Mkha' 'gro sde lnga'i mchod gtor 'bul ba'i lag len

From Shangpa Resource Center
Revision as of 12:40, 2 December 2018 by Sengue (talk | contribs)








Resource ID SCv5p79
Title mkha' 'gro sde lnga'i mchod gtor 'bul ba dkyus ma tsa ma gyi lag len byed
Topics Five dakini, Torma offering
Author Jamgön Kongtrül Lodrö Thayé

༼༄༅། །ཤངས་ལུགས་མཁའ་འགྲོ་སྡེ་ལྔའི་མཆོད་གཏོར་འབུལ་བ་དཀྱུས་མ་ཙ་མ་གྱི་ལག་ལེན་བྱེད་ན།།༽

ཨོཾ་སྭ་སྟི།
ཤངས་ལུགས་མཁའ་འགྲོ་སྡེ་ལྔའི་མཆོད་གཏོར་འབུལ་བ་དཀྱུས་མ་ཙམ་གྱི་ལག་ལེན་བྱེད་ན། ཟླུམ་གཏོར་ལྔའམ་གཅིག་ལ་ཐེབས་སྐྱུ་བཞིས་མཚན་པ་བཤམ། ཡི་དམ་ལྟར་བྱིན་བརླབས་ལ།
རང་གི་མདུན་གྱི་ནམ་མཁར་ཧཱུྃ་ལས་འབྱུང་བའི་སྲུང་འཁོར་དང་། ཆོས་འབྱུང་ནམ་མཁའི་ཁམས་ཀྱི་དབུས་སུ་གཞལ་མེད་ཁང་དངོས་གྲུབ་འབྱུང་བའི་དུར་ཁྲོད་དང་བཅས་པའི་དབུས་སུ་པདྨའི་གདན་ལྔ་ཚོམ། དབུས་སུ་ཟླ་བ་ལ་ཨོཾ་ལས་སངས་རྒྱས་མཁའ་འགྲོ་མ་དཀར་མོ་རྣམ་སྣང་གི་དབུ་རྒྱན་ཅན། ཞི་བའི་ཉམས་ལྡན། ཤར་དུ་ཉི་མ་ལ་ཧཱུྃ་ལས་རྡོ་རྗེ་མཁའ་འགྲོ་མ་སྔོན་མོ་མི་བསྐྱོད་པའི་དབུ་རྒྱན་ཅན། ཁྲོ་བོའི་ཉམས་ལྡན། ལྷོ་རུ་ཟླ་བ་སེར་པོ་ལ་ཏྲཱྃ་ལས་རིན་ཆེན་མཁའ་འགྲོ་མ་སེར་མོ་རིན་ཆེན་འབྱུང་ལྡན་གྱི་དབུ་རྒྱན་ཅན། དགྱེས་པའི་ཉམས་ལྡན། ནུབ་ཏུ་ཉི་མ་དམར་པོ་ཟེར་དང་བྲལ་བ་ལ་ཧྲཱིཿལས་པདྨ་མཁའ་འགྲོ་མ་དམར་མོ་འོད་དཔག་མེད་ཀྱི་དབུ་རྒྱན་ཅན། ཆགས་པའི་ཉམས་ལྡན། བྱང་དུ་སྣ་ཚོགས་རྡོ་རྗེ་ལ་ཨ་ལས་སྣ་ཚོགས་མཁའ་འགྲོ་མ་ལྗང་གུ་དོན་གྲུབ་ཀྱི་དབུ་རྒྱན་ཅན། ཁྲོ་ཞིང་བཞད་པ་སོགས་ཉམས་སྣ་ཚོགས་པ། ཐམས་ཅད་ཀྱང་གཡས་ཅང་ཏེའུ་ཁྲོལ་ཞིང་། གཡོན་པས་ཐོད་པ་བདུད་རྩིས་གང་བ་ཐུགས་ཀར་འཛིན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན། རློན་པ་ལྔ་བཅུའི་དོ་ཤལ་རུས་པའི་ཕྱག་རྒྱ་ལྔ་དང་བཅས་པ། དབུ་སྐྲ་ནག་པོ་ཕྱེད་བཅིངས་སུ་གནས་པ། མཆན་ཁུང་གཡོན་དུ་ཐབས་ཀྱི་རང་བཞིན་ཁ་ཊྭཱྃ་ག་ལ་རིམ་པ་བཞིན་དུ་འཁོར་ལོ་རྡོ་རྗེ་རིན་པོ་ཆེ་པདྨ་རལ་གྲི་རྣམས་ཀྱིས་མཚན་པ། འོད་ཟེར་སྣ་ལྔ་འབར་བའི་དབུས་ན་བཞུགས་ཤིང་། རང་མཚུངས་ཀྱི་མཁའ་འགྲོ་མ་གཙོ་མོ་འབུམ་འབུམ་དང་འཁོར་མཁའ་འགྲོ་གྲངས་མེད་པས་ཡོངས་སུ་བསྐོར་བའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་གི་སྙིང་ག་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། རང་བཞིན་གྱི་གནས་དང་ཕྱོགས་མཚམས་ཐམས་ཅད་ནས་གཙོ་མོ་ཡེ་ཤེས་ཀྱི་མཁའ་འགྲོ་ལྔ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་གྲངས་མེད་པས་བསྐོར་བ་བཛྲ་ས་མཱ་ཛཿ
རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་གཡབ་ཅིང་།
ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཨཱ་ཀཌྜྷ་ཡ། ཨཱ་ཀཌྜྷ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བནྡྷ་ཡ། བནྡྷ་ཡ། ཏོ་ཥ་ཡ། ཏོ་ཥ་ཡ། སརྦ་བཛྲ་ཌཱ་ཀི་ནཱི་ནཾ། ཧྲྀ་ད་ཡཾ་ཧཱུྃ་ཧཱུྃ་ཕཊ་ཕཊ། ལན་གསུམ་གྱིས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ ལན་ལྔ།
ཨརྒྷཾ་ནས་ ཤབྡའི་བར་གྱིས་མཆོད།
ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ ཨོཾ་ཨཱཿཧཱུྃ། ཞེས་ནང་མཆོད་འབུལ།
དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད། །གཏོར་ཆོག་ཙམ་ལ་བཟླས་པ་མི་དགོས་ཀྱང་། སྤྲོ་ན། སྤྱི་དྲིལ་གྱི་སྔགས་ནི།
ཨོཾ་ཨཱཿཨོཾ་ཧཱུྃ་སྭཱ་ཧཱ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་བཟླ། དེ་ནས་གཏོར་མ་འབུལ་བ་ནི།
ཨོཾ་བུདྡྷ་ཌཱ་ཀི་ནཱི་པྲ་ཏཱི་ཙྪ་ཨི་མཾ་བ་ལིཾ་ཨོཾ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནཱི་པྲ་ཏཱི་ཙྪ་ཨི་མཾ་བ་ལིཾ་ཧཱུྃ་ཕཊ། ཨོཾ་རཏྣ་ཌཱ་ཀི་ནཱི་པྲ་ཏཱི་ཙྪ་ཨི་མཾ་བ་ལིཾ་ཏྲཱྃ་ཕཊ། ཨོཾ་པདྨ་ཌཱ་ཀི་ནཱི་པྲ་ཏཱི་ཙྪ་ཨི་མཾ་བ་ལིཾ་ཧྲཱིཿཕཊ། ཨོཾ་བི་ཤྭ་ཌཱ་ཀི་ནཱི་པྲ་ཏཱི་ཙྪ་ཨི་མཾ་བ་ལིཾ་ཨཱཿཕཊ། ཨོཾ་སརྦ་ཌཱ་ཀི་ནཱི་པྲ་ཏཱི་ཙྪ་ཨི་མཾ་བ་ལིཾ་ཧོཿཕཊ། ཞེས་ལན་གསུམ་སོགས་ཀྱིས་ཕུལ། རྒྱས་པར་ན་ཚིགས་བཅད་དང་བཅས་པ་དང་། བསྡུ་ན་སྔགས་ཙམ་གྱིས་ཕྱི་མཆོད་ནང་མཆོད་གསང་མཆོད་རྣམས་ཕུལ།
མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་གྱིས་ནི་འོད་གསལ་མཆོག །སངས་རྒྱས་མཁའ་འགྲོར་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པ་གོས་པ་མེད། །རིན་ཆེན་མཁའ་འགྲོར་ཕྱག་འཚལ་བསྟོད། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །པདྨ་མཁའ་འགྲོར་ཕྱག་འཚལ་བསྟོད། །དོན་ཡོད་རྒྱལ་པོ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དངོས་ཉིད་དག་པ་ཉིད་ལས་བྱུང་། །སྣ་ཚོགས་མཁའ་འགྲོར་ཕྱག་འཚལ་བསྟོད། །ཅེས་དེ་ཉིད་ལྔ་པས་བསྟོད།
ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་བ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་། །ངོ་བོ་མེད་ཅིང་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་བླ་མེད་བྱོས། །འོན་ཀྱང་སངས་རྒྱས་རིགས་སུ་སྐྱེ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། སོགས་འདོད་དོན་གསོལ་བ་བཏབ། ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ། དམ་ཚིག་པ་རང་ལ་བསྡུ། བདག་སྲུང་། སྨོན་ལམ། བཀྲ་ཤིས་རྣམས་བྱའོ། །ཞེས་པའང་ཉེར་མཁོའི་ཡན་ལག་ཏུ་རིན་འབྱུང་ལས་ཟུར་དུ་བཀོལ་བ་སྟེ་གུ་ཎས་སོ། །དགེ་ལེགསའཕེལ།། །།