་བ་བྱ་དགོས་སྙམ་པའི་འདུན་པ་བཏང་ནས་འོད་གསལ་ལ་མཉམ་པར་བཞག་པས་སྟོབས་ཆེན་པོ་འབྱུང་བར་འགྱུར་རོ།
།གཉིས་པ་ནི། རྩ་མདུད་གྲོལ་བས་འདར་ཡེད་ཡེད་པ་དང་། ལུས་འདུག་པ་ནས་འཕར་བ་འབྱུང་བས། དེའི་དུས་སུ་རླུང་དང་འོད་གསལ་འདྲེས་པས། ཉིན་མཚན་དབྱེར་མེད་ཀྱི་འོད་གསལ་འཆར་བར་འགྱུར་རོ།
།གསུམ་པ་ནི། ལུས་སེམས་གཉིས་ནམ་མཁའ་ལ་གནས་ནས་ལུས་སེམས་བྲལ་བ་ཡིན་སྙམ་པའི་སྣང་བ་བྱུང་ནས། ད་ནི་སེམས་འདི་ཡང་ནམ་མཁའ་ལྟར་མཐའ་ཡས་འགྲོ་བར་འདུག་སྙམ་ནས་སྔངས་སྐྲག་ཆེན་པོ་འབྱུང་ངོ་། དེའི་དུས་སུ་མལ་ཆེན་པོ་བྱས། རྐང་རྐྱང་ལག་རྐྱང་བྱས་ལ་ཉལ་བས། སེམས་དང་ནམ་མཁའ་བསྲེས་ལ། ནམ་མཁས་གར་ཁྱབ་ཏུ་རིག་པས་ཁྱབ་པར་བསམས་ནས། རིག་སྟོང་དབྱེར་མེད་དུ་བཞག་པས། ལུས་སེམས་དང་། ནམ་མཁའི་འཛིན་པ་ཐམས་ཅད་དང་བྲལ་ནས། བསམ་གྱིས་མི་ཁྱབ་པའི་འོད་གསལ་འཆར་རོ། །ཅི་ཡང་མི་འདུག་པ་ཅི་ཡང་མེད་པའི་འོད་གསལ་འཆར་རོ། །དིའི་ངང་ལ་འཁྲུལ་ན། སྙིང་གར་མེ་ལྕེ་སོར་བཞི་པའམ། སྨིན་ཕྲག་གི་ཐིག་ལེའམ། ལྟེ་འོག་ཏུ་རྗེ་བཙུན་མ་གར་སྟབས་སུ་ལིང་ངེ་བསམ་མོ།
།བཞི་པ་ནི། གཉིད་སོང་མ་སོང་གི་ཡང་རྟོག་པ་མེད་པར་མཚན་མོ་ཐལ་གྱིས་དེ་ཀར་འགྲོའོ།
།ལྔ་པ་ནི། རྨི་ལམ་ཟིན་པ་ནས། འོད་གསལ་བསྒོམས་པའི་འོད་གསལ་ཤར་བར་ཤེས་པའམ། ཉིན་པར་དུ་བྱས་ནས་འོད་གསལ་ཕྱག་རྒྱ་ཆེན་པོ་བསྒོམས་པའི་དུས་དེར། ལུས་ཀྱིས་ས་གནོན་མཉམ་བཞག་གི་ཕྱག་རྒྱ་བྱ་བ་དང་། གླང་ཆེན་ལྟ་སྟངས་བྱ་དགོས་སྙམ་པའི་འདུན་པས་རླུང་བག་ཙམ་བཟུང་བ་དང་། མཚན་ཐམས་ཅད་འོད་གསལ་ཕྱག་ཆེན་དུ་འཆར་རོ། །དེ་ཡང་རྟོག་པ་ཐམས་ཅད་དང་བྲལ་བའི་འོད་གསལ་བརྗོད་མེད། ཅི་ཡང་མི་རྟོག་པ་འབའ་ཞིག་དུ་འཆར་བར་འགྱུར་རོ།
།གསུམ་པ་བདེ་བའི་འོད་གསལ་ལ་གསུམ་ཏེ། ཟག་བཅས་བདེ་བའི་འོད་གསལ་དང་། འདྲེས་པའི་འོད་གསལ་དང་། ཟག་མེད་ཀྱིའོ།
།དང་པོ་རང་ཉིད་བདེ་བ་རྒྱས་པའི་སྟོབས་ཀྱིས། ཉིན་པར་དང་། མཚན་མོ་གཉིད་ཀྱི་དུས་སུ་བུད་མེད་ཀྱི་གསང་གནས་སམ། བརླ་ཤའམ། གཞན་ཡང་ཆགས་པ་སྤྱོད་པ་མཐོང་བའམ། རང་ལུས་རེག་པའམ། སྦྱོར་བ་བྱས་པའམ། ཡི་དམ་ཡབ་ཡུམ་གསལ་པོར་བསྒོམ་པའི་གསང་གནས་ལ་དམིགས་པ་གཏད་པ་ལ་སོགས་པས་རྐྱེན་བྱས་ཏེ། བདེ་བ་ཆེན་པོ་སྐྱེས་ནས་ཐིག་ལེ་འཆོར་ལ་ཁད་པ་བྱུང་བའི་དུས་སུ། སྟེང་རླུང་ཅུང་ཟད་མར་ལ་སྡིགས་ལ། དེ་ནས་འོག་རླུང་བསྐུལ་བྱས་ནས་ཐིག་ལེ་དྲངས་པས་ལུས་སེམས་དང་སྣང་བ་ཐམས་ཅད་བདེ་བར་ཤར་ནས། ལུས་འགུལ་མི་ཕོད་པ་དང་། ཤ་བཅད་ཀྱང་བདེ་བར་འཆར་བར་འགྱུར་བས། དེའི་དུས་སུ་བདེ་བ་མི་རྟོག་པར་བཙུད་པས། ཟག་བཅས་བདེ་བའི་འོད་གསལ་འཆར་རོ།
།གཉིས་པ་ནི། བདེ་བ་རྒྱས་ལ་བདེ་བའི་འཛིན་པ་མེད་པའི་འོད་གསལ་ནི། ཟག་བཅས་ཟག་མེད་འདྲེས་པའི་འོད་གསལ་ལོ།
།གསུམ་པ་ཉིན་པར་བདེ་བ་རྒྱས་པ་སྟེ། སྟོང་པར་རྒྱས་གདབ་ཅིང་བསྒོམ་པའི་སྟོབས་ཀྱིས། མཚན་མོ་དང་སྔ་དྲོ་གཉིད་དུ་འགྲོ་བའི་ཚེ་ན། བདེ་བ་དེ་ལ་སེམས་གཏད་ནས་གཉིད་ལོག་པ་དང་། དང་པོ་ལུས་བདེ། དེ་ནས་སེམས་བདེ། དེ་ནས་སྣང་བ་ཐམས་ཅད་བདེ་ཆེན་ཤ་སྟག་ཏུ་འཆར་བར་འགྱུར་རོ། །དེས་ཉིན་མཚན་ཀུན་ཏུ་སྣང་སེམས་ཐམས་ཅད་བདེ་བར་ཤར་ནས། སྤྱིར་ཆགས་སྡང་ཐམས་ཅད་རང་དག་རང་གྲོལ་དུ་འགྲོ་ལ། ཁྱད་པར་དུ་ཕོ་མོའི་ཆགས་སྡང་མིག་སེར་ཕྲག་དོག་ཐམས་ཅད་དང་བྲལ་བར་འགྱུར་རོ། དེ་ནི་བདེ་བ་རྒྱས་ཤིང་མ་ཉམས་པ་ལས་འབྱུང་ངོ་། །དེ་ཡང་ཟག་བཅས་མ་ཉམས་པས་འོད་གསལ་ཕྱོགས་མེད་དུ་འཆར་བ་ནི་འབྲས་བུའོ།
།བཞི་པ་ནི། གོང་ལྟར། བདེ་བ་གསལ་བ་མི་རྟོག་པ་གསུམ་རེས་འགའ་གང་ཤས་ཆེ་བར་འཆར་ཏེ། འོད་གསལ་ཕྱག་རྒྱ་ཆེན་པོ་ནི། གསལ་ལ་འཛིན་པ་མེད་པ་འདི་ཁོ་ནར་འདུག་སྙམ་པ་དང་། དེ་བཞིན་བདེ་ལ་ཞེན་པ་མེད་པ་འདི་ཁོ་ནར་འདུག་སྙམ་པ་དང་། མི་རྟོག་པ་གསལ་བར་འཆར་བར་འདུག་སྙམ་པ་འབྱུང་ངོ་། དེ་ནི་གསལ་བ་སྤྲུལ་སྐུ། མི་རྟོག་པ་ཆོས་སྐུ། བདེ་བ་ལོངས་སྐུ་ཡིན་ཡང་ཟུང་དུ་མ་ཚུད་དེ། འབྲས་བུ་མངོན་དུ་འགྱུར་པའི་འོད་གསལ། ཟུང་འཇུག་ཕྱག་རྒྱ་ཆེན་པོ་ནི། ལུས་བདེ་སྟོང་། སྣང་བ་ཐམས་ཅད་སྣང་སྟོང་། སེམས་རིག་སྟོང་ཟུང་འཇུག་ཏུ་འཆར་རོ། །ཟུང་འཇུག་གསུམ་པོ་དེ་ཐ་དད་མ་ཡིན་ཏེ། དུས་གསུམ་སྐད་ཅིག་མའམ། དུས་ཐམས་ཅད་དུ་གསལ་ལ་རྟོག་པ་མེད་པ། བདེ་ལ་ཞེན་པ་མེད་པ། སྣང་ལ་འཛིན་པ་མེད་པ་གསུམ། དབྱེར་མེད་ཟུང་འཇུག་རྣམ་པ་མཆོག་ལྡན་གྱི་འོད་གསལ་ཕྱག་རྒྱ་ཆེན་པོ་འཆར་བར་འགྱུར་རོ། །དེས་ནི་ཡོད་མེད། བཟང་ངན། མཐའ་དབུས། སྐྱེ་འཆི། དགག་བསྒྲུབ་ལ་སོགས་པའི་བསམ་བརྗོད་ཐམས་ཅད་དང་བྲལ་བར་རྟོགས་པར་བྱའོ། དེའང་མདོ་རྒྱུད་མ་ལུས་པའི་གསུང་རྣམས་ཇི་ལྟ་བ་བཞིན་བལྟ་བར་བྱའོ། །དད་ལྡན་ཤེས་རབ་མོས་གུས་ཉམས་མྱོང་ལྡན། །བཤེས་གཉེན་དམ་པས་བསྐུལ་ཕྱིར་ཡི་གེར་བཀོད། །དེ་ལ་གནས་གསུམ་མཁའ་འགྲོས་བཟོད་པར་མཛོད། །འདི་དོན་མངོན་འགྱུར་གཞན་དོན་ལྷུན་གྲུབ་ཤོག། དགེའོ།།