Ga'u ma'i khrid yig rdo rje'i tshig gi mdud grol

From Shangpa Resource Center
Revision as of 09:43, 13 June 2019 by Sengue (talk | contribs)








Resource ID SCv9p99
Title phyag rgya chen po ga'u ma'i khrid yig rdo rje'i tshig gi mdud grol
Topics Mahamudra Gauma
Sub-Topics Commentary
Author Sangyé Pelsang
Link BDRC W23922
Notes Commentary of the root verses of the Mahamudra Gauma

༄༅། །ཕྱག་རྒྱ་ཆེན་པོ་གའུ་མའི་ཁྲིད་ཡིག་རྡོ་རྗེའི་ཚིག་གི་མདུད་གྲོལ་བཞུགས་སོ།།

ན་མོ་གུ་རུ་ཝེ།
ཕྱག་རྒྱ་ཆེན་པོ་གའུ་མའི་ཁྲིད་ཡིག་རྡོ་རྗེའི་ཚིག་གི་མདུད་གྲོལ་ཞེས་བྱ་བ།
དཔལ་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ།
།བརྟན་གཡོ་ཀུན་གྱི་རང་བཞིན་མཆོག །གཉུག་མ་གདོད་ནས་ཀུན་ལ་བཞུགས། །ལྷུན་གྲུབ་ཆོས་སྐུར་ཕྱག་བྱས་ནས། །ཕྱག་ཆེན་ཁྲིད་ཀྱི་རིམ་པ་བཤད།
།འདིར་རིགས་དྲུག་པ་རྡོ་རྗེ་འཆང་ཆེན་གྱིས་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ་ལ་རྗེས་སུ་གདམས་པའི། ཕྱག་རྒྱ་ཆེན་པོ་གའུ་མའི་ཁྲིད་སྟོན་པར་བྱེད་པ་ལ་གཉིས། རྡོ་རྗེའི་ཚིག་རྐང་གིས་མཚན་གྱི་དོན། མཚན་ཅན་གཞུང་གི་དོན་གཉིས་ལས།
།དང་པོ་ལ་གཉིས་ཀྱི།
དང་པོ་མཚན་བསྒྱུར་བ་ནི། རྒྱ་གར་གྱི་སཾ་སྐྲྀ་ཏའི་སྐད་དུ། མ་ཧཱ་མུ་ཏྲ། ཞེས་པ་བོད་སྐད་དུ་བསྒྱུར་ན། ཕྱག་རྒྱ་ཆེན་པོ་ཞེས་བྱ་བའོ།
།གཉིས་པ་མཚན་བཤད་པ་ནི། ཕྱག་རྒྱ་ཆེན་པོ་དེས་བརྟན་གཡོའི་དངོས་པོ་ཐམས་ཅད་ལ་རྒྱས་འདེབས་པས་ན། ཕྱག་རྒྱ་དེའི་གོང་ན་གཞན་མེད་པས་ན་ཆེན་པོ། དེ་གང་ཡིན་ཞེས་ན། འོད་གསལ་ཆོས་ཀྱི་སྐུའོ། དགོས་པ་ལ་མཚན་ཐོག་མར་སྨོས་པས། དོན་རགས་པ་རྟོགས་ཤིང་དཔེ་བཙལ་སླ་བ་ཡང་ཡིན་ནོ།

།ཟུང་འཇུག་ཕྱག་རྒྱ་ཆེན་པོ་ལ་ཕྱག་འཚལ་ལོ། །ཞེས་པ་ནི། ལོ་ཙཱ་བས་འགྱུར་མཐར་ཕྱིན་པའི་ཕྱག་བྱས་པའོ།
།གཉིས་པ་གཞུང་གི་དོན་ནི། སེམས་ཅན་ཐམས་ཅད་ཀྱང་གནས་ལུགས་ལ་སྐུ་གསུམ་རང་ཆས་སུ་ཡོད་པ་དེ་འཁྲུལ་པའི་དྲི་མས་སྒྲིབས་ནས་མི་གསལ་ཞིང་མ་རིག་པས་འཁོར་བར་འཁྱམས་པ་ལ། ལམ་ཟབ་མོ་འདི་བསྒོམས་པས་འཁྲུལ་པའི་དྲི་མ་སངས། སྐུ་གསུམ་བདེ་བ་ཆེན་པོ་མངོན་དུ་འགྱུར་བ་ཡིན་ཏེ།
ཁྱུང་པོས་མཛད་པའི་གཞི་ལམ་འབྲས་གསུམ་ལས། གཞི་སྐུ་གསུམ་རང་གནས། ལམ་སྐུ་གསུམ་ལམ་ཁྱེར། འབྲས་བུ་སྐུ་གསུམ་མངོན་གྱུར། ཞེས་གསུངས་པས།
སྦྱང་བའི་གཞི་དེའང་གཟུགས་སྐུ་གཉིས་དང་བཅས་པའི་སྐུ་གཉིས་མ་ཡིན་གྱི། ཆོས་སྐུ་རང་ལ་ནང་མཚན་གྱིས་ཕྱེ་བའི་སྐུ་གསུམ་ཡིན་ཏེ། གཞུང་འདི་ཉིད་དུ། ཆོས་སྐུའི་ནམ་མཁར་ཞེས་དྲི་མ་སྦྱང་བའི་གཞིར་གསུངས་པའི་ཕྱིར་རོ། །གཞན་ནི་གོ་སླའོ།
།དེའི་དོན་སྟོན་པར་བྱེད་པ་ལ་གསུམ། ལམ་དེ་གང་ལས་ཐོས་པ། ཆོས་མཆོག་ཏུ་གྱུར་པའི་ལམ་ཡིན་ཚུལ། ལམ་དེ་ཉམས་སུ་བླང་པའི་ཚུལ་ལོ།

།དང་པོ་ནི། བདེ་ཆེན་ལྷུན་གྲུབ་འདུས་མ་བྱས། །ལོངས་སྐུ་རྡོ་རྗེ་འཆང་ཆེན་གྱིས། །སྐྱེ་མེད་རང་སྒྲ་འདི་སྐད་ཐོས། །ཞེས་གསུངས་ཏེ།
དེ་གང་ལས་ཐོས་ན། ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་ཐོབ་མ་མེད་པ་ནས་ལྷུན་གྱིས་གྲུབ་པ་ནས། རྒྱུ་དང་རྐྱེན་ལས་མ་སྐྱེས་པས་འདུས་མ་བྱས་པ་སྟེ། ཆོས་སྐུའི་ངོ་བོ་དེའང་གསུང་རྣམ་པ་ཐམས་ཅད་པ་སྟེ། རྡོ་རྗེའི་སྒྲ་དང་དབྱེར་མེད་པས་ལོངས་སྐུ། རྡོ་རྗེའི་སྐུ་རྣམ་པ་ཐམས་ཅད་པ་སྤྲུལ་སྐུ་སྟེ། སྐུ་གསུམ་གྱི་བདག་ཉིད་ཅན་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱི་ཞལ་སྔ་ནས་སོ། །གང་གིས་ཐོས་ན། ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མ་དེ་ཉིད་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་རྡོ་རྗེ་རྣ་བར་ཐོས་སོ། །གང་ཐོས་ན་སྐྱེ་མེད་ཀྱི་རང་སྒྲ་ཕྱག་རྒྱ་ཆེན་པོའི་གཞུང་འདི་ཐོས་སོ། །ཞེས་པའོ།

།གཉིས་པ་ཆོས་མཆོག་ཏུ་གྱུར་པའི་ལམ་ཡིན་ཚུལ་ནི། །ཐ་མལ་ཤེས་པ་ཨེ་མ་ཧོ། །ཞེས་གསུངས་ཏེ།
ཐ་མལ་ཤེས་པ་ཞེས་པ་ལ་འོ་ན་རྣམ་རྟོག་གོ་མཉམ་དུ་འཁྲུལ་པར་མི་བྱ་སྟེ། འདིའི་དོན་ནི་མ་བཅོས་པའི་ཤེས་པ་ཡིན་ལ། མ་བཅོས་པ་ནི་སྐྱེ་མེད་རིན་ཆེན་མཛོད། །ཅེས་པ་དང་མཐུན་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ནོ། །འདི་ལྟ་བུའི་དོན་ཟབ་མོ་སྟོན་པར་བྱེད་པ་ནི་ཨེ་མ་ཧོ། །ཞེས་པ་ཤིན་ཏུ་ཡང་ངོ་མཚར་དུ་གྱུར་པའི་ཐ་ཚིག་གོ

།གསུམ་པ་ལམ་དེ་ཉམས་སུ་བླང་བའི་ཚུལ་ལ་གཉིས་ལས།
དང་པོ་བསྡུས་པའི་དོན་ནི། སྔོན་འགྲོ་རང་བབས་རྣམ་གསུམ། དངོས་གཞི་སྐྱོན་བཞི་རང་གྲོལ། མཐར་ཐུག་སྐུ་བཞི་རང་ཤར་རོ། །ཅེས་གསུངས་པ་སྟེ། དེའང་དོན་གསུམ་པོ་འདིར་འདུ་ཞེས་བསྡུས་པའི་དོན་བསྟན་ནོ།
།གཉིས་པ་རྒྱས་པར་བཤད་པ་ལ་ལྔ་སྟེ། སྔོན་འགྲོ་རང་བབས་རྣམ་གསུམ། དངོས་གཞི་སྐྱོན་བཞི་རང་གྲོལ། རྗེས་སྐུ་བཞི་རང་ཤར། བོགས་འདོན་དང་ལམ་ཁྱེར་བསྟན་པ། མཇུག་གི་དོན་དང་ལྔ་ལས།
དང་པོ་ལ་གཉིས་ཀྱི་ཐུན་མོང་གི་སྔོན་འགྲོ་ནི། དལ་འབྱོར་རྙེད་དཀའ་བ་བསམ་པ་ནས་སྐྱབས་འགྲོ་སེམས་བསྐྱེད་ཀྱི་བར་གཞན་དུ་བསྟན་པ་ལས་རྒྱས་བསྡུས་ཅི་རིགས་པར་གདུལ་བྱའི་བློ་དང་འཚམ་པར་ཐེག་པ་ཆེན་པོའི་ཆོས་ཀྱི་སྣོད་དུ་རུང་བར་མ་གྱུར་གྱི་བར་དུ་བསྒོམ་དུ་གཞུག་གོ
།གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་སྨིན་གྲོལ་གཉིས་ལས།
དང་པོ་སྨིན་བྱེད་ཀྱི་དབང་ནི། དཔལ་རྒྱུད་སྡེ་ཆེན་པོ་ལྔའི་དབང་བཞི་རྫོགས་དང་། འདིའི་དགོས་ཀྱི་བྱིན་རླབས་བཀའ་ཞུའོ།
།གཉིས་པ་གྲོལ་བྱེད་ཀྱི་ལམ་ལ་གསུམ། དབང་པོ་རབ་བླ་མའི་བྱིན་རླབས་དང་རང་བབས་གསུམ་ལ་བརྟེན་ནས་གཅིག་ཅར་དུ་ཡེ་ཤེས་བསྐྱེད་པ། དབང་པོ་འབྲིང་རྟེན་ཅན་གྱི་དམིགས་པ་ལ་བརྟེན་ནས་ཞི་ལྷག་གི་ཏིང་ངེ་འཛིན་བསྐྱེད་པ། དབང་པོ་ཐ་མ་རིམ་ཅན་གྱི་ལམ་ལ་བརྟེན་ནས་ཞི་གནས་ཀྱི་ཏིང་ངེ་འཛིན་བསྐྱེད་པའོ།
།དང་པོ་ལ་གཉིས་པས། བླ་མའི་མོས་གུས་བསྒོམ་པ་ནི། རང་ཡི་དམ་གྱི་ལྷར་དྲན་པར་བྱས་ལ། བླ་མ་ལ་གསོལ་བ་བཏབ་དགོས་ཏེ།
ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མའི་ཞལ་ནས། ས་བཅུ་ལམ་ལྔའི་རིམ་པ་རྣམས། །མོས་གུས་སྟོབས་ཀྱིས་བསྒྲོད་པར་བྱེད། །བླ་མའི་སྣང་བ་མི་འབྲལ་བ། །རྒྱུད་སྡེའི་དགོངས་པ་གནད་ཀྱི་མཆོག །ཅེས་གསུངས་ཤིང་།
བརྟག་གཉིས་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་གསུངས་པ་དང་།
རྣལ་འབྱོར་མ་ཀུན་སྤྱོད་ཀྱི་རྒྱུད་ལས། གང་གིས་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཅེས་གསུངས།
གསང་བ་འདུས་པ་ལས། རྡོ་རྗེ་སློབ་དཔོན་ནི། བདག་ཅག་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕའོ། །མའོ། །བསྐྱེད་པའོ། །ཞེས་གསུངས།
ཡེ་ཤེས་གསལ་བ་སྒྲོན་མེ་རྒྱུད་ལས། མཚན་དང་དཔེ་བྱད་ལྡན་པའི་ལྷ། །བསྐལ་པ་སྟོང་དུ་བསྒོམ་པ་བས། །བླ་མ་དྲན་པ་བསོད་ནམས་ཆེ། །ལྷ་སྐུ་མ་བསྒོམ་བླ་མ་བསྒོམས། །ལྷ་སྐུ་བྱེ་བ་སྟོང་བསྒོམས་པས། །བླ་མ་བསྒོམས་པ་བསོད་ནམས་ཆེ། །ཞེས་གསུངས་པ་དང་།
གསང་འདུས་རིམ་ལྔ་ལས། རི་དབང་རྩེ་ནས་འགའ་ཞིག་ལྷུང་གྱུར་ན། །ལྟུང་བར་མི་བྱ་སྙམ་ཡང་ལྟུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བར་མི་བྱ་སྙམ་ཡང་གྲོལ་བར་འགྱུར། །ཅེས་དང་།
ཡེ་ཤེས་གྲུབ་པ་ལས། སྐྱ་བ་འཛིན་པ་མེད་པར་ནི། །གྲུ་ཡི་ཕ་རོལ་ཕྱིན་མི་ནུས། །ཡོན་ཏན་ཐམས་ཅད་རབ་རྫོགས་ཀྱང་། །བླ་མ་མེད་པར་སྲིད་མཐར་མིན། །ཅེས་དང་།
རྡོ་རྗེ་དྲིལ་བུ་པས། བླ་མའི་བྱིན་རླབས་ཙམ་གྱིས་ནི། །སྐད་ཅིག་ཉིད་ལ་འབྱུང་གང་ཡིན། །ཞེས་གསུངས་ཤིང་།
རིན་པོ་ཆེ་རྨོག་ལྕོག་པའི་ཐག་ཆོད་ཀྱི་གསུང་གཅིག་ལས། ཐུགས་རྗེ་ཆེན་པོ་རང་དཀར་ན་ཡང་དཀར། །དགྱེས་རྡོར་བདེ་མཆོག་སྔོ་ན་ཡང་སྔོ། །ང་ལ་རེ་ས་བླ་མ་ལས་མེད། ཇི་ལྟར་བྱས་ཀྱང་བླ་མའི་སྣང་བ་དང་འབྲལ་མ་མྱོང་བས། ཚེ་གཅིག་ལུས་གཅིག་གི་སངས་རྒྱས་སམ། དེང་སྡོད་ཡོང་ཡོང་འདྲ། གསུང་།
གཞན་ལ་ཞལ་བཀོད་ཀྱི་མགུར་བཞེངས་པའི་དུས་སུ། །དུས་གསུམ་སངས་རྒྱས་ཀྱི་ངོ་བོ་དེ། །བརྒྱུད་ལྡན་གྱི་བླ་མ་དམ་པ་ཡིན། །འདི་ཕྱིའི་དགོས་འདོད་བསྒྲུབ་མཁན་ལ། །མོས་གུས་མེད་པའི་སྙིང་མེད་པོ། །ཅེས་ཀྱང་གསུང་ངོ་།
།དཔལ་ལྡན་སྐྱེར་སྒང་པའི་ཞལ་ནས། ཚེ་གཅིག་ལུས་གཅིག་གི་སངས་རྒྱ་བ་ལ་བླ་མའི་མོས་གུས་དགོས། བླ་མའི་མོས་གུས་ལ་བླ་མ་ཡང་ཡང་དུ་དྲན་པ་བུ་གཅིག་པོ་ཤི་བའི་མ་ལྟ་བུ་གཅིག་དགོས་གསུངས།
སངས་རྒྱས་གཉན་སྟོན་གྱི་ཞལ་ནས། བླ་མའི་མོས་གུས་ལ་སྙིང་ཁོང་རུས་པའི་གཏིང་ནས་འཆི་མ་རང་དབང་མེད་པར་གསོལ་བ་འདེབས་པ་གཅིག་དགོས་གསུང་ངོ་།
།སངས་རྒྱས་སྟོན་པའི་གསུང་ནས། བླ་མའི་མོས་གུས་ལ་བརྗོད་ངས་ལོག་ལྟར་མ་སོང་བ་གཅིག་དགོས་གསུང་ངོ་།
།དེས་ན་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་ནས་བླ་མ་ཡིན་པར་ཐག་བཅད། བརྟེན་པར་བྱེད་པའི་ཚུལ་ཀྱང་། བླ་མ་ཐ་མལ་གྱི་འདུ་ཤེས་སྤང་ནས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་གཅིག་ཏུ་འདུས་པའི་ངོ་བོ་ཡིན་པར་བསྒོམ་དགོས་ཏེ།
རྡོ་རྗེ་ཕྲེང་བ་ལས། རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་སྐུ་ནི་རང་བཞིན་གནས། །དེ་ཡི་གཟུགས་ཀྱི་ཕུང་པོ་ནི། །བཅོམ་ལྡན་སངས་རྒྱས་རྣམ་སྣང་མཛད། །ཅེས་པ་ལ་སོགས་པ་བླ་མ་ལྷ་སུམ་ཅུ་རྩ་གཉིས་ཀྱི་ངོ་བོར་བཤད།
དཔལ་དུས་ཀྱི་འཁོར་ལོའི་འགྲེལ་ཆེན་དྲི་མ་མེད་པའི་འོད་ལས། དུས་ཀྱི་འཁོར་ལོའི་རྒྱུད་སྟོན་པ་པོ་རྡོ་རྗེ་སློབ་དཔོན་ནི། བཅོམ་ལྡན་འདས་འཇམ་དཔལ་ཇི་ལྟ་བ་དང་། དུས་ཀྱི་འཁོར་ལོ་དང་། དང་པོའི་སངས་རྒྱས་ཇི་ལྟ་བ་བཞིན་དུ་ཐར་པ་དོན་དུ་གཉེར་བ་རྣམས་ཀྱིས་ལྟ་བར་བྱའོ། །ཞེས་གསུངས།
མགུར་ལས། སློབ་དཔོན་སྟོན་པར་གྱུར་པ་ནི། ༼།སངས་རྒྱས་ཀུན་གྱིས་ཕྱག་མཛད་པ།༽ །བདག་ཅག་རྣམས་ཀྱི་ཕ་དང་མ། །དེ་ནི་ཡིད་ལ་བསམ་པར་བྱ། །དེ་ནི་ཅིའི་ཕྱིར་ཞེས་ན། །རྡོ་རྗེ་སེམས་དཔའ་སངས་རྒྱས་དང་། །དེ་བཞིན་རྡོ་རྗེ་གཟི་བརྗིད་དང་། །པདྨ་གར་གྱི་དབང་ཕྱུག་དང་། །རྟའི་རྒྱལ་པོའི་དངོས་གྲུབ་ནི། །གང་ཕྱིར་དེ་ལ་བཀའ་བ་མེད། །ཅེས་དང་།
སྡོམ་པ་འབྱུང་བ་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །ཀུན་གྱི་བྱེད་པོ་བླ་མ་ཡིན། །ཅེས་གསུངས་པ་དང་།
ངན་སོང་སྦྱོང་བའི་རྒྱུད་ལས། བཅོམ་ལྡན་འདས་བརྟག་པའི་རྒྱལ་པོ་འདིས་སེམས་ཅན་རྣམས་ཀྱི་དོན་བགྱིད་པ་གང་ལགས་པའི་སྐྱེས་བུ་དམ་པ་དེ་དག་གི་འབྲས་བུ་ཅིར་གྱུར། རྣམ་པར་སྨིན་པ་ཅིར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་དེ་དག་ནི་སྐྱེས་བུ་དམ་པ་འབའ་ཞིག་ཏུ་མ་ཟད་ཀྱིས། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་ལྟ་བར་བྱས་ཏེ་ལྷའི་དབང་པོ་གང་གི་ཕྱིར། འཇིག་རྟེན་ཕ་རོལ་དུ་སོང་ནས་མཚམས་མེད་པ་ལ་སོགས་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་པའི་སེམས་ཅན་རྣམས་ཀྱིས་སྡུག་བསྔལ་རྣམ་པ་སྣ་ཚོགས་སྤོང་བར་བྱེད་པ་དང་། བྱང་ཆུབ་གདོན་མི་ཟ་བར་བརྟེན་པར་བྱེད་པ་དང་། བྱང་ཆུབ་སེམས་དཔའི་ཕྱིར་མི་ལྡོག་པ་ལ་རབ་ཏུ་འཇོག་པའི་ཕྱིར་ཏེ། ཞེས་སོགས་གསུངས་པས་སོ།
།དེ་ལྟར་མ་ཤེས་པ་ཁ་ཅིག་ན་རེ། བླ་མ་ནི་མན་ངག་ཞུ་བའི་སྒོ་ཙམ་ཡིན་ལ། དངོས་གྲུབ་དང་བྱིན་རླབས་རྣམས་བླ་མ་ལས་བཟང་པའི་ཡི་དམ་ལྷ་ལས་འབྱུང་བར་འདོད་དེ། དེ་ལྟར་སོང་ན་དངོས་གྲུབ་འགྱངས་ནས་འགྲོ་གསུང་ངོ་།
།ཁ་ཅིག་གིས་བླ་མ་ཡུན་རིང་དུ་བསྟེན་ཀྱང་གུས་པ་མེད་པས། བླ་མའི་ཡོན་ཏན་ལ་མི་རྟོག་པར་སྐྱོན་འབའ་ཞིག་ཏུ་རྟོག་སྟེ། དེ་ལྟ་བུའི་གང་ཟག་གི་རྒྱུད་ལ་ཡོན་ཏན་སྐྱེ་བ་ག་ལ་སྲིད། དེ་ནས་དེས་ན་བླ་མ་ཚུལ་བཞིན་དུ་བསྟེན་ཚུལ་ནི། ཚེ་འདིའི་ཁ་དྲག་དང་། ནོར་ཅུང་ཟད་རེ་བའི་རྗེ་བོ་ལ་ཡང་ཕྱག་སྡོན་ལྡང་། ཕོ་ཉ། དམག་སོགས་བྱེད། ངག་གིས་ཞེས་བསྟོད་སྒྲ། ཆེ་བརྗོད། ཁ་འཛིན། ཤགས་འདེབས་བྱེད། སེམས་ཀྱིས་དེ་མཐོ་ན། རྒྱལ་ན། ལོངས་སྤྱོད་ཆེན། འཁོར་མང་ན་སྙམ་པ་བྱེད། ཐུག་ན་ལུས་སྲོག་ཀྱང་དེའི་ཕྱོགས་སུ་གཏོང་ཕོད་ཀྱི་གདའ་བ། བླ་མ་ནི་དེ་དང་ཁྱད་ཆེ་སྟེ། གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སུ་གསུངས་པས། ལུས་དང་ལོངས་སྤྱོད་བདོག་པའི་དངོས་པོ་ཐམས་ཅད་ཀྱིས་བསྙེན་བཀུར་ཞིང་མཆོད་དགོས་ཏེ།
དཔལ་དོན་དམ་བསྙེན་པ་ལས། ཐུན་འཚམས་གསུམ་དུ་ཤིན་ཏུ་མཉམ་པར་བཞག་པ་ཡི། །ཁ་དང་ལག་པ་རྐང་པ་དག་ནི་བཀྲུ་བྱ་སྟེ། །མེ་ཏོག་ཡང་དག་བླངས་ཏེ་བླ་མའི་སྤྱན་སྔར་ནི། །རྒྱལ་བ་རྣམས་ཀྱི་དཀྱིལ་འཁོར་ཤིན་ཏུ་ཟླུམ་པར་བྱ། །ཞེས་ཐུན་མཚམས་གསུམ་དུ་མཎྜལ་སོགས་འབུལ་བར་གསུངས་ཤིང་།
གསང་འདུས་རིམ་ལྔ་ལས། མཆོད་པ་ཐམས་ཅད་སྤངས་ནས་ནི། །བླ་མའི་མཆོད་པ་རབ་ཏུ་བརྩམ། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ཤེས་གོ་འཕང་ཐོབ་པར་འགྱུར། །ཞེས་བླ་མ་མཆོད་པ་མཆོག་ཏུ་བསྔགས་ཤིང་།
བླ་མ་ལྔ་བཅུ་པ་ལས། མི་ཟད་དེ་ནི་འདོད་པ་ཡི། །ཅུང་ཟད་ཡིད་འོང་གང་དང་གང་། །ཤིན་ཏུ་ཁྱད་པར་གྱུར་པ་ཉིད། །དེ་དང་དེ་ནི་བླ་མར་འབུལ། །དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ་འགྱུར། །དེ་བྱིན་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །ཞེས་རང་འབྱོར་པ་དང་ལྡན་ན། །ཡོ་བྱད་ཀྱང་བཟང་བ་དང་། རིན་ཐང་ཆེ་བ་དང་། མཁོ་བ་དང་། ཐུགས་སུ་བབ་པའི་གཡོག་ཕོ་མོ་དང་། གསེར་དངུལ་དང་། རྐང་འགྲོས་དང་། འབྲུ་ལ་སོགས་པ་ཡོ་བྱད་མཆོག་དབུལ་བས་མཆོག་གི་དངོས་གྲུབ་འགྲུབ་ཅིང་། ཞར་བྱུང་དུ་ཐུན་མོང་ཐམས་ཅད་ཀྱང་འགྲུབ་པར་གསུངས་པ་དང་། སྔོན་གྱི་སློབ་དཔོན་མང་པོས་ཀྱང་བླ་མ་བསྟེན་ཚུལ་མ་ནོར་བ་རྣམས་ལ། དངོས་གྲུབ་མཆོག་དང་བར་མ་རྣམས་ལ་འབྲིང་དང་། དམན་པ་རྣམས་ལ་ཐ་མ་དང་། བསྟེན་ཚུལ་ནོར་བ་རྣམས་ལ་འབྲས་བུ་མེད་པ་དང་། ཉེས་པ་དུ་མ་བྱུང་བའི་གཏམ་རྒྱུད་རྣམས་ཀྱང་སྐབས་དང་བསྟུན་ཏེ། བླ་མས་བསྟན་པར་བྱ་ཞིང་། སློབ་མས་ཀྱང་ཚིག་ཉན་པ་ཙམ་དུ་མ་བཞག་པར་དོན་ལག་ལེན་དུ་ཅི་ཁེལ་ལ་འབད་དེ། ལུས་ཀྱིས་ཕྱག་བསྐོར་བ། གཡོག་ལ་སོགས་པ་གང་དགོས་རྗེ་བཙུན་མི་ལ་ལྟར་དུ་བྱ། ངག་གིས་བསྟོད་བཀུར་བསྔགས་པ་སོགས་ལ་འབད། སེམས་ཀྱིས་དད་མོས་ཡོན་ཏན་བསྒོམ་པ་སོགས་ཅི་ནུས་བྱ། བདོག་པའི་དངོས་པོ་དབུལ། བཀའ་བཞིན་སྒོ་གསུམ་དགེ་བའི་ཕྱོགས་ལ་འབད་ན་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་རྒྱས་པར་འགྱུར་བ་ཡིན་ནོ།
།དེ་ལ་ལག་ལེན་ནི། རང་ཡི་དམ་གྱི་ལྷ་འཁོར་ལོ་བདེ་མཆོག་ཏུ་བསྒོམས་པའི་སྤྱི་གཙུག་ཏུ། རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བ། སེང་གེ་བརྒྱད་ཀྱིས་བཏེགས་པ། དེའི་སྟེང་དུ་པདྨ་ཉི་མ་ཟླ་བའི་གདན་བཞི་བརྩེགས་ཀྱི་སྟེང་དུ། རང་གི་རྩ་བའི་བླ་མ་ངོ་བོ་འོད་གསལ་ཆོས་ཀྱི་སྐུ། རྣམ་པ་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། འོད་དང་འོད་ཟེར་གྱི་རང་བཞིན་ཅན་མཚན་ཐོས་པ་ཙམ་གྱིས་ཀྱང་ཕྱིར་མི་ལྡོག་པའི་ས་ལ་འགོད་ནུས་པ། གསོལ་བ་བཏབ་ན་དངོས་གྲུབ་གཉིས་འབྱུང་བ་ལ་སྨོས་ཅི་དགོས་པ་གཅིག་བསམ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་ལ་ཆོས་འབྲེལ་ཡོད་པ་དབང་བཞི་རྫོགས་སུ་བསྐུར་བ་མན་ཆད་ནས། ཀ་ཁ་ཚིག་བཞི་སླབས་པ་ཡན་ཆད་ཀྱི་རྩ་བ་དང་བརྒྱུད་པའི་བླ་མ་ཐམས་ཅད་འོད་དང་འོད་ཟེར་གྱི་རང་བཞིན་དུ་གྱུར་ནས། བླ་མའི་སྐུ་ལ་ཐིམ། དེ་བཞིན་དུ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཡེ་ཤེས་ཀྱི་ཆོས་སྐྱོང་བའི་བསྲུང་མ་རྣམས་སྐུའི་སྟོད་སྨད་དུ་རིམ་བཞིན་ཐིམ་པས། བླ་མ་རྒྱལ་བ་ཀུན་འདུས་ཀྱི་བདག་ཉིད་དུ་མོས་ཏེ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །ཞེས་གསུངས་པའི་དོན་ཡིན་ནོ།
།དེའི་དྲུང་དུ་དུས་གསུམ་གྱི་ཕ་མ་དང་། གནོད་བྱེད་གཞི་བདག་གིས་གཙོ་བྱས་པའི་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱང་ལུས་གུས་པས་ཐལ་མོ་སྦྱར། ངག་གུས་པས་གསོལ་བ་འདེབས། །ཡིད་གུས་པས་མོས་གུས་རྒྱུན་ཆད་མེད་པར་བྱེད་བཞིན་དུ། ཕྱི་དང་ནང་དང་གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཆོད་པ་བཞི་དང་། མཎྜལ་ཅི་ནུས་སུ་ཕུལ་ནས། དད་ཤུགས་དྲགས་པོས་དེ་རྣམས་དང་མགྲིན་གཅིག་ཏུ་བརྒྱུད་པའི་གསོལ་འདེབས་ཀྱི་འཇུག་ཏུ། དངོས་གྲུབ་ཐམས་ཅད་ཀྱི་འབྱུངས་གནས་བླ་མ་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གི་བདག་འཛིན་བློ་ཡིས་ཐོངས་པར་བྱིན་གྱིས་བརླབ་ཏུ་གསོལ། དགོས་མེད་རྒྱུད་ལ་སྐྱེ་བར༴ འོད་གསལ་ཕྱག་རྒྱ་ཆེན་པོའི་རྟོགས་པ་ད་ལྟ་ཉིད་དུ་རྒྱུད་ལ་སྐྱེ་བར༴ ཞེས་སྙིང་གི་དཀྱིལ། རྐང་པའི་ཁོང་། རུས་པའི་གཏིང་ནས་མཆི་མ་རང་དབང་མེད་པར་འོང་བའི་གསོལ་བ་བཏབ་པས། བླ་མའི་སྐུ་ལུས་ལས་འོད་ཟེར་ཁ་དོག་དཀར་པོ་དཔག་ཏུ་མེད་པ་བྱུང་། རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག །དབང་བཞི་རྫོགས་པར་ཐོབ། བླ་མའི་བྱིན་རླབས་ཞུགས་པར་བསམ་མོ།
།གཉིས་པ་རང་བབས་གསུམ་བསྒོམ་པ་ལས།
དང་པོ་ལུས་རང་བབས་ནི། དབེན་པར་ས་གནོན་ཕྱག་རྒྱ་བྱ། ཚིག་བཞི་དང་རྩ་དང་མཆུ་གློད་པ་ནི་ལུས་རང་བབས་སོ། །ཅེས་གསུངས་ཏེ། གནས་དབེན་ཞིང་ཉམས་དགའ་བར་བདེ་བའི་སྟན་ལ་འདུག་སྟེ།
རླུང་རོ་ལན་གསུམ་བསལ། རྐང་པ་བདེ་བའི་སྐྱིལ་ཀྲུང་ཡངས་པར་བཅའ། ལག་མཐིལ་གཉིས་པུས་མ་ལ་བཀབ་པས་ས་གནོན་གྱི་ཕྱག་རྒྱ་བྱ། སྒལ་ཚིགས་དྲང་པོར་བསྲང་། ལྟོ་བ་སྒལ་པ་ལ་སྦྱར། དཔུང་པ་རྒོད་ཀྱི་གཤོག་པ་བཞིན་ཕྱིར་འཐེན། མགྲིན་པ་ལྕགས་ཀྱུ་ལྟར་བཀུག་ལ། ཨོལ་ཀོ་ཨོལ་མདུད་པའི་སྟེང་དུ་བཞག་སྟེ།
རྡོ་རྗེ་ཕྲེང་བ་ལས། སྒྲུབ་པོ་བདེ་བའི་སྟན་ལ་འདུག་སྟེ། །མིག་གཉིས་སྣ་རྩེར་གཏད་བྱས་ལ། །སྣ་ནི་ལྟེ་བའི་ཐང་དུ་བཞག །ཕྲག་གོང་མཉམ་ལ་ལྕེ་རྐན་སྦྱར། །སོ་དང་མཆུ་ནི་བདེ་བར་གནས། །དབུགས་ཀྱི་འབྱུང་རྔུབ་གློད་ནས་ནི། །ཅུང་ཟད་ཅུང་ཟད་རྩོལ་བྲལ་བས། །ཇི་ལྟ་བ་བཞིན་འབྱུང་རྔུབས་ནི། །སེམས་དཔའི་སྐྱིལ་ཀྲུང་ལ་གནས་པས། །ཞེས་གསུངས་པས།
ལུས་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་བཅའ་སྟེ། མདུན་རྒྱབ་གཡས་གཡོན་དུ་དགྱེ་དགུ་དང་། ས་ཡོ་མེད་པར་དྲང་པོར་བསྲང་། དྲང་པོ་དེའི་ངང་ནས་ཉ་བཞི་དང་རྩ་བཞི་ལ་གྲིམས་ཆ་མི་འདོན་པར་རང་བབས་སུ་ལྷོད་གློད་ལ། སོག་ཕོན་ཐག་པ་ཆད་པ་ལྟར་བཞག །འཇིག་རྟེན་གྱི་འགྲོ་འདུག་ལ་སོགས་པ་ལྟ་ཅི་སྨོས། ཆོས་ཕྱོགས་ཀྱི་ཕྱག་དང་བསྐོར་བ་ལ་སོགས་པ་ཐམས་ཅད་ཀྱང་རེ་ཤིག་དོར་ནས། ལུས་ལས་མེད་དུ་གློད་ནས་འཇོག་པ་ནི་ལུས་རང་བབས་སོ།
།གཉིས་པ་ངག་རང་བབས་ནི། མཆུ་རྩོལ་བ་མེད་ཅིང་སྒྲ་བརྗོད་དང་བྲལ་བ་ནི་ངག་རང་བབས་སོ། །ཞེས་གསུངས་ཏེ། འཇིག་རྟེན་གྱི་བརྫུན་ཕྲ་མ་ལ་སོགས་པ་ལྟ་ཅི་སྨོས། མདོ་དང་སྔགས་བཟློས་པ། རླུང་གི་འབྱུང་འཇུག་བསྒོམ་པ་ལ་སོགས་པའང་དོར་ལ། ལྕེ་ཡ་ཀན་ལ་སྦྱར་ལ་སོ་བར་དུ་ཅུང་ཟད་བཞག །མཆུ་འབྱེད་འཛུམ་དང་བྲལ་བས་ངག་སྨྲ་བརྗོད་མེད་པར་ལས་མེད་དུ་གློད་ནས་འཇོག་པ་ནི་ངག་རང་བབས་སོ།
།གསུམ་པ་སེམས་རང་བབས་ནི། །སེམས་མིག་གི་ལྟ་སྟངས་བསྒོམ་འདོད་དང་བྲལ་བ་ནི་སེམས་རང་བབས་སོ། །ཞེས་གསུངས་ཏེ། འདས་པའི་རྗེས་མི་གཅོད། མ་འོངས་པའི་སྡུན་མི་བསུ། ད་ལྟར་གྱི་བློ་ལ་ལས་མེད་པར་དུས་གསུམ་རྟོག་པའི་སྤྲོ་བསྡུ་མེད་པའི་ངང་དུ་གློད་དེ་མིག་གི་ལྟ་སྟངས་ཀྱི་བསྒོམ་འདོད་ཀྱི་རྟོག་པ་དང་བྲལ་ཏེ། སྔོན་འགྲོ་བསྒོམ་པ་ཡིན་སྙམ་པ་ཙམ་གྱི་རྟོག་པ་ཡང་མི་བྱེད་པར་ཧད་དེ་ཕྱད་དེ་ལས་པ་ནི་སེམས་རང་བབས་སོ། །མིག་གླང་པོ་ཆེའི་ལྟ་སྟངས་དང་མ་བྲལ་བར་ཞེས་པ། གླང་པོ་ཆེ་ཆང་གིས་བཟི་བ་དེ་གང་ལ་ཡང་ཕྱེད་འཛིན་དང་། དགག་སྒྲུབ་མེད་པས་མིག་འཛུམ་མི་ཤེས་པས་ཧད་དེ་འདུག་པ་བཞིན། འདིར་ཡང་མིག་གི་འབྲས་བུ་གཡས་གཡོན་དང་མདུན་རྒྱབ་གང་དུ་ཡང་མི་གཡོ་ཞིང་། གང་ལ་ཡང་ཆེད་འཛིན་མེད་པར་ཧད་དེ་རྟེན་ཅི་ལ་ཡང་མི་འཆའ་བས་ཕྱད་དེ་བ། ཡིད་བསྒོམ་འདོད་ཀྱི་རྣམ་པར་རྟོག་པ་དང་བྲལ་བའི་ངང་དུ་རང་བབས་རྣམ་གསུམ་གྱི་སྟེང་དུ་བཟོ་མེད་དུ་ལྷོད་ཀྱིས་གློད། གང་ཡང་ཆེད་འཛིན་མེད་པར་ཤིགས་ཀྱིས་བཤིག་ལ། མ་བཅོས་པར་བཞག་པ་ནི་དམིགས་པ་དང་པའོ།
།དེ་ལྟར་ཡིན་པའི་ཚུལ་ཡང་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མའི་ཞལ་ནས། ལྷ་འདོད་ཆགས་སྐྱེས་པ་ལྟ་བུ། ཞེས་གསུངས་པའི་དོན་ཡིན་ནོ།
།བྲམ་ཟེ་ཆེན་པོས། མིག་ནི་མི་འཛུམ་ཡིད་ནི་གང་དགར་བཞག །མི་བསྒོམ་བསྒོམ་དུ་མེད་པའི་རྣལ་འགྱོར་པ། །ཞེས་གསུངས།
སུ་ཀ་མ་སིདྡྷིས། རིག་པ་བརྟེན་མེད་དུ་ཞོག་ཅིག་རྣལ་འབྱོར་པ། །ཞེས་གསུངས་པ་དང་།
།ཡུམ་ལས། གླང་པོ་ཆེའི་ལྟ་སྟངས་ཀྱིས་བལྟ་བར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་སོགས་མདོ་རྒྱུད་བསྟན་བཅོས་མན་ངག་ཐམས་ཅད་ཞལ་མཐུན་པར་གསུངས་པས། ཟབ་མོའི་གནད་མཆོག་ཡིན་པར་ཐེ་ཚོམ་དང་ཡིད་གཉིས་སྤངས་ཏེ་རྩེ་གཅིག་ཏུ་བསྒོམ་པར་བྱའོ།
།དེ་ལྟར་ལུས་གནད་དང་ལྟ་སྟངས་ནི་ཐབས་ཁྱད་པར་ཅན་ཡིན་ཏེ། དེ་ལ་གནས་ན་རྟེན་རྩ་མི་གཡོ། དེ་ལ་གནས་ན་བརྟེན་པ་རླུང་མི་གཡོ། དེས་དེ་ལ་བརྟེན་པའི་ཁམས་དྭངས་མ་མི་གཡོ། དེས་དེ་ལ་བརྟེན་པའི་སེམས་མི་གཡོ་བར་ཟིན་པ་ཡིན་ནོ།
།དེ་ལྟར་རྩེ་གཅིག་ཏུ་བསྒོམས་པས་ཤེས་པ་བྱིང་པ་མི་གསལ་བ། རྒོད་པ་མི་གནས་པའི་སྐྱོན་བྱུང་ན། འཁོར་བ་ལ་སྐྱོ་བ་བསྐྱེད་ཅིང་། བླ་མ་ལ་སྔར་བཞིན་གསོལ་བ་དྲག་ཏུ་གདབ་སྟེ་བསྒོམས་པས་སེམས་སྤྲོས་བྲལ་དུ་གནས་པ་འབྱུང་སྟེ།
ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུའི་ཞལ་ནས། ལམ་ལྔ་ས་བཅུའི་རིམ་པ་རྣམས། །མོས་གུས་སྟོབས་ཀྱིས་བགྲོད་པར་བྱེད། །བླ་མའི་སྣང་བ་མི་འབྲལ་བ། །རྒྱུད་སྡེའི་དགོངས་པ་གནད་ཀྱི་མཆོག །ཅེས་གསུངས་པའི་དོན་ཡིན་ནོ། །དེ་ལྟ་བུའི་ངང་ལ་ལྷ་འདོད་ཆགས་སྐྱེས་པ་བཞིན་དུ་ཧད་དེ་ལུས་པ་དེ། སྔོན་འགྲོ་དང་པོའི་ཚད་ཡིན་ཏེ། ཐ་མལ་ཤེས་པ་ཞེས་ཀྱང་བྱ་སྟེ།
།བྲམ་ཟེ་ཆེན་པོས། ཐ་མལ་ཤེས་པ་སྙིང་གི་དབུས་སུ་སད། །ཚོགས་དྲུག་དག་ན་བདེ་བ་རྒྱུན་ཆད་མེད། །ཅེས་གསུངས་པས་སོ། །དང་པོའི་སེམས་ཞེས་ཀྱང་བྱ་སྟེ།
མཚན་བརྗོད་ལས། སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རྒྱུ་མེད་པས། །ཅེས་སོགས་གསུངས་སོ། །དེ་ལྟ་བུའི་སྔོན་འགྲོ་དེ་ཆད་པ་ངལ་བསོ་བ་ལ་སོགས་པའི་དུས་སུ་སེམས་ཅན་ཀུན་ལ་འཆར་ཏེ། ངོས་མ་ཟིན་པས་འཁོར་བར་འཁྱམས་པ་ཡིན་ཏེ། ད་ནི་དུས་ཐམས་ཅད་དུ་ངོས་ཟིན་པར་བྱས་པ་ལ་ཟན་ལ་སོགས་པ་ཟ་བའམ། ཕྲེང་བ་ལྟ་བུ་ལག་ཏུ་ཅི་བྱུང་པ་ལ་གླང་པོ་ཆེའི་ལྟ་སྟངས་ཀྱིས་ཧད་དེ་ལུས་པ་དེ་ལ་བཞག་གོ
།དེ་ལྟར་ཞི་གནས་ཀྱི་ཏིང་ངེ་འཛིན་སྐྱོན་མེད་པ་སྐྱེ་བའི་ཐབས་དང་ལྡན་ན། དེ་ལས་ལྷག་མཐོང་ཡེ་ཤེས་ཀྱི་སྣང་བ་ཅི་རིགས་སུ་སྐྱེ་བས་དགའ་སྡུག་སྤངས་ཏེ། །ཡེངས་མེད་དུ་སྐྱོང་དུག་ཞུག་གོ
།འདི་ནི་བླ་མ་དམ་པ་ཁོ་ནའི་དྲིན་ལས་འབྱུང་གི །བླ་མ་ལྟར་སྣང་བ་དག་གིས་ནི། ལམ་ལོག་པ་ཁོ་ན་ལ་སྦྱོར་ཏེ། རང་གིས་ཡེ་ཤེས་མ་བསྒོམས་ཤིང་ངོ་མི་ཤེས་པའི་རྒྱུད་ལས་སོ།
།གཉིས་པ་དབང་པོ་འབྲིང་རྟེན་ཅན་གྱི་ས་ལ་བརྟེན་ནས་ཞི་ལྷག་གི་ཏིང་ངེ་འཛིན་བསྐྱེད་པ་ནི། གོང་གི་བརྡ་ཐབས་ཀྱིས་ཡེ་ཤེས་མ་སྐྱེས་ན། རྟེན་ཅན་གྱི་དམིགས་པ་ལ་བརྟེན་པ་ནི། སྐྱབས་འགྲོ་ནས་རང་བབས་གསུམ་གྱི་བར་སྔར་བཞིན་ལས། ཁྱད་པར་ནི། རང་གི་མདུན་མིག་གི་ཐད་ཙམ་དུ་བརྩིག་པའི་སེར་ཀའམ། ཤིང་བུའམ། རྡིའུ་ལ་སོགས་པ་གང་ཡང་རུང་བ་ཞིག་ལ་མིག་ལྟ་སྟངས་ལས་མ་གཡོས་པར་བལྟ། སྤུ་རིས་དང་ཁ་དོག་སོགས་ཀྱི་བརྟག་དཔྱད་ཅུང་ཟད་ཀྱང་མི་བྱ། སེམས་རྣམ་རྟོག་གི་སྤྲོ་བསྡུ་བཅད་ལ། རྒྱུན་བསྲིངས་ཀྱིན་བསྒོམ་དུ་གཞུག་གོ
།སྐབས་སྐབས་སུ་ལུས་གནད་ལྟ་སྟངས་བྱེད་དུ་བཅུག་ལ་ཨེ་འོང་བལྟ། མིག་སྔར་གྱི་དངོས་པོ་དེ་གསལ་མི་གསལ་དྲིས་པས། རྒྱུན་དུ་གསལ་ལེ་ཡོང་གི་འདུག་ཟེར་ན། ད་རུང་རྟོག་པ་འོག་འགྱུ་མ་ཆོད་པ་ཡིན་པས། འབད་པས་མ་ཡེངས་པར་གཅོད་དུ་གཞུག །ཡང་འདྲིས་པས་མིག་སྔར་གྱི་དེ་རེས་མེད་འགྲོ་ཡིན་འདུག །དྲན་པ་ཟིན་ཙ་ན་ཡོང་གི་འདུག་ཟེར་ན། དེ་མེད་སོང་ཀྱང་བཟོད། ཆེད་གཉེར་གྱིས་དྲན་པས་ཟིན་མི་དགོས། མེད་ན་མེད་པ་དེ་ཀ་ལ་ཞོག་བྱས་ལ་བསྒོམ་དུ་གཞུག །ཡང་འདྲིས་པས་དྲན་པ་ཟིན་ཙ་ན་མེད་འགྲོ་ཡི་འདུག་ཟེར་ན། མེད་པའི་རྗེས་དེ་ལ་སྣང་རྒྱུ་ཨེ་འདུག་དྲིས་པས་མིག་སྦྲིད་ཆིལ་ཆིལ། ཞག་ལྗིབ་ལྗིབ། འོད་ཁྱུག་ཁྱུག་ལ་སོགས་ཡོང་གི་འདུག་ཟེར་ན། དེ་ཀ་ལ་བཟོ་མེད་དུ་ཆེར་རེ་ལྟོས། འཛིན་མེད་དུ་ལྷོད་དེ་ཞོག །ཞེས་པ་ཙམ་ལས་བཟང་ངན་དང་འདི་ཡིན་གྱི་མིང་མི་གདགས་ཅིང་། ཉམས་མྱོང་གོང་འཕེལ་དུ་འགྲོ་བའི་ཐབས་ལ་འབད་དེ། དེ་ཞི་ལྷག་གི་ཏིང་ངེ་འཛིན་སྐྱོན་མེད་པ་རྒྱུད་ལ་སྐྱེ་བར་འགྱུར་རོ།
།གསུམ་པ་དབང་པོ་ཐ་མ་རིམ་གྱིས་པའི་ལམ་ལ་བརྟེན་ནས་ཞི་གནས་ཀྱི་ཏིང་ངེ་འཛིན་བསྐྱེད་པ་ནི། གོང་གི་དབང་པོ་རབ་འབྲིང་རྒྱུན་བསྲིངས་ལ་བསྒོམ་དུ་བཅུག་པས། སེམས་ཅུང་ཟད་རེ་གནས་པ་་་་་ངོས་ཟིན་ཀྱང་། ཡང་བྱིན་རྒོད་དང་རྟོག་པའི་དབང་དུ་འགྲོ་ན།
དེའི་གཉེན་པོ་ལ་དངཔོ་གཡས་ལ་བསླབ་པ་ནི། ལྟ་སྟངས་ཀྱི་རྟེན་དེ་གཡས་ངོས་སུ་ཅུང་ཟད་སྒྱུར་ལ་བཞག་སྟེ། སྔར་བཞིན་དུ་བསྒོམ་ཞིང་བལྟ། དེ་ལ་ཐུན་མི་ཐུང་བ་གཅིག་སོང་པ་དང་། སླར་ཡང་དབུས་ཀྱི་མིག་རྟེན་ལ་བལྟ་ཞིང་བསྒོམ་དུ་གཞུག་གོ
།གཉིས་པ་གཡོན་ལ་བསླབ་པ་ནི། མིག་རྟེན་གཡོན་ངོས་སུ་ཅུང་ཟད་སྒྱུར་བར་བལྟ། སླར་ཡང་དབུས་སུ་བལྟ་བ་རེས་འཇོག་ཏུ་བྱས་ལ་བལྟ་ཞིང་བསྒོམ་དུ་གཞུག་གོ
།གསུམ་པ་ཐག་ཉེ་བ་ལ་བསླབ་པ་ནི། མིག་རྟེན་དེ་སྔར་ལས་ཉེ་བར་བཞག་ལ། སྔར་བཞིན་བསྒོམ་དུ་གཞུག
།བཞི་པ་ཐག་རིང་བ་ལ་བསླབ་པ་ནི། མདུན་གྱི་རིལ་སོགས་པའི་དངོས་ལ་བལྟ་ཞིང་བསྒོམ་དུ་གཞུག །དམིགས་པ་འདི་ངག་རང་བབས་གསུམ་དང་། ཅུང་ཟད་འགལ་ཀྱང་དབང་པོ་རྣོན་པོ་རྣམས་རྩལ་སྦྱོང་པ་དང་། བརྟུལ་པོ་རྣམས་རྒྱུན་བསྲིང་བའི་མན་ངག་ཏུའང་མངོན་ནོ།
།ལྔ་པ་ནམ་མཁའ་ལ་བསླབ་པ་ནི། ཤེས་པ་བྱིང་རྨུགས་ལ་སོགས་པ་བྱུང་ན། སྟེང་གི་ནམ་མཁའམ། རི་བོའི་རྩེའམ། མདུན་གྱི་ཐོག་མཚམས་ལ་སོགས་པ་ལྟ་སྟངས་སྟོད་ཅིང་། ཤེས་པ་ལ་ངར་བཅུག་ལ་སྔར་བཞིན་བཞག་པས། བྱིང་ཐིབས་ཀྱི་སྐྱོན་དག་ནས། གསལ་ལ་མི་རྟོག་པའི་ཏིང་ངེ་འཛིན་སྐྱེ་བར་འགྱུར་རོ།
།དྲུག་པ་དམའ་བ་ལ་བསླབ་པ་ནི། ཤེས་པ་རྒོད་ཅིང་རྟོག་པ་འཕྲོ་བ་བྱུང་ན། སྔར་གྱི་རང་བབས་གསུམ་གྱི་སྟེང་ནས། ལུང་པའི་བཤིས་སམ། ཁང་པའི་འོག་ཁང་ངམ། མདུན་གྱི་ས་གཞི་ལ་ལྟ་སྟངས་སྨད། ཤེས་པ་ཁོང་གློད། བློ་ལ་ཡངས་བཙལ་ལ་བསྒོམས་པས་རྒོད་པ་ཞི་གནས་ཏིང་ངེ་འཛིན་རྣལ་དུ་ཕེབས་པ་འབྱུང་ངོ་། །དེ་རྣམས་ལ་དང་པོ་མིག་སྦྲིད་ཆིལ་བ་ལྟ་བུ་ལ། གསལ་སྟོང་འཛིན་མེད་ལ་ཕྱམ་སོང་བ་དང་། ཐུན་མཚམས་སུ་ངའི་སྔོན་འགྲོ་རང་ཤར་ནས་འདུག་སྙམ་དུ་ངོས་བཟུང་ཞིང་། སླར་ཡང་གནས་ལུགས་ལ་ཧད་དེ་བཞག་གོ །འདི་གཉིས་ནི་བྱིང་རྒོད་ཀྱི་གེགས་སེལ་བའི་གདམས་པ་ཡང་ཡིན་ནོ།
།བདུན་པ་སྤྱོད་ལམ་སྣ་ཚོགས་དང་བསྲེ་བ་ནི། མཉམ་བཞག་གི་དུས་དེར་མ་ཟད་ཧད་དེ་ཆད་དེ་བ་དེ་ལས་ཆམ་ཆམ་འགྲོ་བ་དང་། རྩ་ཆུ་འཆག་པའི་ཚེ་མ་སྲིང་བརྒྱས་མཐའ་མ་བསྐོར་ཡང་ཉམས་ང་བ་དང་། བག་ཚ་བའི་རྣམ་རྟོག་ཐམས་ཅད་དང་བྲལ་བར་བྱ་སྟེ།
སཾ་བྷུ་ཊི་ལས། བཟའ་དང་བཏུང་དང་བླུགས་པ་དང་། ཉལ་དང་ལོག་དང་བསམ་པ་ན། ཕྱག་རྒྱ་ཆེན་པོ་མངོན་འདོད་པས། །དེ་ནས་སྔོན་དུ་འགྲོ་བར་འགྱུར། །ཞེས་གསུངས་ཤིང་།
སྡུད་པ་ལས། འགྲོ་འཆག་ཉལ་དང་འདུག་པར་ཤེས་བཞིན་རབ་ཏུ་ལྡན། །གཉའ་ཤིང་གང་ཙམ་བལྟ་ཞིང་འགྲོ་ལ་སེམས་འཁྲུལ་མེད། །ཅེས་སོ། མདོར་ན་གཏམ་སྨྲ་བ། མདོ་འདོན་པ། སྔགས་བཟླས་པ། ཆོས་ཉན་བཤད་ལ་སོགས་པ་ཐམས་ཅད་ཀྱི་དུས་སུ་ཡང་གསལ་སྟོང་འཛིན་མེད་ཀྱི་ངང་དུ་ཧད་དེ་བ་དེ་ལ་མ་ཡེངས་པར་བྱའོ།
།ཡང་འགའ་ཞིག་ལ་མཉམ་བཞག་གོམས་སྟོབས་ཆུང་པས། མདོ་སྔགས་སོགས་འདོན་པ་དང་མ་འདྲེན། མདོ་སྔགས་ཇི་སྲིད་འདོན་གྱི་བར་དུ་ཡིད་ཤིན་ཏུ་འཇུར་བས་འདོན། དེའི་རྗེས་ལ་རང་བབས་གསུམ་གྱི་སྟེང་དུ་བཞག་པས་ཏིང་ངེ་འཛིན་གྱི་བོགས་ཆེར་འབྱུང་ངོ་།
།དེ་རྣམས་ལ་སྔོན་འགྲོ་སྐྱབས་འགྲོ་སེམས་བསྐྱེད། བླ་མའི་རྣལ་འབྱོར། རྗེས་བསྔོ་བ། ཐུན་མཚམས་སུ་རླུང་རོ་འབུད་པ་རྣམས་བྱ་ཞིང་། ཁྱད་པར་གཉིད་ཐུན་ཆེན་ཆུང་ནམ་ལོག་པའི་ཚེ། སྔས་མཐོ་བར་བྱས་ལ། སེང་གེའི་ཉལ་སྟབས་སོགས་ཀྱིས་ཉལ། མིག་པགས་པའི་འོག་ནས་ལྟ་སྟོངས་ལ་བཞག །སེམས་རང་བབས་སྤྲོས་བྲལ་དུ་བཞག་པས་གཉིད་ཀྱི་འོད་གསལ་ཡང་གོམས་པར་བྱ་བ་ནི་ཤིན་ཏུ་གལ་ཆེའོ།
།དམིགས་པའི་རིམ་པ་དེ་རྣམས་ཀུན་ལ་ཁྲིགས་ཆགས་སུ་དགོས་པའི་ངེས་པ་ནི་མེད་དེ། དབང་པོའི་ཁྱད་པར་གྱིས་འགའ་ཞིག་ལ་དང་པོའམ། གཉིས་པ་ལྟ་བུས་སྔོན་འགྲོ་ཚད་ལ་ཕེབས་པ་སྲིད་པས་སོ། །དེ་ལ་སྔོན་འགྲོའི་ཚད་ནི། མ་བཅོས་ཐ་མལ་གྱི་ཤེས་པ་རང་ཤར་རོ། །དེ་བརྟན་པའི་ཚད་ལུས་ངག་གི་བྱ་བས་མི་འཕྲོག་པའོ།
།དེ་ལྟ་བུ་སྐྱེས་ནས། དེ་ནས་སྔོན་འགྲོའི་དོན་ཟབ་མོ་ངོ་སྤྲད་པ་ལ་གསུམ་ཡོད་པའི།
དང་པོ་མཆོད་གཏོར་འབུལ་བ་ནི། དེ་ལྟ་བུའི་སྔོན་འགྲོ་རྣམས་ཐོབས་པའི་དུས་སུ་ཡི་དམ་དང་ཆོས་སྐྱོང་གི་རྟེན་དགྲམ། གཏོར་མ་ལྔ་དང་མཆོད་པ་རྒྱ་ཆེན་པོ་དང་། ཚོགས་ཀྱི་ཡོ་བྱད་ཕུན་སུམ་ཚོགས་པ་བཤམས་ལ། དེ་ནས་སློབ་དཔོན་ལྷའི་རྣལ་འབྱོར་ལ་ཞུགས་ཤིང་། བཟླས་པ་དང་མདུན་བསྐྱེད་སྒྲུབ་ཅིང་མཆོད་པ་དང་། ཁྱད་པར་ཆོས་སྐྱོང་ལ་གཏོར་མ་རྒྱ་ཆེན་པོ་བཏང་ངོ་།
།དེ་ནས་མདུན་གྱི་ནམ་མཁའི་གནས་སུ་རིན་པོ་ཆེའི་ཁྲི་སེང་གེ་བརྒྱད་ཀྱིས་བཏེག་པའི་སྟེང་དུ་པདྨ་དང་ཉི་མའི་གདན་ལ། རྩ་བའི་བླ་མ་ཆོས་སྐུའི་ངོ་བོ། ལོངས་སྐུའི་རྣམ་པ། སྤྲུལ་སྐུའི་ཕྲིན་ལས་ཅན། སྐུ་བལྟ་བས་ཆོག་མི་ཤེས་པ་གཅིག་བསམ་མོ། །དེ་ལ་བརྒྱུད་པའི་བླ་མ་རྣམས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡེ་ཤེས་ཀྱི་ཆོས་སྐྱོང་བའི་སྲུང་མས་བསྐོར་བ་སྤྲིན་སྤུངས་པ་ལྟར་བཞུགས་པར་བསམ་མོ། །དེ་དག་ལ་སློབ་མས་ཕྱི་ནང་གསང་གསུམ་གྱི་མཆོད་པ་དང་། གསེར་གྱི་མཎྜལ་དང་། ཅི་འབྱོར་པའི་ཡོན་དག་པ་ཕུལ་ལ། སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཞིང་དད་གུས་དྲག་པོ་དང་ལྡན་པར་བྱའོ།
།གཉིས་པ་གསོལ་བ་གདབ་པ་ནི། ངག་ཏུ་རྩ་བ་དང་བརྒྱུད་པའི་བླ་མ་རྣམས་དང་། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདག་ལ་ཕྱག་རྒྱ་ཆེན་པོའི་དོན་ངོ་སྤྲད་ཅིང་། རྟོགས་པ་བརྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། །ཡེ་ཤེས་ཀྱི་ཆོས་སྐྱོང་བའི་བསྲུངས་མ་རྣམས་ཀྱིས་བདག་ཕྱག་རྒྱ་ཆེན་པོ་ཞུ་བ་དང་ཉམས་སུ་ལེན་པ་ལ། བར་དུ་གཅོད་པ་མི་འབྱུང་བར་མཛད་དུ་གསོལ། །ཞེས་གསོལ་བ་ལན་གསུམ་དུ་བཏབ་ལ། ལུས་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་བཅས་ནས། མིག་གླང་པོ་ཆེའི་ལྟ་སྟངས་ཀྱིས་མདུན་གྱི་བར་སྣང་སྟོང་པ་ལ་བལྟ། སེམས་དུས་གསུམ་རྟོག་པའི་འཕྲོ་འདུ་བཅད་ནས་བསྒོམ་འདོད་ཀྱི་བློ་དང་བྲལ་བར་བཞག་པས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བཅོས་མ་མིན་པ་རྒྱུད་ལ་སྐྱེ་བར་འགྱུར་ཏེ།
རྡོ་རྗེའི་ཚིག་རྐང་ལས། ཡིད་ལ་མི་བྱེད་རེ་དོགས་ཀུན་བྲལ་བའི། །ཐ་མལ་ཤེས་པ་ཁྱོད་ལ་ཕྱག་འཚལ་ལོ། །ཅེས་གསུངས་པའི་དོན་ཟབ་མོ་དེ་ཀ་ཁ་སིང་ནས་སྔོན་འགྲོ་དང་པོའི་ཚད་ཞེས་མིང་བཏགས་ཞིང་བསྟན་ལ། ད་ལྟར་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བཅོས་མ་མིན་པ་ཞེས་བསྟན་པ་དེ་ཀ་ཡིན་ནོ།
།གསུམ་པ་དེ་ཉིད་ངོ་སྤྲད་པ་ལ། སྤྱིར་སྣང་བ་ཐམས་ཅད་སེམས་སུ་ངོ་སྤྲད་པ། འཁྲུལ་སེམས་ངོ་སྤྲད་པ། ཞི་གནས་ཀྱི་སེམས་ངོ་སྤྲད་པ། ལྷག་མཐོང་གི་སེམས་ངོ་སྤྲད་པ་དང་བཞི་ལས།
དང་པོ་སྣང་བ་སེམས་སུ་ངོ་སྤྲད་པ་ནི། རྡོ་རྗེ་མགུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །རྣམ་པར་ཤེས་པའི་གནས་དོན་རྣམས། །ཕྱི་རོལ་གྱུར་པ་ཅུང་ཟད་མེད། །ཅེས་གསུངས།
བྲམ་ཟེ་ཆེན་པོས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་སོགས་རྒྱ་ཆེར་གསུངས་པས་རང་ལ་མ་དག་པ་དང་དག་པའི་སྣང་བ་ཅི་ཤར་ཅི་སྣང་ཀྱང་རང་གི་སེམས་ཁོ་ན་ལས་ཕྱི་རོལ་དུ་གྱུར་པ་ཅུང་ཟད་ཙམ་ཡང་མེད་པར་བློ་ཐག་བཅད་པར་བྱའོ།
།གཉིས་པ་འཁྲུལ་སེམས་ངོ་སྤྲད་པ་ནི། ཁ་སིང་སྣང་བ་རྟེན་ཅན་གྱི་སྐབས་སུ་རྡེའུ་ཤིང་བུ་ལ་སོགས་པའི་སྟེང་དུ་སེམས་བཞག་པ་ལྟར། མདུན་གྱི་དངོས་པོ་གང་ཡང་རུང་བ་གཅིག་ལ་སེམས་རྩེ་གཅིག་ཏུ་ཞོག་ལ་མ་ཡེངས་པར་ལྟོས་ཤིག །དེའི་ཚེ་མདུན་གྱི་སྣང་བ་དེ་མ་ཤོར་བཞིན་དུ། ནང་འཛིན་བྱེད་ཀྱི་ཤེས་པ་དེ་ལུས་ཀྱི་ཕྱི་ནང་སྟོད་སྨད་ག་ན་འདུག་ལྟོས་ཤིག །ཅེས་དེ་དར་གཅིག་བཞག་ལ་ག་ན་འདུག་དྲིས་པས་སྙིང་ལ་སོགས་པའི་གནས་འདི་ལྟ་བུ་ཞིག་ན་འདུག་གོ །ཞེས་ཟེར་ན། ད་དུང་ཁྱོད་ཀྱིས་ཕྱིའི་སྣང་བ་ལ་སེམས་མ་ཟིན་འདུག་པས། ད་དུང་ནན་ཏན་གྱིས་ལ་ལྟོས་ཤིག་བྱ། ཕྱིའི་ཡུལ་དེ་མ་གཏོགས་འཛིན་བྱེད་ཀྱི་ཤེས་པ་གང་ཡང་མི་འདུག་ཟེར་ན། ངོ་སྤྲད་དེ་གོང་དུང་བཤད་པ་ལྟར། ཡུལ་སྣང་གང་ཤར་ཀྱང་རང་གི་སེམས་མ་གཏོགས་པ་ཕྱི་རོལ་ན་དོན་བདེན་པར་གྲུབ་པ་ཅི་ཡང་མེད་པ་ཡིན་ཏེ། དེ་ཉམས་སུ་མྱོང་པས་དེ་ལྟར་གཏན་ལ་འཕེབས་པ་ཡིན་ནོ།
དེ་ལྟར་འཕྲུལ་སྣང་ཐམས་ཅད་སེམས་ཡིན་པར་སྣང་། མདོ་སྡེ་ལང་ཀར་གཤེགས་པ་ལས། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་བྱུང་། །དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །ཞེས་གསུངས་པ་དང་།
ཕལ་པོ་ཆེ་ལས། ཀྱཻ་རྒྱལ་བའི་སྲས་དག །ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་གསུངས་པ་དང་།
སློབ་དཔོན་བིརྺ་པས། ཆོས་རྣམས་སེམས་ཉིད་སྣང་བ་གཟུགས་བརྙན་ཡིན་ཕྱིར་རོ། །ཞེས་གསུངས།
སློབ་དཔོན་ཆོས་ཀྱི་གྲགས་པས། ལྷན་ཅིག་དམིགས་པ་ངེས་པའི་ཕྱིར། །སྔོ་དང་དེ་བློ་གཞན་མ་ཡིན། །ཞེས་གསུངས་ཤིང་།
བྱང་ཆུབ་སེམས་དཔའ་ཞི་བ་ལྷས། ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་གང་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ནི། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་སོགས་མདོ་སྡེ་དང་། རྒྱུད་སྡེ་དང་། བསྟན་བཅོས་ཙོམ་པ་པོ་ཚད་ལྡན་མང་པོ་དཔག་ཏུ་མེད་པས་གསུངས་ཏེ་མང་བས་འཇིགས་པས་མ་བྲིས་སོ།
།གསུམ་པ་ཞི་གནས་ཀྱི་སེམས་ངོ་སྤྲད་པ་ནི། གོང་དུ་བསྟན་པ་དེ་ལྟ་བུའི་འཁྲུལ་སེམས་དེ་གནས་ལུགས་ལ་བདེན་པ་མེད་པར་ཉམས་སུ་མྱོང་བའི་ཚུལ་ཡང་། གོང་དུ་རྟེན་ཅན་གྱི་དམིགས་པའི་སྐབས་སུ་སྣང་ཐོག་ཏུ་སེམས་བཟུང་ལ་ཡུན་རིང་དུ་བསྒོམས་པས་མཉམ་བཞག་བཟང་རྡོ་བའི་དུས་སུ། ཡུལ་དེ་མེད་འགྲོ་ཡི་འདུག་ཅེས་ཟེར་བ་དེ་ཀ་འཁྲུལ་པ་བདེན་མེད་གཏན་ལ་ཕེབས་པའི་ཉམས་མྱོང་སྣ་ཟིན་པ་ཙམ་དུ་རྒྱུད་ལ་སྐྱེས་པ་ཡིན། དེ་ལ་ཆོས་ཅན་རང་གི་ངོ་བོས་སྟོང་པའི་སྟོང་ཉིད་ཅེས་མདོ་རྒྱུད་མང་པོར་བཤད། དེང་སང་དབུ་མ་པར་རློམ་པའི་བསྟན་བཅོས་མཁན་མང་པོ་དང་། ཕྱག་རྒྱ་ཆེན་པོ་པ་དང་། རྡོགས་ཆེན་སེམས་ཕྱོགས་པ་དང་། གཅོད་ཡུལ་བར་གྲགས་པའི་བསྒོམ་ཆེན་མང་པོ་རྣམས་དེ་ཙམ་གྱི་ངོམས་ཤིང་། །དེའི་གོང་ན་གནས་ལུགས་ཟབ་མོའི་སྟོང་ཉིད་གཞན་མེད་པར་འདོད། གདོད་གནས་ལུགས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འདི་ཡིན་ནོ། ཞེས་སྨྲ་གོང་དུ་བསྟན་པའི་ཉམས་ལེན་གྱི་གནད་འདི་ལྟ་བུ་ལ་མ་དགོངས་པར། ལས་སྣང་མེད་སོང་བྱས་པ་དང་། དེ་དུས་བློ་འཁྲུལ་པ་ཡིན་པས། སླར་ཡང་ལུས་གནད་བཅོས་དྲན་པས་བཟུང་ནས་གློད་དེ་བཞག་པས། ཡུལ་དེ་མ་འགགས་ལ་གང་ཡང་ཆེད་འཛིན་མེད་པའི་ཤེས་པ་རྟོག་མེད་ཀྱི་ངང་དུ་གནས་པ་འབྱུང་ངོ་། །ཞེས་སོགས་གསུང་ངོ་། །འདི་ནི་སྐྱོན་དང་བཅས་པ་སྟེ། ཡུལ་དེ་མ་འགགས་ན་རྟོག་མེད་ཀྱི་ཤེས་པ་ཡིན་པར་འགལ་བའི་ཕྱིར་ཏེ། སྣང་བ་དེ་ཀ་བུམ་སོགས་ཀུན་རྫོབ་ཡིན་པའི་ཕྱིར་རོ།
ཡང་དབུ་མ་པར་རློམ་པ་ཁ་ཅིག་ན་རེ། ཁམས་གསུམ་འགྲོ་ལ་དམིགས་པའི་སྙིང་རྗེ་དང་། །སྲིད་ཞི་སྟོང་པར་རྟོགས་པའི་ཤེར་ཕྱིན་གཉིས། །རེས་འགའ་རེས་འཇོག་རེས་འགའ་ཟུང་འགྲེལ་བསྒོམ། །འོན་ཀྱང་ཕལ་ཆེར་སྙོམས་ལས་ངང་དུ་ཐལ། །ཟེར་མོད་གོང་དུ་རེས་འཇོག་དུ་བསྒོམས་པ་དང་། འོག་ཏུ་ཟུང་འབྲེལ་བསྒོམ་པ་གཉིས་གཅིག་གམ་མི་གཅིག །གཅིག་ན་བཟློས་པའི་སྐྱོན་དུ་འགྱུར་ལ། དེ་ནི་མི་གཅིག་སྟེ། འོག་མ་གཅིག་ཅར་དུ་བསྒོམ་པ་ཡིན་ནོ་ཞེས་ན་དེ་ནི་ཤིན་ཏུ་ཡང་མི་རིགས་ཏེ། འཁྲུལ་པའི་བློ་དང་དོན་དམ་སྟོང་ཉིད་གཅིག་ཏུ་མི་རུང་བའི་ཕྱིར་རོ།
།དེ་ལྟར་ཡང་། མགོན་པོ་བྱམས་པས། དེ་སྣང་ཆོས་ཉིད་མི་སྣང་ཞིང་། །དེ་མི་སྣང་ལ་ཆོས་ཉིད་སྣང་། །ཞེས་གསུངས་པ་དང་། སློབ་དཔོན་ཕྱོགས་ཀྱི་གླང་པོས། རྣམ་པར་རྟོག་ལས་མ་གཏོགས་པའི། །འཁོར་བ་ཞེས་བྱ་གཞན་ན་མེད། །རྣམ་རྟོག་དེ་དང་བྲལ་བ་ན། །ཁྱོད་ནི་རྟག་ཏུ་མྱ་ངན་འདའ། །ཞེས་གསུངས་པ་དང་། སློབ་དཔོན་ཆོས་ཀྱི་གྲགས་པས། རྟོག་གཉིས་གཅིག་ཅར་འཇུག་པ་མེད། །ཞེས་སོགས་གསུངས་པ་དང་།
དཔལ་སཾ་བྷུ་ཊི་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་གསུངས་པ་དང་།
མཚོན་ཡང་དག་པར་བརྗོད་ལས། རྣམ་པར་མི་རྟོག་དབྱིངས་མི་ཟད། །ཆོས་དབྱིངས་དམ་པ་ཟད་མི་ཤེས། །ཞེས་གསུངས་པ་ལ་སོགས་པ། ཀུན་རྫོབ་དང་དོན་དམ་པ་གཅིག་ཏུ་མི་རུང་པའི་དོན་སྟོན་པའི་མདོ་སྡེ་དང་རྒྱུད་སྡེ་རྣམས་ལ། སྐུར་པ་འདེབས་ཤིང་སྡིག་ལྟ་ཁོ་ནར་ཟད་དོ། །ཐར་པ་དོན་དུ་གཉེར་བ་རྣམས་ཀྱིས་དེ་དང་དེ་འདྲ་བ་རྣམས་ཀྱི་རྗེས་སུ་སྐད་ཅིག་ཀྱང་འཇུག་པར་མི་བྱའོ། །འོན་ཀྱང་ཕལ་ཆེར་སྙོམས་ལས་ངང་དུ་ཐལ་ལོ། །ཞེས་པ་ནི་བདེན་པར་སྨྲས་པའོ།
།དེས་ན་ཞི་གནས་ཀྱི་མྱོང་པ་རྒྱུད་ལ་སྐྱེས་པའི་དུས་སུ་རྣམ་པར་རྟོག་པས་བསྐྱེད་པ་བཟུང་འཛིན་གྱིས་བསྡུས་པའི་ཡུལ་ཡུལ་ཅན་དེ་ཐམས་ཅད་རང་འགགས་སུ་འགག་པ་ཡིན་ཏེ།
བྲམ་ཟེ་ཆེན་པོ་ས་ར་ཧས། ཇི་ལྟར་གཟིངས་ལས་འཕུར་བའི་བྱ་རོག་ནི། །བསྐོར་ཞིང་བསྐོར་ཞིང་སླར་ཡང་དེ་རུ་འབབས། །ཅེས་ཞི་གནས་གཟིངས་དང་། རྣམ་རྟོག་བྱ་རོག་གི་དཔེས་གསུངས་ཤིང་། ཡང་། གང་ཞིག་རྟེན་དེ་གང་ཐོབ་པ། །དགོངས་པ་གང་ཡིན་དམ་པར་སྐྱོལ་བ་ན། །ཉི་ཟེར་ལྐུགས་པར་གྱུར་པའི་རྡུལ་བཞིན་བརླག །སྙིང་ཁ་ཉིད་དུ་ནུབ་པར་གྱུར་པ་ཡིན། །ཅེས་དཔེར་ན་ཉི་མ་ནུབ་པ་དང་། ཉི་ཟེར་གྱི་རྡུལ་བརླག་པ་བཞིན་དུ། གཟུང་འཛིན་གྱི་རྣམ་རྟོག་ནུབ་པ་དང་། ལས་སྣང་ཡང་ནུབ་པར་གསུངས་སོ། །ཡང་། ཇི་ལྟར་ཆུ་ལ་ཆུ་བཞན་ན། །དེ་སྙེད་ཆུ་རུ་རོ་མཉམ་འགྱུར། །སྐྱོན་དང་ཡོན་ཏན་རྣམས་ལྡན་སེམས། །མགོན་པོས་གང་ཡང་མཚོན་མི་འགྱུར། །ཞེས་བཟང་ངན་གྱི་རྣམ་རྟོག་ཐམས་ཅད་ཞི་གནས་སུ་རོ་མཉམ་ནས། གང་ཡང་མི་སྣང་བར་འགྱུར་རོ།
།དེ་ལྟར་ཉམས་སུ་ལན་ཚུལ་ཡང་། །རྨོངས་པས་དག་ལ་གཉེན་པོ་གང་ཡང་མེད། །ནགས་ལ་མཆེད་པའི་མེ་ལྕེ་ཇི་བཞིན་དུ། །གོང་དུ་འབབས་པ་འདི་ལྟར་སྣང་བ་ཀུན། །ཁྱོད་ཀྱིས་རྩ་བ་སྟོང་པ་ཉིད་ལྷན་ཅིག་བྱས་སོ། །ཞེས་ཞི་གནས་བསྒོམས་པའི་ཚེ་རྣམ་རྟོག་དང་ལས་སྣང་གང་ཤར་ཀྱང་མེ་ལྕེ་དང་ཕྲད་པའི་ཤིང་བཞིན་དུ་མི་དམིགས་པ་བསྒོམ་དགོས་པར་གསུངས་སོ། །ཁ་ཅིག་ཡུལ་སྣང་སྟོང་ཟུང་འཇུག །སེམས་རིག་སྟོང་ཟུང་འཇུག །ཉམས་བདེ་སྟོང་ཟུང་འཇུག །ཅེས་ཟུང་འཇུག་ཡ་དྲུག་གི་རྣམ་དབྱེ་འབྱེད་པ་ནི། གནས་ལུགས་མ་གོ་བའི་བབ་བཅོལ་ཁོ་ནའོ།
།བཞི་པ་ལྷག་མཐོང་ངོ་སྤྲད་པ་ལ་གཉིས་ལས།
དང་པོ་ངོ་བོ་དེ་ངོས་བཟུང་བ་ནི། སྔར་དམིགས་པ་བརྟེན་ཅན་གྱི་སྐབས་སུ། དམིགས་རྟེན་མེད་པར་སོང་བའི་འཇུག་ཏུ། མིག་སྦྲིད་པ་ལྟ་བུ་ཞག་ལྗིབ་ལྗིབ་འོད་ཁྱུག་ཁྱུག་ཡོང་གི་འདུག་ཟེར་བ། དེ་ལ་སོགས་པ་སྣང་བརྙན་ཇི་སྙེད་གཅིག་ཤར་ཀྱང་། ལྷག་མཐོང་གི་ཡེ་ཤེས་ཡིན་ཞིང་། དེས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་བྱའི་སྒྲིབ་པ་ཐམས་ཅད་འཇོམས་པར་བྱེད་ཅིང་། ས་ལམ་གྱི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་བར་བྱེད་པ་ཡིན་ཏེ།
རྒྱལ་སྲས་ཞི་བ་ལྷས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ཏེ། ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། །ཅེས་གསུངས་པའི་ཕྱིར་རོ། །གོ་རིམས་ཀྱང་ཐོག་མར་ཞི་གནས་དང་། དེ་ནས་ལྷག་མཐོང་བསྒོམ་པར་གསུངས་སོ།
།དེ་ལྟ་བུའི་སྣང་སྟོང་ཟུང་དུ་འཇུག་པ་དེ་ཀ་གནས་ལུགས་ཕྱིན་ཅི་མ་ལོག་པ་ཡང་དག་པའི་ལྟ་བ། སེམས་ཀྱི་གནས་ལུགས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་པར་ཤེས་པར་བྱའོ།
།གཉིས་པ་དེ་ལུང་སྦྱོར་དང་ལྡན་པའི་ཡིད་ཆེས་པར་བྱ་བ་ནི།
རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་ནས། ཕྲ་རབ་རྡུལ་གྱིས་ཆོས་ཉིད་འདིས། །ཕྲ་ཕབ་པའི་རང་བཞིན་ཅན། རྣམ་པ་ཀུན་གྱི་མཆོག་ལྡན་མ། །ཕྱག་རྒྱ་ཆེན་མོ་དེ་ལ་འདུད། །ཅེས་གནས་ལུགས་དེ་ཉིད་ཕྱག་རྒྱ་ཆེན་མོར་གསུངས་ཤིང་།
བརྟག་གཉིས་ལས། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང་། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། །ཁྱོད་རང་ཡང་ནི་དེ་ཡི་ཕ། །ཞེས་གསུངས་པས། ཡེ་ཤེས་འདི་ནི་རྣམ་པར་རྟོག་པའི་ཡུལ་མ་ཡིན་པས་ཆེས་ཕྲ་བ། མ་རིག་པ་འཇོམས་པས་རྡོ་རྗེ། ནམ་མཁའ་ལྟར་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པ། དངོས་པོ་དང་མཚན་མའི་རྡུལ་ཕྲན་ཐམས་ཅད་ཞི་བའི་རང་གི་ཡེ་ཤེས་དེ་ཀ་རང་གིས་རྟོགས་པས་ཕའོ། །ཞེས་གསུངས་ལ། དེ་ལྟ་བུའི་ཡེ་ཤེས་དེ་ཀ་ཐོག་མ་མེད་པ་ནས་དངོས་པོ་ཐམས་ཅད་ཀྱི་གནས་ལུགས་སུ་བཞུགས་པ་ཡིན་ཏེ།
བདེ་མཆོག་རྩ་རྒྱུད་ལས། སངས་རྒྱས་རྣམས་ནི་བྱོན་གྱུར་ཏམ། །མ་བྱོན་གྱུར་ཀྱང་རྣམ་ཀུན་ཏུ། །བསམ་གྱིས་མི་ཁྱབ་ཆོས་ཉིད་འདི། །འཕེལ་འགྲིབ་སྤངས་ཏེ་གནས་པ་ཡིན། །ཞེས་གསུངས་ཤིང་།
སཾ་བྷུ་ཊི་ལས། རང་གི་ལུས་ལ་སངས་རྒྱས་བཞུགས། །གཞན་དུ་གང་ནའང་སངས་རྒྱས་མེད། །མི་ཤེས་མུན་པས་སྒྲིབས་པ་རྣམས། །ལུས་ལས་གཞན་དུ་སངས་རྒྱས་འདོད། །ཅེས་གསུངས་པས། དེ་ཀ་འོད་གསལ་ཆོས་ཀྱི་སྐུ་ཡིན་པར་གསུངས་སོ།
།ཁ་ཅིག་ན་རེ། སེམས་ཅན་གྱི་རྒྱུད་ལ་བདེ་བར་གཤེགས་པའི་སྙིང་པོའམ། སངས་རྒྱས་ཀྱིས་བོན་ཡོད་པ་ཙམ་ལ་དགོངས་སོ་ཞེ་ན་མ་ཡིན་ཏེ།
མདོ་སྡེ་མྱ་ངན་ལས་འདས་པ་ལས། སེམས་ཅན་གྱི་ཁམས་ཞེས་བྱ་བ་དེ་བཞིན་གཤེགས་པའི་སྙིང་པོ་ཡི་ཚིག་བླ་དགས་སོ། །དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་དེ་ནི་ཆོས་ཀྱི་སྐུའི་ཚིག་བླ་དགས་སོ། །ཞེས་གསུངས་ཤིང་། འཕགས་པ་མདའ་ཁ་ཡེ་ཤེས་ལས་ཀྱང་། སེམས་རྟོགས་ན་སངས་རྒྱས་ཡིན་གྱི། སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་བསྒོམ་པར་བྱའོ། །ཞེས་གསུངས་སོ།
།དེ་ཀ་དོན་དམ་པ་ཡང་ཡིན། ཆོས་སྐུ་ཡང་ཡིན་པར། འགྲིབ་པ་མེད་པ་དང་འཕེལ་བ་མེད་པའི་མདོ་ལས། ཤཱ་རིའི་བུ་དོན་དམ་པ་ཞེས་བྱ་བ་འདི་ནི་དེ་བཞིན་གཤེགས་པའི་སྙིང་པོའི་ཚིག་བླ་དྭགས་སོ། །ཤཱ་རིའི་བུ་སེམས་ཅན་གྱི་ཁམས་ཞེས་བྱ་བ་འདི་ནི་དེ་བཞིན་གཤེགས་པའི་ཚིག་བླ་དགས་སོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་དེ་ནི། ཆོས་ཀྱི་སྐུའི་ཚིག་བླ་དགས་སོ། །ཞེས་གསུངས་པའི་ཕྱིར་རོ།
།འདི་ལ་ཁ་ཅིག་ན་རེ། དེ་ལྟར་སེམས་ཅན་གྱི་ཁམས་ཆོས་སྐུ་ཡིན་ན། ཡིན་པས་ཆོག་མོད། ལམ་བསྒོམས་པས་དོན་མེད་དོ་ཞེ་ན། དེ་ལྟར་མ་ཡིན་ཏེ། དྲི་མ་བྲལ་བའི་ཕྱིར་དུ་ལམ་བསྒོམ་དགོས་པར་རྗེ་བཙུན་སྤྱན་རས་གཟིགས་དབང་ཕུག་གིས། །ཇི་ལྟར་མེ་ནི་ཤིང་ལ་རྟག་གནས་ཀྱང་། །བཅད་དང་དབྱེ་བའི་ཐབས་ཀྱིས་མི་མཐོང་སྟེ། །རྩུབ་ཤིང་རྩུབ་བསྟན་ལག་པས་བསྲུབས་པ་ལས། །དེ་ལ་གནས་པ་དག་ཀྱང་མཐོང་བར་འགྱུར། །དེ་བཞིན་སེམས་ཀྱི་འོད་གསལ་རྟོགས་པ་ཡི། །ྦསྒོམ་པའི་ཐབས་རྣམས་དག་གིས་མི་མཐོང་ཏེ། །དེ་ཉིད་དུ་ནི་རྐྱང་མ་དག་དང་ནི། །རི་མ་གཅིག་ཏུ་སྦྱོར་བས་མཐོང་བར་འགྱུར། །ཞེས་གསུངས་ཤིང་།
འཕགས་པ་ཀླུ་སྒྲུབ་ཀྱིས། ཇི་ལྟར་ཤིང་ལ་མེ་གནས་པ། །མ་བསྲུབས་བར་དུ་འབྱུང་མི་འགྱུར། །དེ་བཞིན་གོམས་མེད་སངས་རྒྱས་ནི། །ཚེ་འདི་ཉིད་ལ་ཐོབ་མི་འགྱུར། །ཞེས་གསུངས་ཤིང་།
བཅོམ་ལྡན་འདས་ཀྱཻ་རྡོ་རྗེའི་རྒྱུད་དུ། སེམས་ཅན་ཐམས་ཅད་སངས་རྒྱས་ཡིན། །འོན་ཀྱང་གློ་བུར་དྲི་མས་སྒྲིབས། །དེ་ཉིད་གསལ་ན་སངས་རྒྱས་ཉིད། །ཅེས་སོགས་ཀྱིས་ལམ་བསྒོམ་དགོས་པར་བསྟན་ཏོ། །ལམ་བསྒོམས་པས་ཞི་ལྷག་ཟུང་འབྲེལ་གྱི་ཡེ་ཤེས་འཆར་ཚུལ་ཡང་། གྲུབ་ཐོབ་ཁྱུང་པོས་མཛད་པའི་བདེ་མཆོག་ལྷ་ལྔའི་མངོན་རྟོགས་སུ། །དུ་བ་ལྟ་བུ་ལ་སོགས་པའི་རྟགས་ལྔ་ཤར་ནས། སྤྲིན་མེད་པའི་ནམ་མཁའ་ལྟ་བུའི་ཆོས་ཉིད་མངོན་དུ་བྱེད་དོ། །ཞེས་ཆོས་ཉིད་ཀྱི་གསལ་སྣང་དུ་གསུངས་ཤིང་། དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མར་ཡང་གསུངས་པ། འགོག་པ་རྡོ་རྗེར་བགྲོད་སེམས་ལས། །མཚན་མ་ཉེར་འཛིན་འབྱུང་འགྱུར་ཏེ། །མཚན་མ་དེ་ནི་རྣམ་པ་ལྔར། །བྱང་ཆུབ་རྡོ་རྗེས་བཤད་པ་ཡིན། །དང་པོ་སྨིག་སྒྱུའི་རྣམ་པ་སྟེ། །གཉིས་པ་དུ་བའི་རྣམ་པ་ཡིན། །གསུམ་པ་མཁའ་སྣང་རྣམ་པ་སྟེ། །བཞི་པ་སྒྲོན་མ་འབར་བའོ། །ལྔ་པ་རྟག་ཏུ་སྣང་བ་ནི། །སྤྲིན་མེད་ནམ་མཁའ་ལྟ་བུའོ། །ཞེས་པ་ལ་སོགས་པ་དུ་བ་འོད་གསལ་གྱི་གསལ་སྣང་དུ་གསུངས་སོ། །རྒྱས་པར་རྟོག་གེའི་དྲི་མ་དང་བྲལ་བའི་གང་ཟག་དབང་པོ་རྣོན་པོ་རྣམས་ལ་འོད་གསལ་འཆར་སྒོ་ངོས་འཛིན་ལྟར་བཤད་པར་བྱའོ།
།ནི་གུ་མ་སྔོན་འགྲོ་ལ་གཙོ་བོར་བྱེད་དེ། སྔོན་འགྲོ་ལ་མྱོང་བ་བརྒྱུད་ལ་མ་སྐྱེས་ན་ངོ་སྤྲད་ཀྱང་ངོས་མི་ཟིན་པས། སྔོན་འགྲོ་ཉམས་སུ་མྱོང་བ་ཁོ་ན་གལ་ཆེའོ། །ཅེས་པའི་དོན་ཏེ། དེ་ནས་ཚོགས་ལ་ལོངས་སྤྱོད་པ་ནས་བཀྲ་ཤིས་བརྗོད་པའི་བར་ཚོགས་ཀྱི་ལག་ལེན་ལྟར་བྱའོ།
།གཉིས་པ་དངོས་གཞིའི་སྐྱོན་བཞི་རང་གྲོལ་བ་ནི། །དེ་ཉིད་སྐྱོན་བཞི་དང་བྲལ་བར་བྱ་སྟེ། ཆོས་སྐུ་དང་འདུ་འབྲལ་མེད་ཀྱང་ཉེ་དྲགས་པས་ངོ་མ་ཤེས། ཞེས་གསུངས་ཏེ། སེམས་རྟོག་བྲལ་ཞི་གནས་དང་ལྷག་མཐོང་ཟུང་དུ་ཆུད་པ་འདུས་མ་བྱས་པའི་ཆོས་སྐུ་གོང་དུ་ངོ་སྤྲད་པ་དེ་དང་སྐད་ཅིག་ཀྱང་འདུ་འབྲལ་མེད་ཅིང་ཉེ་དྲགས་ཀྱང་། སྔར་རྣམ་པར་མི་རྟོག་པའི་ཤེས་རབ་མེད་པས་ཆོས་ཉིད་ཀྱི་དོན་མ་མཐོང་བའི་སྐྱོན་གྱིས་འཁོར་བར་འཁྱམས་ཏེ།
མདོ་སྡུད་པ་ལས། འགྲོ་བ་འཁྲུལ་པ་རི་དགས་རྒྱར་ཚུད་འདྲར་ཤེས་ནས། །ཞེས་དཔེས་བསྟན་པ་དང་། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་གཞུང་ལས། ཡོད་པ་མ་མཐོང་མེད་པ་མཐོང་། །ཞེས་གནས་ལུགས་ལ་ཡོད་པའི་ཆོས་ཉིད་མ་མཐོང་ཞིང་། མེད་བཞིན་དུ་སྣང་བའི་འཁྲུལ་པ་མཐོང་བར་གསུངས་པ་ལྟར་རོ། །ད་ནི་བླ་མའི་མན་ངག་ཁྱད་པར་ཅན་ལ་བརྟེན་ནས་མཐོང་བ་ཡིན་ཏེ།
རྒྱུད་བླ་མར། འདི་ལ་གསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས་གསུངས་པ་ལྟར་ཆོས་ཉིད་ཀྱི་དོན་དེ་ངོ་ཤེས་པར་བྱས་ལ་འབྲལ་མེད་དུ་བསྒོམས་ཏེ། རྣམ་གྲོལ་ཐོབ་པར་བྱའོ།
།སྐྱོན་གཉིས་པ། རང་ལ་ཤར་ཀྱང་ཟབ་དྲགས་པས་ངོས་མ་ཟིན། ཅེས་གསུངས་པ་ནི། སེམས་ཀྱི་རང་བཞིན་འོད་གསལ་དེ་རྟོག་དཔྱོད་དང་། མཚན་འཛིན་གྱིས་བསྒོམ་པའི་ཡུལ་མ་ཡིན་པས་སྔར་ངོས་མ་ཟིན་ཏེ།
རྒྱུད་བླ་མར། ཕྲ་ཕྱིར་ཐོས་པའི་ཡུལ་མིན་ཕྱིར། །དོན་དམ་ཡིན་ཕྱིར་བསམ་པའི་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། །བསྒོམ་པ་ལ་སོགས་ཡུལ་མ་ཡིན། །ཞེས་གསུངས་ལ། དེ་ད་ལེན་མི་རྟོག་པའི་ཏིང་ངེ་འཛིན་གྱིས་མཐོང་ཅིང་ངོས་ཟིན་པ་ཡིན་ཏེ།
རྒྱུད་བླ་མར། ནང་གི་དམ་པ་ཆོས་སྐུ་ནི། །ཡེ་ཤེས་མིག་གིས་མཐོང་བར་འགྱུར། །ཞེས་དང་།
མདོ་རྒྱ་ཆེར་རོལ་པ་ལས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་གཅིག་ཁོ་བོས་རྟོགས། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། མི་སྨྲ་ནགས་འདབ་ཉིད་དུ་གནས་བར་བྱ། །ཞེས་གསུངས་པ་ལྟར། འོད་གསལ་རྟོགས་པའི་དུས་འདི་ནས་བཟུང་སྟེ། ལུས་ཀྱི་བྱ་བྱེད། ངག་གི་སྨྲ་བརྗོད། སེམས་ཀྱི་འཕྲོ་འདུ་ཐམས་ཅད་དོར་ནས་འབྲལ་མེད་དུ་བསྒོམ་པར་བྱའོ།
།སྐྱོན་གསུམ་པ་སླ་དྲགས་པ་ཡིད་མ་ཆེས་པར་ཡེངས་མེད་དང་འབྲལ་ལོ། །ཅེས་གསུངས་ཏེ། དེ་ལྟ་བུའི་ཡེ་ཤེས་དེ་བླ་མའི་བརྡའ་ཐབས་ལ་བརྟེན་ནས་འཆར་ཞིང་། སློབ་མའི་འབད་རྩོལ་ཐམས་ཅད་བཏང་སྟེ་རང་བབས་གསུམ་དུ་བཞག་པ་ཙམ་གྱིས་རྟོགས་ནས། འདི་ལྟ་བུའི་སླ་དྲགས་པས་ཅི་འདྲ་ཡིན་སྙམ་དུ་ཡིད་མ་ཆེས་པས། ཡེངས་མེད་དུ་བསྒོམ་དང་བྲལ་བའི་སྐྱོན་གྱིས་འཁོར་བར་འཁྱམས་པ་ཡིན་ལ། ད་ནི་ཤིན་ཏུ་ལྐོག་གྱུར་གྱི་དོན་ལ་ལུང་ཚད་མ་ཡིན་པས། གོང་དུ་བསྟན་པའི་མདོ་རྒྱུད་ཀྱི་ལུང་དོན་རྣམས་དང་། རང་གི་ཉམས་མྱོང་མཐུན་པ་ལ་ཡིད་ཆེས་པར་བྱས་ལ། སྤྱོད་ལམ་རྣམ་བཞི་ཀུན་ཏུ་མ་ཡེངས་པར་ཉམས་སུ་བླང་པར་བྱ་སྟེ།
དཔལ་སཾ་བྷུ་ཊི་རྒྱུད་ལས། བཟའ་དང་བཏུང་དང་བླུགས་པ་དང་། །ཉལ་དང་ལོག་དང་བསམ་པ་ན། །ཕྱག་རྒྱ་ཆེན་པོ་མངོན་འདོད་པས། །དེ་ནས་སྔོན་དུ་འགྲོ་བར་འགྱུར། །ཞེས་གསུངས་པའི་ཕྱིར་རོ།
།སྐྱོན་བཞི་པ། བཟང་ཡང་བློར་མ་ཤོང་པས་ཐག་ཆོད་དང་བྲལ་བས་འཁོར་བར་འཁྱམས་པའོ། །ཞེས་གསུངས་ཏེ། སྔར་བླ་མ་དམ་པས་མ་ཟིན་ཅིང་། རྟོག་གེའི་སྦྱངས་པས་རྒྱུད་དཀྲུགས་པ། །ནང་གི་དོན་ལས་ཁ་ཕྱིར་ཕྱོགས་པའི་སྐྱེ་བོ་དག་ལ། ཟབ་ལམ་བཟང་པོ་འདི་ལྟ་བུ་བསྟན་པས། ཆོས་སྐུ་ཡིན་པ་བཟང་དྲགས་པས་བློར་མི་ཤོང་པ་འབྱུང་སྟེ། མཆོག་གི་དང་པོའི་སངས་རྒྱས་ཀྱི་རྒྱུད་དུ། བྱིས་པ་མཁས་པ་རྨོངས་རྣམས་ཀྱིས། །རྒྱུད་ཀྱི་དོན་ནི་འདིར་མི་ཤེས། །ཞེས་གསུངས་ལ།
དེའི་འགྲེལ་པར་དཔལ་ནཱ་རོ་པས། བྱིས་པ་སྟེ་སོ་སོ་སྐྱེ་བོ། མཁས་པ་སྟེ་སྒྲ་དང་ཚད་མ་ལ་སོགས་པ་རྟོག་གེ་སྐམ་པོ་རྩ་ལྟར་སྦྱངས་པས་ཉེ་བར་ངུབ་པ། རྨོངས་པས་ཏེ་ནང་གི་དེ་ཁོ་ན་ཉིད་ལྟ་བ་ལ་ཕྱིར་ཕྱོགས་པ་རྣམས་ཀྱི་ཡུལ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ།
།དེས་ན་བློར་མ་ཤོང་བའི་སྐྱོན་ཡོངས་སུ་དོར་ལ། གོང་གི་ལུང་རྣམ་དག་རྣམས་དང་མཐུན་པའི་བླ་མ་དམ་པའི་མན་ངག་དང་། རང་གི་ཉམས་མྱོང་ལ་ཡིད་ཆེས་པར་བྱ་དགོས་ཏེ།
རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་མངའ་ནས། གང་དག་རིན་ཆེན་བཟང་པོར་རིག་པ་རྣམས། །རིན་ཆེན་ཆེན་པོ་ཡོངས་སུ་རྟོག་ཏུ་གཞུག །དེ་དག་རྣམས་ཀྱི་རྣམ་དག་ཚིག་གིས་ནི། །རང་གི་རིན་ཆེན་རྣམ་པར་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་ཐག་ཆོད་ངེས་ཤེས་བསྐྱེད་ལ་རྩེ་གཅིག་ཏུ་བསྒོམས་ཏེ། འཁོར་བར་འཁྱམས་པའི་སྐྱོན་ལས་གྲོལ་བར་བྱའོ།
།རྗེ་བཙུན་མཻ་ཏྲི་པ་དངོས་གཞི་ལ་གཙོ་བོར་བྱེད། །ཅེས་པ། སྔོན་འགྲོ་ལ་དགེ་སྦྱར་སྐྱེས་ཀྱང་དངོས་གཞིའི་སྐྱོན་བཞི་པོ་འདི་དང་མ་བྲལ་ན་ཡིད་ཐེ་ཚོམ་དུ་འགྱུར་པས་ཉམས་ལེན་ལས་གཡེལ་ནས་དངོས་གྲུབ་མི་ཐོབ་པས། དེའི་ཕྱིར་དངོས་གཞི་འདི་གཙོ་ཆེ་ཅེས་པའོ། །དེས་ན་དངོས་གཞི་རྒྱུད་ལ་སྐྱེས་པའི་ཚད་དང་སྣང་སེམས་ཡིད་ལ་མི་བྱེད་པའི་ཟུང་འཇུག་རྟོགས་པའོ། །དེ་ཉིད་རང་ཤར་བརྟན་པའི་ཚད་མཉམ་རྗེས་དང་བྲལ་བའི་འཁོར་མའོ།
།གསུམ་པ་རྗེས་སྐུ་བཞི་རང་ཤར་ནི། མཐར་ཐུག་མཉམ་རྗེས་བློས་བྱས་དང་བྲལ་བའི་རང་ཤར་དེ་ལ། སྣ་ཚོགས་སུ་གསལ་བ་སྤྲུལ་སྐུ། གསལ་འཛིན་དང་བྲལ་བའི་རྟོག་མེད་དེ་ཆོས་སྐུ། གསལ་ལ་རྟོག་མེད་དེ་ཉིད་བདེ་བར་ཤར་བས་ལོངས་སྐུ། དེ་གསུམ་ཀ་རང་བཞིན་དབྱེར་མི་ཕྱེད་པས་མཐར་ཐུག་བདེ་བ་ཆེན་པོའི་སྐུའོ། །དེ་ཉིད་ལ་རྟོག་མེད་ཀྱི་ཆ་དེ་ཇི་ལྟ་བའི་ཡེ་ཤེས་སོ། །མི་རྟོག་ལ་ཇི་ལྟར་གསལ་བའི་ཆ་དེ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སོ། །དེ་གཉིས་རང་བཞིན་དབྱེར་མི་ཕྱེད་དབྱིངས་ཡེ་ཤེས་གཉིས་སུ་མེད་པ་ཞེས་བྱའོ། །སྔོན་འགྲོའི་དམ་ཚིག་གསང་བའི་རྡོ་རྗེའོ། །ཞེས་གསུངས་ཏེ། སྔར་ཉམས་སུ་མྱོང་བའི་མཐར་ཐུག་གི་གནས་ལུགས་མཉམ་བཞག་ཟབ་མོ། རྗེས་ཐོབ་རྟོག་པ་དང་བློས་བྱས་དང་བྲལ་བའི་རང་ཤར་དེ་ལ་འོད་གསལ་གྱི་སྣང་བ་སྣ་ཚོགས་སུ་གསལ་བ་དེ་སྤྲུལ་པའི་སྐུ། གསལ་ཡང་བཟུང་བ་དང་འཛིན་པ་དང་བྲལ་བའི་རྟོག་མེད་དེ་ཆོས་སྐུ། གསལ་ལ་རྟོག་པ་མེད་པའི་འོད་གསལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད། ཐབས་བདེ་བ་ཆེན་པོ་དང་དབྱེར་མེད་པར་ཤར་བས་ལོངས་སྐུ། དེ་གསུམ་ཀ་རོ་གཅིག་པས་དབྱེར་མི་ཕྱེད་ཅིང་ཟུང་དུ་ཆུད་པས་མཐར་ཐུག་བདེ་བ་ཆེན་པོའི་སྐུའོ།
།ཡང་ན་ཚིག་གསལ་ལས། རང་ཤར་དུ་བཞག་པའི་དུས་སུ། ཁ་དོག་དང་དབྱིབས་ལ་སོགས་པ་གང་དུའང་མ་གྲུབ་པས་ཆོས་སྐུ་རང་ཤར་མཐར་ཐུག་གོ །ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །སྟོང་པ་སྣ་ཚོགས་སུ་ཤར་བ་སྤྲུལ་སྐུ་རང་ཤར་རོ། །ཡེ་ཤེས་ནི་མེ་ལོང་ལྟ་བུའོ། །བར་གྱི་བདེ་བ་ལོངས་སྐུ་རང་ཤར་མཐར་ཐུག་གོ །ཡེ་ཤེས་ནི་སོ་སོར་རྟོག་པའོ། །དེ་གསུམ་རང་བཞིན་དབྱེར་མི་ཕྱེད་པས། བདེ་བ་ཆེན་པོ་འབྲས་བུ་སྐུ་བཞི་རང་ཤར་མཐར་ཐུག་གོ །ཡེ་ཤེས་ནི་མཉམ་པ་ཉིད་དོ། །སྐུ་བཞིས་ཕྲིན་ལས་ལྷུན་གྲུབ་ཏུ་འབྱུང་བས་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་ཉིད་ལས་རྟོག་མེད་ཀྱི་ཆ་དེ་ཇི་ལྟ་བའི་ཡེ་ཤེས་སོ། །མི་རྟོག་པ་སྣ་ཚོགས་སུ་གསལ་བ་དེ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སོ། །དབྱེར་མི་ཕྱེད་པས་དབྱིངས་ཡེ་ཤེས་གཉིས་སུ་མེད་པ་ཞེས་བྱའོ། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །སྔོན་འགྲོའི་དམ་ཚིག་ནི། དང་པོར་མྱོང་བ་སྐྱེས་པ་རྣམས་ལ་དྲི་བ་ཞིབ་ཏུ་བྱས་ཏེ། འདི་ལྟར་ཡིན་གྱི་ངོ་སྤྲོད་མི་འདེབས་པས་ན་གསང་བའི་རྡོ་རྗེའོ།
།བཞི་པ་བོགས་འདོན་དང་ལམ་ཁྱེར་ལ་སོགས་པ་བསྟན་པ་ལ་གཉིས་ལས།
།དང་པོ་བོགས་འདོན་ནི། བོགས་འདོན་སྙིང་རྗེ་གསོལ་འདེབས། ཅེས་གསུངས་པས། དེ་ལྟར་སྟོང་ཉིད་ཀྱི་དོན་རྒྱུད་ལ་སྐྱེས་ནས། དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་རྩོལ་མེད་དུ་སྐྱེ་ལ། དེ་ཡང་སྟོབས་བསྐྱེད་ཕྱིར་སྙིང་རྗེས་བོགས་འདོན་པ་ལ་གསུལ་ལས།
དང་པོ་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ནི། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་འདི་རྣམས་འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ། བདག་གི་མ་ཡང་ཡང་བྱས་པའི་དྲིན་ཆེན་ཡིན། མ་འདི་རྣམས་འདོད་པ་བདེ་བ་འདོད་ཀྱང་དེའི་རྒྱུ་དགེ་བ་བསྒྲུབ་མི་ཤེས་པ་སྙིང་རེ་རྗེ་སྙམ་དུ་ཡུན་རིང་དུ་བསྒོམ། ཡང་མ་འདི་རྣམས་སྡུག་བསྔལ་མི་འདོད་ཀྱང་། དེའི་རྒྱུ་སྡིག་པ་སྤོང་མི་ཤེས་པས་སྡིག་པའི་འབྲས་བུ་ངན་སོང་གསུམ་གྱི་སྡུག་བསྔལ་དྲག་པོ་མྱོང་དགོས་པའི་སྙིང་རེ་རྗེ་སྙམ་དུ་དྲག་ལ་རྒྱུན་རིང་དུ་བསྒོམས་པས། མིག་ནས་མཆི་མ་འབྱུང་ཞིང་། ལུས་ཀྱི་བ་སྤུ་ལྡང་། ངག་ནས་སྨྲེ་སྔགས་ཀྱི་ང་རོ་སྒྲོགས་པ་ལ་སོགས་པ་སྙིང་རྗེ་ཚད་ལྡན་སྐྱེས་པ་དང་། མ་འདི་རྣམས་ལ་ཅིས་གནོད་ན། སྡུག་བསྔལ་རྒྱུ་འབྲས་གཉིས་ཀྱིས་གནོད་པས། སྡུག་བསྔལ་རྒྱུ་འབྲས་ཐམས་ཅད་བདག་ལ་འདུས་ནས་མ་རྣམས་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་མཐའ་དག་དང་བྲལ་བར་གྱུར་ཅིག །ཅེས་བརྗོད་ཅིང་བྲལ་བར་ཡང་མོས། མ་འདི་རྣམས་ལ་ཅིས་ཕན་ན། དགེ་བ་རྒྱུ་འབྲས་ཀྱིས་ཕན་པས། བདག་གི་བདེ་དགེ་ཐམས་ཅད་མ་རྣམས་ཀྱིས་རྒྱུད་ལ་ཐིམ་ནས། གནས་སྐབས་སུ་བདེ་ཞིང་། མཐར་ཐུགས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག །ཅེས་བརྗོད་ཅིང་། མོས་པར་བྱའོ།
།གཉིས་པ་ཆོས་ལ་དམིགས་པའི་སྙིང་རྗེ་ནི། ཆོས་ཅན་ཐམས་ཅད་སྟོང་ཞིང་བདག་མེད་པ་དང་། ཆོས་ཉིད་རང་བཞིན་གྱིས་འོད་གསལ་ཞིང་རྣམ་པར་དག་པ་ཡིན་པ་ལ། དེ་ལྟར་མ་རྟོགས་པའི་དབང་གིས་སེམས་ཅན་འདི་རྣམས་སྙིང་རེ་རྗེ་སྙམ་དུ་བསྒོམ།
།གསུམ་པ་དམིགས་པ་མེད་པའི་སྙིང་རྗེ་ནི། དེ་ཀའི་མོད་ལ་རང་བབས་གསུམ་གྱི་སྟེང་དུ་བཞག་པས་མི་རྟོག་པའི་བོགས་ཆེན་པོ་འབྱུང་སྟེ།
རྡོ་རྗེ་སྙིང་འགྲེལ་ལས། སེམས་ཅན་ཆོས་དང་དམིགས་པ་མེད། །སྙིང་རྗེ་དེ་ནི་རྣམ་གསུམ་འདོད། །ཞེས་གསུངས་པའི་དོན་ཏེ།
།གཉིས་པ་གསོལ་འདེབས་ཀྱིས་བོགས་འདོན་པ་ནི། དེ་ལྟར་སྟོང་ཉིད་སྙིང་རྗེ་རྒྱུད་ལ་སྐྱེས་ན། དེ་ཀ་བླ་མའི་བཀའ་དྲིན་དུ་ཤེས་ནས། མོས་གུས་དྲག་པོ་རང་ཤུགས་ཀྱིས་འབྱུང་ངོ་། །དེའི་སྟོབས་བསྐྱེད་ཕྱིར་བླ་མའི་རྣལ་འབྱོར་སྔར་བཞིན་བསྒོམ་ལ། ངའི་དཔལ་ལྡན་བླ་མ་དམ་པ་འདིས། འཁོར་བ་དང་ངན་སོང་གི་སྒོ་བཀག །མཐོ་རིས་དང་ཐར་པའི་ལམ་བསྟན། རང་སེམས་དག་པའི་ཆོས་སྐུར་ངོ་སྤྲོད་པས་བཀའ་དྲིན་ཆེ། བཀའ་དྲིན་ཆེ་སྙམ་དུ་ཡང་ཡང་བསམ། དངོས་སུ་འབྱོར་པ་དང་ཡིད་ཀྱིས་སྤྲུལ་པའི་མཆོད་པ་དབུལ་ཞིང་། ཚོགས་གསོག་ཅི་འགྲུབ་བྱས་ལ། ད་ནི་བླ་ན་མེད་པའི་བྱང་ཆུབ་མ་ཐོབ་བར་དུ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་བཀའ་དྲིན་ཅན་ཁྱེད་མིན་པ་རེས་གཞན་ན་མེད་པས་ཐུགས་རྗེ་བཟུང་ཅིག །ཅེས་བརྗོད་ཅིང་སྒོ་གསུམ་ཚོགས་པ་གཅིག་ཏུ་དྲིལ་བའི་གསོལ་འདེབས་ཤིན་ཏུ་དྲག་པ་མིག་ནས་མཆི་མ་འབྱུང་ཞིང་ལུས་ཀྱིས་ཟུངས་མི་ཐུབ་པ་བྱུང་བྱུང་གི་བར་བྱས་ལ་ཚད་དུ་ཕྱིན་པ་དང་། བླ་མའི་སྐུ་སྤྱི་བོ་ནས་ཐིམ་སྟེ་རང་གི་སེམས་དང་དབྱེར་མེད་དུ་གྱུར་པའི་ངང་དུ། རང་བབས་གསུམ་དུ་གློད་པས། མོས་གུས་དང་བསྟུན་པའི་བོགས་འབྱུང་བར་འགྱུར་རོ།
།གཞན་ཡང་། ཚིག་གསལ་ལས་བོགས་འདོན་གསུམ་ནི།
ལྷ་སྐུ་གསལ་སྟོང་རླུང་དང་བསྲེ། །རྣམ་རྟོག་མ་རིག་འགག་པར་འགྱུར། །ཅེས་གསུངས་པས། རང་བདེ་མཆོག་ཡབ་ཡུམ་གྱི་སྐུ་གསལ་ལ་དངས་པ། བར་སྣང་གི་འཇའ་ཚོན་ལྟ་བུར་བསྒོམས་པའི་ངང་ནས། འཇམ་རླུང་ཅི་ཐུབ་བཟུང་ཞིང་བསྒོམ་པའོ།
ཡང་ ཐ་མལ་ཤེས་པ་རླུང་དང་བསྲེ། །ཉམས་མྱོང་ཡར་ངོ་བཞིན་དུ་འགྱུར། །ཅེས་པ་ནི། རང་བབས་གསུམ་གྱི་སྟེང་ནས་འཇམ་རླུང་ཅི་ཐུབ་བཟུང་ལ་བསྒོམས་པས་བོགས་ཆེར་འབྱུང་ངོ་།
ཡང་ འོད་གསལ་ལྷ་སྐུ་རླུང་དང་བསྲེ། །མཐར་ཐུག་འབྲས་བུ་མྱུར་ཐོབ་འགྱུར། །ཅེས་པ་ནི། གོང་མ་གཉིས་ལ་བརྟན་པ་ཐོབ་ནས། མི་རྟོབ་པའི་ངང་ནས་ཡེ་ཤེས་ལྷའི་སྐུ། རྒྱ་ཆད་ཕྱོགས་རིས་མེད་པ་རྟོག་མེད་མངོན་སུམ་འཆར་བ་འབྱུང་སྟེ། དེ་ནི་མཐར་ཐུག་གི་གནས་ལུགས་ཡིན་པས། དེ་ལ་རྒྱུན་དུ་བསྒོམས་ན་རང་དོན་ཆོས་སྐུ་མྱུར་དུ་ཐོབ་སྟེ།
རང་ཤར་ངོས་བཟུང་བྱ། ཐག་བཅད་ངེས་ཤེས་བསྐྱེད། ཡེངས་མེད་ཆུ་བོ་བརྟེན། ཚད་མེད་གཉིས་ལ་འབད། ཡར་ངོ་བཞིན་དུ་འགྱུར། ལོ་ཟླས་མཐར་ཕྱིན་ནོ། དམ་ཚིག་ལ་ཡིད་གཉིས་སྤང་བར་བྱའོ། །ཅེས་གསུངས་པས་ཐེ་ཚོམ་དང་ཡིད་གཉིས་སྤང་བར་བྱའོ།
།གཉིས་པ་ལམ་ཁྱེར་ལ་སོགས་པ་བསྟན་པ་ལ་བཞི་ལས།
དང་པོ་ལམ་ཁྱེར་ནི། ལམ་ཁྱེར་ཅི་སྣང་དེ་ཉིད་དོ། །ཅེས་གསུངས་པས་རྗེས་ཐོབ་ཀྱི་གནས་སྐབས་སུ། སྒོ་ལྔའི་ཡུལ་དུ་ཅི་ཤར་གྱི་སྟེང་དུ་སྔར་བཞིན་འཛིན་མེད་དུ་བཞག་པས། དེ་ཉིད་གསལ་སྟོང་འཛིན་མེད་དུ་འཆར་སྟེ།
མངོན་དུ་གྱུར་པའི་ཚད་ནི། མངོན་གྱུར་བསྒོམ་མེད་ཡེངས་མེད་དོ། །ཞེས་གསུངས་པ་ཡིན་ནོ།
།གཉིས་པ་བསྲེ་བ་ནི། བསྲེ་བ་རྟོག་མེད་ལམ་ཁྱེར་རོ། །ཞེས་གསུངས་ཏེ། ལུས་སེམས་ཀྱི་སྟེང་དུ་ནད་དང་སྡུག་བསྔལ་ལ་སོགས། ཚོར་བ་སྡུག་བསྔལ་བ་དང་། འདོད་དོན་གྱ་ནོམ་པས་གཡེངས་བ་ལ་སོགས་པ། ཚོར་བ་བདེ་བ་ལམ་དུ་འགྱུར་དཀའ་འབྱུང་བའི་དུས་སུ། དེ་རྣམས་ཐམས་ཅད་འཁྲུལ་པའི་རྣམ་རྟོག་ཡིན་པར་ངོ་ཤེས་པར་བྱས་ལ། གནས་ལུགས་ལ་བདེན་པར་མེད་པར་ཐག་བཅད་དེ། ནད་དང་སྡུག་བསྔལ་ལ་སོགས་པ་གང་ཡིན་གྱི་སྟེང་དུ་རྟོག་མེད་དུ་བཞག་པས། གསལ་ཞིང་སྟོང་པའི་ཏིང་ངེ་འཛིན་རྒྱུད་ལ་ཉམས་སུ་མྱོང་བས་ལམ་དུ་ཁྱེར་རོ།
།གསུམ་པ་གཉིད་འོད་གསལ་དང་བསྲེ་བས་བོགས་འདོན་པ་ནི། འོད་གསལ་ལྟ་སྟངས་བོགས་འདོན་ནོ། །སད་རྗེས་གསལ་ལ་འཛིན་མེད་བསྲེ། །ཅེས་གསུངས་ཏེ། སྔར་གོང་དུ་བསྟན་པ་ལྟར། གཉིད་ལོག་དུས་མིག་སྤགས་པའི་འོག་ན་ལྟ་སྟངས་ལ་རྩེ་གཅིག་ཏུ་བཞག་པས། གཉིད་སོང་བ་ཡིན་བྱས་པས། གསལ་ཞིང་དྭངས་ལ་རྟོགས་པ་ཐམས་ཅད་དང་བྲལ་བ། མ་སོང་བ་ཡིན་བྱས་པས་སད་རྒྱུ་ཡོད་ཅིང་། སད་པ་དང་ནག་ཐིབས་ཀྱིས་འགྲོ་བ་འབྱུང་སྟེ། དེ་ལ་སད་མ་ཐག་ཏུ་མིག་ལྟ་སྟངས་དང་ལྡན་པས། སྔར་གཉིད་དུས་སུ་ཉམས་སུ་མྱོང་བ་ལྟར་གསལ་ལ་རྟོག་པ་མེད་པར་བསྲེས་པས། ཉིན་མཚན་གཉིས་ཀྱི་འོད་གསལ་གཅིག་གིས་བོགས་ཐོན་པར་འགྱུར་རོ།
།བཞི་པ་བར་དོའི་འོད་གསལ་བཟུང་བ་ནི། ཉིན་མཚན་བར་དོའི་འོད་གསལ་ནི། །སྐུ་གསུམ་དབྱེར་མེད་རང་ཤར་ལྟོས། །ཞེས་གསུངས་ཏེ། ཉིན་པར་དང་གཉིད་ཀྱི་འོད་གསལ་ཟིན་ཅིང་བརྟན་ནས། ནམ་འཆི་བ་བྱུང་བའི་ཚེ། འབྱུང་བའི་ཐིམ་འགྲོས། ས་འོད་གསལ་དུ་ཐིམས་པས་དུ་བ། ཆུ་འོད་གསལ་དུ་ཐིམ་པ་སྨིག་སྒྱུ། མེ་འོད་གསལ་དུ་ཐིམ་པས་སྲིན་བུ་མེ་ཁྱེར། རླུང་འོད་གསལ་དུ་ཐིམ་པས་མར་མེ། ནམ་མཁའ་འོད་གསལ་དུ་ཐིམ་པས་སྤྲིན་མེད་པའི་ནམ་མཁའ་དྭངས་པ་འབྱུང་སྟེ། དེ་རྣམས་རང་སེམས་འོད་གསལ་ཆོས་སྐུར་ངོ་ཤེས་པ་ལ་སེམས་བཟུང་བས། མཐར་རྣམ་པ་ཐམས་ཅད་པའི་འོད་གསལ་རྒྱ་ཆད་ཕྱོགས་ལྷུང་མེད་པར་ཤར་བས། རང་དོན་དུ་ཆོས་སྐུ་སྐྱེ་བ་མེད་པ་ཐོབ། གཞན་དོན་དུ་གཟུགས་སྐུ་གཉིས་འགག་མེད་དུ་འབྱུང་སྟེ། སྐུ་གསུམ་དབྱེར་མེད་རང་ཤར་དུ་བྱུང་ནས། འབད་རྩོལ་མེད་བཞིན་འཁོར་བ་སྲིད་དུ་གཞན་དོན་རྒྱ་ཆེན་པོ་འབྱུང་བ་ལྟོས་ཤིག
།ལྔ་པ་འཇུག་གི་དོན་བསྟན་པ་ལ་ལྔ་ལས།
དང་པོ་གོང་གི་དོན་དེ་བསྡུས་རྒྱུད་ཀུན་ཏུ་སྦས་པ། འདིར་ཚིག་གཅིག་གིས་གསལ་བའི་མན་ངག་བསྟན་པ་ནི། གང་གིས་མི་ཤེས་རྒྱུད་དུ་སྦས་པའི་དོན། །མཐར་ཐུག་ཚིག་གཅིག་གྲོལ་བ་འདི་ཡིན་ཏེ། །བསྒོམ་མེད་ཡེངས་མེད་གོམས་ཤིང་བརྟན་པ་ལས། །ས་ལམ་རིམ་པ་དུས་འདིར་བགྲོད་བྱེད་དེ། །ཡིད་ལ་མི་བྱེད་སྒྲིབ་གཉིས་རང་སར་དག །སྐུ་གསུམ་རང་ཤར་འབྲས་བུ་ལྷུན་གྱིས་གྲུབ། །ཞེས་གསུངས་ཏེ། སྐྱེས་བུ་གང་གིས་སྒྲ་ཚད་ལ་སོགས་པས་བརྟག་ཀྱང་མི་ཤེས་པས། བསྡུས་བརྒྱུད་ཀུན་ཏུའང་སྦས་པའི་དོན་མཐར་ཐུག་པ། ཚིག་གཅིག་གིས་གྲོལ་བའི་མན་ངག་ནི། ཉམས་སུ་ལེན་དུས་བསྒོམ་རྒྱུ་རྡུལ་ཙམ་ཡང་མེད། ཡེངས་སུ་སྐད་ཅིག་ཀྱང་མེད་པ་ལ། རྩེ་གཅིག་ཏུ་གོམས་ཤིང་བརྟན་པ་ལས་ས་བཅུ་དང་ལམ་ལྔའི་རིམ་པ་རྣམས་འགྲོད་པར་བྱེད་དེ། རྣམ་རྟོག་གི་མཚན་མ་གང་ཡང་ཡིད་ལ་མི་བྱེད་པའི་ལམ་གྱིས། ཉོན་མོངས་དང་ཤེས་བྱའི་དྲི་མ་གཉིས་རང་སར་དག་ནས་གོང་དུ་བསྟན་པའི་སྐུ་གསུམ་རང་ཤར་དུ་འབྱུང་སྟེ། འབྲས་བུ་ལྷུན་གྱིས་གྲུབ་པ་ཐོབ་བོ།
།གཉིས་པ་དེ་བླ་མ་དམ་པའི་དྲིན་ལས་རྟོགས་པར་བྱ་ཚུལ་ནི། མདོ་བརྒྱུད་ཀུན་ཏུ་དུ་བསྟན་ཡང་རང་བཞིན་གབ། །བླ་མའི་བྱིན་རླབས་ཞལ་ལས་ཤེས་པར་བྱའོ། །ཅེས་གསུངས་ཏེ། མདོ་རྒྱུད་ཀུན་ཏུ་བསྟན་ཀྱང་རང་བཞིན་ཟབ་མོ་བརྡའ་སྣ་ཚོགས་ཀྱིས་སྒྲིབས་པས་གབ་པ་སྟེ། རྩ་རྒྱུད་ཟབ་མོ་དད་པ་བཅུ་པའི་འགྲེལ་པའི་མན་ངག་དང་ལྡན་པའི་བླ་མ་དམ་པའི་བྱིན་རླབས་དང་ཞལ་ལས་རྟོགས་པར་བྱའོ།
།གསུམ་པ་གཞི་དྲི་མ་ལམ་འབྲས་བུ་ངོས་བཟུང་སྟེ་དུག་ལྔ་མངོན་གྱུར་དྲག་པོ་སྤང་བའི་ཐབས་ནི། ཆོས་སྐུའི་ནམ་མཁར་རྟོགས་པའི་སྤྲིན་ཚོགས་ལས། །དུག་ལྔའི་གློག་འགྱུ་ཡེ་ཤེས་ཆེན་པོར་ལྟོས། །ཅེས་གསུངས་ཏེ། ཆོས་སྐུའི་ནམ་མཁར་ཅེས་པས། རང་བཞིན་གྱིས་གནས་པའི་རིགས་སེམས་ཀྱི་འོད་གསལ་ནི་ཆོས་ཀྱི་སྐུ་གཞིའི་གནས་ལུགས་སུ་བསྟན། རྟོག་པའི་སྤྲིན་ཚོགས་ལས། ཅེས་པས། དེ་ལ་སྒྲིབས་པའི་དྲི་མ་རྣམ་པར་རྟོག་པའི་ཚོགས་བསྟན། དུག་ལྔའི་གློག་འགྱུ་ཅེས་པས། གང་ཤིན་ཏུ་མི་བཟད་པའི་དུག་ལྔ་མངོན་གྱུར་པ་བསྟན་ཡེ་ཤེས་ཆེན་པོར་ལྟོས། ཅེས་པ། ལམ་དང་འབྲས་བུའི་ཡེ་ཤེས་གཉིས་བསྟན་ཏེ། དེ་ལ་ལམ་གྱི་ཡེ་ཤེས་ནི། སྔར་བསྟན་པའི་ལམ་ཞི་གནས་དང་ལྷག་མཐོང་ཟུང་འབྲེལ། སྤང་བྱ་སྤོང་བའི་ནུས་པ་དང་ལྡན་པ་དེ་ཡིན། འབྲས་བུའི་ཡེ་ཤེས་ནི། ལམ་དེས་བློ་བུར་གྱི་དྲི་མ་མཐའ་དག་གསལ་བའི་གཞིའི་རང་བཞིན་དུ་གྱུར་པའི་ཡེ་ཤེས་ཆེན་པོར་ལྟོས་ཤིག་ཅེས་པའོ། །འདི་ལ་བརྟེན་པའི་མན་ངག་ཟབ་མོ་ནི་ཞལ་ལས་ཤེས་པར་བྱའོ།
།བཞི་པ་དེ་ལྟ་བུའི་ཆོས་ལ་ཕྱག་འཚལ་བ་ནི། ཡིད་ལ་མི་བྱེད་རེ་དོགས་ཀུན་བྲལ་བའི། །ཐ་མལ་ཤེས་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ནི་གོ་སླའོ། །རང་ཤར་ཕྱག་རྒྱ་ཆེན་པོ་རྡོ་རྗེའི་ཚིག་རྫོགས་སོ། །ཅེས་པ་ནི་གཞུང་རྫོགས་པའི་ཐ་ཚིག་གོ
།ལྔ་པ་བླ་མ་མཉེས་པར་བྱས་པའི་ཚུལ་བསྟན་ནས་འགྱུར་བྱང་སྨོས་པ་ནི། མཁའ་འགྲོ་མ་དེ་ཉིད་ལ་མཉེས་པར་བྱས་ཏེ། གསེར་སྲང་ལྔ་བརྒྱ་ཕུལ་ནས་ཞུས། ལོ་ཙ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བའོ། །ཅེས་གསུངས་པ་ནི། མཁའ་འགྲོ་ནི། ཡེ་ཤེས་ཀྱི་མཁའ་འགྲོ་ནཻ་གུ་མ་ལས། གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར་པས། གསེར་སྲང་ལྔ་བརྒྱ་ཕུལ་ནས་ཞུས་ཏེ། མོས་གུས་དང་ཉམས་ལེན་གྱིས་མཉེས་པར་བྱས་ནས། དེ་ཉིད་དང་ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་ཏེ། བོད་ཡུལ་དུ་གདན་དྲངས་ནས་སྐལ་བ་དང་ལྡན་པའི་སློབ་མ་མཉམ་མེད་རྨོག་ལྕོག་པ་ཆེན་པོ་ལ་༼ཆིག་བརྒྱུད་དུ་༽གདམས་པའོ།
།ཟབ་ཅིང་རྒྱ་ཆེ་མདོ་རྒྱུད་སྙིང་པོའི་དོན། ཉམས་སུ་བླང་ཚུལ་རྡོ་རྗེའི་ཚིག་གིས་ནི། །མདུད་པ་འགྲོལ་བར་བྱེད་པའི་འགྲེལ་པ་འདིའང་། །བཤེས་གཉེས་དཔལ་ལྡན་གྲགས་པའི་གསུང་གི་ངོར། །སངས་རྒྱས་དཔལ་གྱིས་ལྐུགས་ལུང་དགོན་པར་བྲིས། །དགེ་བས་འགྲོ་ཀུན་འདི་དོན་རྟོགས་པར་ཤོག།