Chos drug gi 'grel pa bdud rtsi rgya mtsho
Resource ID | SCv8p389 |
---|---|
Title | chos drug gi 'grel pa bdud rtsi rgya mtsho |
Topics | Six doctrines of Niguma |
Sub-Topics | Commentary |
Author | Gyeltsen Bum, Yeshé ... Gyeltsen ? |
Link | BDRC W23922 |
Notes | For another version of this text : ye shes mkha' 'gro chos drug gsal sgron |
༄༅། །ཆོས་དྲུག་གི་འགྲེལ་པ་བདུད་རྩི་རྒྱ་མཚོ་བཞུགས་སོ།།
བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ།
།ལྷག་པའི་ལྷ་ཡི་གཙུག་གི་རྒྱན། །དབང་གི་རྒྱལ་པོའི་ཅོད་ཕན་ཅན། །དུ་གསུམ་སངས་རྒྱས་བླ་མ་ཡི། །ཞབས་པད་དྲི་མེད་སྤྱི་བོས་བླངས། །མཁའ་འགྲོའི་གསང་ཚིག་བླ་མ་ཡི། །གསུང་བཞིན་དབྲི་བསྣན་མེད་པར་བྲི།
།དེ་ལ་སངས་རྒྱས་རྡོ་རྗེ་འཆང་ཆེན་གྱིས། ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ་ལ་གསུངས་པའི་སྙན་བརྒྱུད་ཞལ་གྱི་གདམས་པ་འདི་ལ་དྲུག་སྟེ། ཐབས་ལམ་བདེ་དྲོད་རག་འབར། སྒྱུ་ལུས་ཆགས་སྡང་རང་གྲོལ། རྨི་ལམ་ཉིང་འཁྲུལ་རང་དག །འོད་གསལ་གཏི་མུག་རང་སངས། འཕོ་བ་མ་བསྒོམས་སངས་རྒྱས། བར་དོ་རྒྱལ་བ་ལོངས་སྐུའོ།།
དང་པོ་ཐབས་ལམ་ལ་གསུམ་སྟེ། སྔོན་འགྲོ། དངོས་གཞི། རྗེས་སོ།
དང་པོ་ལ་གསུམ་ལས་དང་པོ་དག་བྱེད་ཨའི་སྟོན་ར་ནི། །སེམས་བསྐྱེད་སྔོན་དུ་སོང་བས་རང་གི་སྤྱི་བོར་པད་ཟླའི་སྟེང་དུ་བླ་མ་བསྒོམས་ལ་ བླ་མ་རིན་པོ་ཆེ་བདག་གི་ནད་གདོན་ཞི་བར་མཛད་དུ་གསོལ། །སྡིག་སྒྲིབ་དག་པར་མཛད་དུ་གསོལ། །ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་ལ། །རང་གི་སྨིན་ཕྲག་གི་ནང་དུ་ཆོས་འབྱུང་དཀར་པོ་གྲུ་གསུམ་རྩ་བ་ཕྲ་བ་ཐུར་དུ་མགྲིན་པའི་ནང་ན་མར་ཟུག་པ། །ཕྱི་ནང་ཐམས་ཅད་དཀར་སང་ངེ་བའི་ནང་དུ་ཨ་དཀར་པོ་འོད་ཀྱི་རང་བཞིན་ཅན་གཅིག་བསམས་ལ། ངག་ཏུ་ཨ་ཨ་ཞེས་ཅི་རིགས་པ་བརྗོད་པས། ཨ་ལས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་བྱུང་བས་ཆོས་འབྱུང་ཁེངས་ནས། །ལུས་ཀྱི་ཕྱི་ནག་གནིས་ཀ་ན་མར་སོང་བས་ནད་གདོན་སྡིག་སྒྲིབ་ཐམས་ཅད་བཤང་ལམ། ཆུ་སོ། སེར་མོའི་བཀྲག །བ་སྤུའི་བུ་ག་ཐམས་ཅད་ན་མར་ཐལ་བའི་རི་བོ་ལ་ཕུ་ཆུ་དྲག་པོ་བབ་པ་བཞིན། ནག་ནུ་རུ་རུ་ཐོན་པོས། དྲི་མ་ཐམས་ཅད་སངས་དག་ནས། ལུས་ཐམས་ཅད་ཁྲུ་མ་ཕུས་བཏབ་པའམ། ཤེལ་གོང་གཡའ་དག་པ་ལྟ་བུ་ཕྱི་གསལ་ནང་གསལ་དུ་བསམ། སྐབས་སུ་སྔར་བཞིན་བསྐྱར་ཞིང་དག་རྒྱས་བཏབ་ལ། མཉམ་རྫེས་ཐམས་ཅད་དུ་ཉམས་སུ་བླང་ངོ་། དེས་སྡིག་སྒྲིབ་དང་དམ་ཚིག་གི་ཉམས་ཆག་དང་དཀོར་སྐུ་ལུས་དང་བསྐུར་པ་བཏབ་པ་དང་གྲིབ་ལ་སོགས་པ་ཐམས་ཅད་དག་པར་འགྱུར་རོ།
།གཉིས་པ་སྟོང་ར་ནད་གདོན་སེལ་བྱེད་ནི། ཚ་བའི་ནད་ལ་བདུད་རྩི་ཁ་དོག་དཀར་ལ་རེག་བྱ་བསིལ་བ་ག་བུར་གྱི་ཆུ་རྒྱུན་ལྟ་བུ། གྲང་སི་ལི་ལི་བྱུང་བས་ཚད་པའི་ནང་ཐམས་ཅད་ཞི་བྲ་བསམ། གྲང་བ་ལ་བདུད་རྩི་ཁ་དོག་དམར་ལ་རེག་བྱ་ཚ་བ་ཟངས་ཞུན་ལྟ་བུའི་ཆུ་རྒྱུན་ཚ་ཆིལ་ལི་ལི་བྱུང་བར་བསམ། རླུང་ལ་ངོ་བོ་བདུད་རྩི་ལ་རྣམ་པ་ཞུན་མར་ལྟ་བུ་བཅུད་ཅན་བྱུང་བར་བསམ། གདོན་ལ་ངོ་བོ་བདུད་རྩི་ལ་རྣམ་པ་ཁྲོ་ཆུང་ལྟ་བུ་མང་པོ་བྱུང་བས། གདོན་ཐམས་ཅད་འབུ་སྲིན་ལ་སོགས་པ་སྲོག་ཆགས་ཀྱི་རིགས་མང་པོར་ཕྱིར་དེད་པར་བསམ་མོ།
གསུམ་པ་རྟགས་གསུམ་སྟོང་རའི་ཁྱད་པར་ནི། འཁྲུ་སྐྱུག་དང་ཁྲུས་བྱེད་པ་དང་གོས་དཀར་པོ་གྱོན་པ་དང་འཕུར་བ། ཉི་ཟླ་ཤར་བ་ལ་སོགས་པ་ནི་སྒྲིབ་པ་ཟད་པའི་རྟོགས་སོ། ལུས་ལ་རྔུལ་དང་ཆུ་སེར་དང་ནད་ཀྱི་ཁ་རླངས་སྔོ་མར་དུ་ཐོན་པ་དང་རྣག་ཁྲག་འཛག་པ་ནི་ནད་དོན་པའི་རྟགས་སོ། གྲོག་སྦུར་ལ་སོགས་པ་སྲོག་ཆགས་ཀྱི་རིགས་མང་པོ་ཐུན་པ་ནི་གདོན་དོན་པའི་རྟགས་ཏེ། དངོས་སམ་རྨི་ལམ་དུ་ཅི་རིགས་པ་འབྱུང་ངོ་།།
།དངོས་གཞི་ལ་ལྔ་ལས།
།དང་པོ་ལུས་གནད་མེའི་སྟོང་ར་ནི། སེམས་བསྐྱེད་སྔོན་དུ་སོང་བས། རང་སྐད་ཅིག་གིས་རྗེ་བཙུན་མར་བསྐྱེད་པའི་སྤྱི་བོར་པད་ཉིའི་སྟེང་དུ་བླ་མ་བསྒོམ་ལ། བླ་མ་རིན་པོ་ཆེ། བདག་ལ་བདེ་དྲོད་ཀྱི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། བདེ་སྟོང་གི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། ཞེས་གསོལ་བ་གདབ། རླུང་རོ་ལན་གསུམ་ཕྱིར་གསལ། རླུང་ལོག་དང་ཁམས་འདུས་མི་འོང་བའི་དགོས་པ་ཡོད། དེ་ནས་རྐང་པ་སྐྱིལ་ཀྲུང་སྒལ་ཚིགས་བསྲང་། མགྲིན་པ་དགུག །ལག་མཐིལ་གཉིས་པུས་མོ་གཉིས་ཀྱི་ཁར་བཞག་ལ། རང་ལུས་ཕྱི་རྗེ་བཙུན་མའི་རྣམ་པ་ལ་ནང་མེ་མར་མུར་གྱི་འོབས་རྫ་མ་དམར་ལྷང་བསྲེགས་པ་ལྟ་བུ་ཁོང་སྟོན་ཁ་དོག་དམར་ལ་རེག་བྱ་ཚ་བར་བསམ། ཁོང་པའི་ནང་ལྟེ་བའི་ཐད་ཀའི་ཕྱོགས་བཞིར་མེ་ངང་པའི་སྒོ་ང་ཙམ་ས་གཞི་མགར་གྱི་སོལ་ལམ་ལྟ་བུ་མེ་འབར་ལ་ཁད་པ་མ་འབར་ཙམ་ལ་སེམས་གཏད་པས། རླུང་ཁ་སྦྱར་ལ་ཐུབ་ཚད་བཟུང་ངོ་། །མ་ཐུབ་ན་དབུགས་དལ་བུས་བཏང་ཞིང་བསྒོམ་མོ།
།འདིར་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་གསང་བ་འདུས་པ་ལྷ་སོ་གཉིས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་མ་ཧཱ་མ་ཡ་ལྷ་སོ་ལྔ། སྙིང་ཁ་ཆོས་ཀྱི་འཁོར་ལོ་དགྱེས་པ་རྡོ་རྗེ་ལྷ་དགུ། ལྟེ་བ་སྤྲུལ་པའི་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་བཞིའི་ངོ་བོར་བསམ། སྤྱི་བོར་ཧཾ་བླ་མ་རྡོ་རྗེ་འཆང་ལྟེ་བའི་ཨ་རྡོ་རྗེ་ཕག་མོར་གྱུར་སྤྱི་བོའི་བླ་མ་དང་སྙོམས་པར་ཞུགས། ལྟེ་འོག་ཏུ་ཚེ་དཔག་མེད་མཚོན་གང་བ་ལས་མེ་འོད་བྱུང་བས་བླ་མ་ཡབ་ཡུམ་ལ་ཕོག་པས། དེ་གཉིས་ཀྱི་སྦྱོར་མཚམས་ནས་བདེ་ཆེན་གྱི་འོད་ཟེར་དཔག་ཏུ་མེད་པ་སྤྲོས། སེམས་ཅན་སངས་རྒྱས་སུ་བྱས་པ་དང་གྲུབ་ཟིན་གྱི་སངས་རྒྱས་རྣམས་བླ་མ་ཡབ་ཡུམ་ལ་བསྡུས། དེ་ལས་བྱུང་བའི་བདུད་རྩི་བབས་པས་ལུས་དང་ཚེ་དཔག་མེད་ཀྱི་སྐུ་གང་། སྐུ་དེའི་འོད་ཀྱིས་ལུས་དང་སྟོང་གསུམ་ཐམས་ཅད་གང་བའི་འབར་འཛག་བསྒོམ།།
གཉིས་པ་གཏུམ་མོ་ཟས་སུ་ཟ་བ་ནི། །རང་རྗེ་བཙུན་མ་བསྐྱེད་པའི་སྤྱི་བོར་བླ་མ་བསྒོམས་ལ། །གསོལ་བ་གོང་བཞིན་བཏབ། །རླུང་རོ་ལན་གསུམ་ཕྱིར་བསལ། །དེ་ནས་རྐང་ལག་བསྣོལ། ལག་པ་ཉ་ཤ་ལ་འཁྱུད། གྲུ་མོ་གཉིས་པུས་མོ་གཉིས་ཀྱི་ཁར་བཞག །སྒལ་ཚིགས་བསྲང་། མགྲིན་པ་དགུག་ལ། རྩ་དབུ་མ་ཡར་རྩེ་ཚངས་བུག །མར་སྣ་གསང་གནས། རྩ་རོ་རྐྱང་གཉིས་ཡར་རྩེ་སྣ་སྒོ་གཉིས། མར་སྣ་ལྟེ་འོད་སོར་བཞིར་ཟུག་པའོ། །གསང་གནས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ལྟ་བུའི་སྟེང་དུ་རཾ་དམར་པོ་རིལ་མ་ཙམ་གཅིག་བསམ། དེ་ནས་རླུང་གཉིས་ཁ་སྦྱར་བས་ཡམ་ལས་རླུང་གཡོས། རམ་ལས་མེ་སྒྲ་དང་བཅས་པ་འབར་ཏེ་དབུ་མ་ན་ཡར་སོང་བས་ཁོང་པ་ཁེངས་པར་བསམས་ནས། མེ་དེའང་ནས་སམ། གཟུགས་མོ་བྱི་དུར་ལྟར་རྩ་བ་ཕྲ་བ། སྐེད་པ་ལྡིར་བ། རྩེ་མོ་རྣོ་བ་མགྲིན་པར་སླེབ་པ། ཁྱད་པར་དུ་རཾ་གྱིས་མེ་འབར་བ་ལ་སེམས་གཏད་ལ། ལག་པ་བསྣོལ་ལ་རྐང་པའི་མཐེ་བོང་གཉིས་ནས་བཟུང་ལ། ལུས་ཀྱི་ལས་སུ་དཀྲུག་འཁོར་ངག་གི་ལས་སུ་རླུང་བཟུང་བ། སེམས་ཀྱི་ལས་སུ་མེ་འབར་བཞིན་པ་ལ་དམིགས་པ་གཏད་ལ་བསྒོམ་མོ། སྐབས་སུ་སྔར་གྱི་ལུས་གནད་ཀྱི་སྟེང་ནས་ངལ་བས་སོ། རྔུལ་བྱུང་ན་ཐོ་རང་ཀྱི་དྲི་ཆུ་སྫ་སོ་མར་བཏང་ལ་གྲངས་སུ་བཅུག་ལ་བཀུའོ། ལྕི་ཐལ་འཇམ་པོ་ཡང་བཀུའོ།
གསུམ་པ་གོས་སུ་གྱོན་པ་དང་།
བཞི་པ་སྟན་དུ་འདིང་བ་ནི། ནུབ་མོ་ཉལ་བའི་ཚེ་མལ་ཐག་ཐུང་བ། སྔས་ཅུང་ཟད་མཐོ་བ། རྐང་པ་སྟན་གཅིག་ལ་གཏད་ལ་པུས་བྲང་སྦྱར། མགོ་ཅུང་ཟད་བཀྲུག་ལ་དབུགས་ཤ་ཕྲག་ན་མར་འགྲོ་བར་བྱ། མཐིལ་བཞི་མེའི་དཀྱིལ་འཁོར་ཡིན་པས་ལག་པ་བསྣོལ་བའི་མཐིལ་གྱིས་མཆན་འོག་གི་མཁལ་མ་གྲང་པ་ཆུའི་རྩ་གཉིས་ལ་དགབ། རྐང་པའི་སྒྱུ་མོ་ཁུང་གཅིག་གིས་གཅིག་གིས་བོལ་གོང་མནན། གཞོགས་གང་བདེ་འོག་ཏུ་བཅུག་ལ་ཁྱི་ཉལ་སྒོར་མོ་བྱ་སྟེ། གོང་གི་དམིགས་པ་དང་ལྡན་པས་རླུང་བག་ཙམ་བཟུང་ངོ་།
ལྔ་པ་སྲིད་པའི་དབང་ཞུ་བ་ནི། རང་གི་སྤྱི་བོར་པད་ཟླའི་སྟེང་དུ་བླ་མ་སྐུ་མདོག་དཀར་པོ་འོད་ཀྱི་རང་བཞིན་ཅན་འཛུམ་པའི་མདངས་དང་ལྡན་པ་གཅིག་བསྒོམས། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་འོད་ཟེར་གྱི་རྣམ་པར་བཀུག་ནས་བླ་མ་ལ་བསྟིམ། དེ་ལ་མཆོད་པ་ཕུལ་ལ་དབང་བཞི་རྫོགས་སུ་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མའི་སྐུ་ལུས་དང་ཟླ་བའི་གདན་ལས་འོད་ཟེར་རེ་རེ། བདུད་རྩིའི་ཆུ་རྒྱུན་དཀར་པོ་བྱུང་ཚངས་བུག་ནས་ཞུགས་སྤྱི་བོར་སླེབ་པས། ལུས་ཀྱི་སྡིག་སྒྲིད་དག་བུམ་དབང་ཐོབ། མགྲིན་པར་ངག་གི་གསང་དབང་། སྙིང་གར་ཡིད་ཀྱི། ཤེས་རབ་ཡེ་ཤེས་སོ། ལྟེ་བར་སླེབ་པས་ཀུན་གཞི་ལ་ཡོད་པའི་སྒྲིབ་པ་བག་ཆགས་དང་བཅས་པ་དག་ནས་དབང་བཞི་ཐོབ་པའོ། དེས་སྐུ་བཞི་ཐོབ་པར་བསམ་མོ། དབང་བཞི་དེ་ཉིད་ཐབས་ལམ་བསྒོམས་པའི་རྫེས་ལ་མ་ཆག་པས་བླང་ངོ་། དེས་ཉམས་སྒྲིབ་དང་དམ་ཚིག་གི་ཉམས་ཆག །ལ་སོགས་པ་གེགས་ཐམས་ཅད་དག་ནས། ཏིང་ངེ་འཛིན་མ་སྐྱེས་པ་སྐྱེ་བ་དང་། སྐྱེས་པ་བརྟན་པ་དང་། བོགས་ཐོན་པར་འགྱུར་རོ།
སུ་ཀ་མས་ལྟེ་བའི་དྷུ་ཏིའི་ནང་དུ་པདྨ་འདབ་བཞི་ལྟེ་བ་ནག་པོ་ལ་རྣམ་ཤེས་ཀྱི་ངོ་བོ་ཨ་དཀར་པོ་འོད་འཕྲོ་བ། མདུན་དུ་འདབ་མ་དང་ཧ་སྔོ་སྐྱ། གཡས་སུ་འདབ་མ་དང་རི་དམར་པོ། དབུས་སུ་འདབ་མ་དང་ནི་དཀར་པོ། གཡོན་དུ་འདབ་མ་དང་ས་སེར་པོ། གོང་རས་ལྗང་མུ་ཁྱུད་ནག་པོ་ཨའི་མེ་འོད་ཀྱི་ཡི་གེ་རྣམས་འབར་པདྨ་འཁོར་བར་བསམ་ལ་ཧ་རི་ནི་ས་བཟླའོ།
རྗེས་ལ་གཉིས་ལས།
དང་པོ་གེགས་རང་གྲོལ་ནི། དེ་ལྟར་བསྒོམས་པས་སྟོད་གེགས་སྙིང་མི་དགའ་བ་དང་། ཤེས་པ་འཕྱོ་བ་དང་རོ་སྟོད་ན་བ་ལ་སོགས་པ་བྱུང་ན། གང་ན་སར་བུ་ག་ལྕག་ཚགས་ཀྱི་མིག་ལྟ་བུ་འམ། ཡང་ན་མདུན་རྒྱབ་ཏུ་རིན་ཆེན་འབར་བའི་མིག་ལྟ་བུ་བསམས་པའི་ནང་ན་ཡར་ནད་གདོན་ཐམས་ཅད་དུད་པ་ཕྱུར་བ་ལྟར་སྔོ་བུན་ནུ་ནུ་ཐོན་པར་བསམས་ལ། རླུང་འབུད་པ་དང་ཧ་འདོན་པར་བྱའོ།
སྨད་ཀུན་དེའི་གོགས་ནི། རབ་དགག་སྒྲུབ་དང་བྲལ་བའི་ལྟ་བས་སམ། འབྲིང་དབང་བསྐུར་དང་ཚོགས་འཁོར། ཐ་མ་དམིགས་པ་དང་འཁྲུལ་འཁོར་གྱིས་བཅད་པར་བྱའོ།
གཉིས་པ་རླུང་རྟར་ཞོན་པ་ནི། འགྲོ་བའི་ཚེ་ལག་པ་གཉིས་རྡོ་རྗེ་ཁུ་ཚུར་བཅས་ལ། མཆན་འོག་གཉིས་སུ་རླུང་གི་ལྷ་མོ་སྔོན་མོ་གཤེག་པ་ཅན་གཉིས་ཀྱིས་མཁའ་ལ་བཏེགས་པར་བསམས་ལ་རླུང་བཟུང་ནས་ཕྱིན་པས་རྟ་མཆོག་དང་མཉམ་པའི་འགྲོས་འབྱུང་ངོ་། མེ་རྒོད་གཏུམ་མོ་ཞེས་བྱའོ།
གཉིས་པ་སྒྱུ་ལུས་ལ་གསུམ་སྟེ། །དབང་པོ་རབ་གྲོགས་སུ་བླ་མ་དམ་པ་བསྟེན་པེ། །འབྲིང་ཚིག་གཞན་གྱིས་བར་མ་ཆོད་པར་འཁྲིད་པ། །ཐ་མ་མལ་གཅིག་ཏུ་ཏིང་ངེ་འཛིན་བསྐྱེད་པའོ།
དང་པོ་དབང་པོ་རབ་ནི། །དེ་ལ་ཅིའི་ཕྱིར་གྲོགས་ཞེ་ན། །འདུ་འབྲལ་མེད་པའི་དོན་གྱིས་ན་གྲོགས། །གོང་ནས་གོང་དུ་འཁྲིད་པར་བྱེད་པས་ན་གྲོགས། །ཡོན་ཏན་ཐམས་ཅད་བསྐྱེད་པའམ། ཚེ་གཅིག་གམ། །ལོ་ཟླས་སངས་རྒྱ་བའི་དོན་གྱིས་ན་གྲོགས་པོ། །དེ་ལ་ས་བཅུ་ལམ་ལྔ་ཐམས་ཅད་མོས་གུས་གཅིག་པོས་བསྒྲོད་པ་དང་། །ལྷ་སྐུ་བསྐལ་པ་སྟོང་དུ་བསྒོམས་པ་བས། །བླ་མ་དྲན་པ་བསོད་ནམས་ཆེ་བ་དང་། །སངས་རྒྱས་སྟོང་གི་ཡོན་ཏན་འཛིན་པ་ལ་སོགས་པའི་ཡིད་ཆེས་སུ་མདོ་རྒྱུད་ཀྱི་ལུང་དང་། ལོ་རྒྱུས་མང་དུ་གསུངས་པ་ནི་བླ་མའི་ཞལ་ལས་ཤེས་པར་བྱའོ། དེ་ལ་གཉིས་ལས།
།དང་པོ་གསོལ་འདེབས་བླ་མའི་ལམ་ཁྱེར་ནི། སེམས་བསྐྱེད་སྔོན་དུ་སོང་བས་གནས་དབེན་པར་འཁོར་བ་ལ་སྐྱོ་ཤས་དྲག་པོ་བསྐྱེད་དེ། །སྔར་སྐྱེས་པ་ཐམས་ཅད་ཀྱང་ཤི། །ད་བཟོད་སྐྱེ་བ་ཐམས་ཅད་ཀྱང་འཆི། །ད་ལྟ་ས་ཐོག་ན་གནས་པ་ཐམས་ཅད་ཀྱང་མ་ཤི་ཚེ་ཐར་དུ་སྡོད་པ་གཅིག་ཀྱང་མེད། །ཤི་ནས་མེད་འགྲོ་ན་ཏ་དྲག་སྟེ། །འགྲོ་དྲུག་ཏུ་སྐྱེ། །དེ་གང་དུ་སྐྱེས་ཀྱང་སྐྱིད་མེད་ཨང་སྙམ་དུ་བསམས་ལ། །བདེ་བའི་སྟན་ལ་ལུས་གནས་བཅས་ལ། །རང་སྐད་ཅིག་གི་བདེ་མཆོད་ཞལ་གཅིག་ཕྱག་གཉིས་པ། །ཡུམ་དང་གཉིས་སུ་མེད་པར་བསྐྱེད་པའི་སྤྱི་བོར་པདྨ་དང་ཉི་ཟླའི་སྟེང་དུ། རང་གི་རྩ་བའི་བླ་མ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། ཞལ་འཛུམ་པའི་མདངས་དང་ལྡན་པ་འོད་དང་འོད་ཟེར་གྱི་རང་བཞིན་ཅན། སྐུ་བལྟ་བས་ཆོག་མི་ཤེས་པ། ཉི་མ་འབུམ་གྱི་གཟི་བརྗིད་པས་ལྷག་པ། །མཚན་ཐོས་པ་ཙམ་གྱིས་ཕྱིར་མི་ལྡོག་པའི་ས་ཐོབ་པ། །གསོལ་བ་བཏབ་ན་བྱིན་རླབས་འབྱུང་བ་ལ་སྨོས་ཅི་དགོས་པ་གཅིག་བསམ། །དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། །བརྒྱུད་པའི་བླ་མ་རྣམས་དང་། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཡི་དམ་ལྷ་ཚོགས། མཁའ་འགྲོ་ཆོས་སྐྱོང་ཆོས་འབྲེལ་ཡོད་ཚད་བླ་མ་དེ་ཉིད་ལ་བསྟིམ་ནས། མདུན་དུ་རང་ལ་གནོད་བྱེད་ཀྱི་གཙོ་བྱས་པའི་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལུས་ངག་ཡིད་གསུམ་གུས་པའི་སྒོ་ནས་སྐུ་དི་རི་རི་གསོལ་བ་འདེབས་པར་བསམས་ལ། བླ་མ་རིན་པོ་ཆེ། བདག་འཛིན་བློ་ཡིས་ཐོངས་བར་མཛད་དུ་གསོལ། དགོས་མེད་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། སྒྱུ་ལུས་རྨི་ལམ་འབྱོངས་པར་མཛད་དུ་གསོལ། འོད་གསལ་ཕྱག་རྒྱ་ཆེན་པོ་རྟོགས་པར་མཛད་དུ་གསོལ། ཞེས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་དྲག་པོ་གདབ་བོ།
གཉིས་པ་ཅིར་སྣང་བདེན་མེད་སྒྱུ་མ་ལམ་ཁྱེར་ནི། དེ་ལྟར་གསོལ་བ་ནུས་ཚད་བཏབ་པས་སྣང་བ་བདེན་མེད་དུ་ཆམ་འགྲོ་རྒྱུ་གཅིག་འབྱུང་། དེ་སོང་པ་དང་། སྣང་ཞིང་སྲིད་པས་བསྡུད་པའི་ཆོས་དགྲ་སྡང་བ་གཉེན་བྱམས་པ་བདག་གཞན་སྣོད་བཅུད་དང་བཅས་པ་ཐམས་ཅད། བདག་གིས་བློ་བཀོད་བློ་ལ་ཤར་བ་མ་གཏོགས་པ་ཕྱི་རོལ་ན་དོན་ལོགས་སུ་གྲུབ་པ་གཅིག་ཀྱང་མེད། སྣང་གི་འདུག་ཀྱང་བདེན་མེད་ཡིན། བཤིས་བདེན་མེད་གཅིག་ཡིན་པ་དེ་ལ། དེར་ངོ་མ་ཤེས་པས་འཁོར་བར་འཁྱམས་པ་ཡིན་སྙམ་དུ་རྩེ་གཅིག་ཏུ་བསྒོམ་པ་ནི་མཉམ་བཞག་གོ།
རྗེས་ཤེས་ནི། འགྲོ་བ་འཆག་པ་ཉལ་བ་འདུག་པ་ཟས་ཟ་བ་གོས་གྱོན་པ་གཏམ་སྨྲ་བ་ལ་སོགས་སྤྱོད་ལམ་རྣམ་བཞི་ཐམས་ཅད་དུ་འཆི་བ་ཡིན། ཅིས་ཀྱང་ཅི་བྱེད་སྙམ་པ་དང་། བླ་མའི་སྣང་བ་དང་མ་འབྲལ་བར་མོས་གུས་གདུངས་གདུངས་པ་དང་། ངེས་པར་བདེན་མེད་ཡིན་སྙམ་པའི་འདུན་པ་དྲག་པོ་དང་གསུམ་མ་ཡེངས་པར་བསྒོམ་མོ།
དེ་ལྟར་མཉམ་རྗེས་ཐམས་ཅད་དུ་ཉམས་སུ་བླངས་ནས་ནུབ་མོ་གཉིད་ལོག་པས། གཡང་ས་ཆེན་པོ་ལ་ཤོར་བའམ། དགྲ་འམ་ཁྱིས་དེད་པ་ལ་སོགས་པ་རྨི་ལམ་མི་འཚམས་པ་གཅིག་རྨིས། དེ་རྨི་ལམ་དུ་ཤེས། རྨི་ལམ་བདེན་མེད་སྒྱུ་མར་ཤེས། སྒྱུ་མ་སྒྱུ་འཛིན་ཐམས་ཅད་དང་བྲལ་ནས། འོད་གསལ་ཕྱག་རྒྱ་ཆེན་པོ་ཇི་ལྟ་བ་བཞིན་མངོན་དུ་འགྱུར་རོ།
གཉིས་པ་འབྲིང་ནི། དབང་པོ་རབ་ལ་དགེ་སྦྱོར་མ་སྐྱེས་ན། བླ་མ་ལ་ཆོས་སྐུའི་འདུ་ཤེས་མ་སྐྱེས། མོས་གུས་ཀྱི་རྩོལ་བ་ཞན་པའི་སྟོབས་ཀྱིས་རབ་འབྲིང་དུ་སོང་བ་ཡིན་ནོ། དེ་ལ་ཅིའི་ཕྱིར་ཚིག་གཞན་གྱིས་བར་མ་ཆོད་པར་འཁྲིད་པ་ཞེ་ན། ཐ་མལ་གྱི་ལོང་གཏམ་ལ་སོགས་ལྟ་ཅི་སྨོས་ཏེ། མདོ་འདོན་པ་དང་སྔགས་བཟླ་བ་ལ་སོགས་པའང་ར་ཤིག་ལ་ཞགས་ནས། དྲན་འདུན་རྩེ་གཅིག་ཏུ་གཏོང་བ་ཡིན་ནོ། དེ་ལ་ཚེ་འདི་བློས་གཏོང་བའི་ཐབས་འཆི་བ་མི་རྟག་པ་དྲན་པ་དང་། སྣང་བ་ཐམས་ཅད་རང་གི་སེམས་སུ་ཤེས་པ་དང་། སེམས་སྒྱུ་མ་རྨི་ལམ་དུ་བསྒོམས་པ་ལ་ཡིད་ཆེས་ཤིང་ངེས་ཤེས་བསྐྱེད་པར་བྱེད་པའི་ཐབས། མདོ་རྒྱུད་ཀྱི་ལུང་དང་གཏམ་རྒྱུད་ལ་སོགས་པ་མང་དུ་གསུངས་པ་ནི། བླ་མའི་ཞལ་ལས་ཤེས་པར་བྱའོ།
དེ་ལ་གཉིས་ལས། དང་པོ་རང་ལུས་སྣང་སྟོང་ལྷའི་སྐུ་ནི། སེམས་བསྐྱེད་དང་། བླ་མའི་རྣལ་འབྱོར་བསྒོམས་ལ་གོང་བཞིན་གསོལ་བ་བཏབ་པས། སྣང་བ་བདེན་མེད་དུ་ཆམ་སོང་བ་དང་། རང་བདེ་མཆོག་ཏུ་བསྒོམས་པའི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་རྣམ་པ་བཞུགས་ཚུལ་དང་ལྡན་པ། སྣང་བ་གཟུགས་སུ་གྲུབ་པ་ལ་རེག་པ་གཟུགས་སུ་མ་གྲུབ་པ། མེ་ལོང་སྣང་གི་གཟུགས་བརྙན་བཞིན་འདི་རང་གིས་བློས་བཀོད་བློ་ལ་ཤར་བ་མ་གཏོགས་པ་ཕྱི་རོལ་ན་དོན་ལོགས་གྲུབ་པ་གཅིག་ཀྱང་མེད། སྣང་ནི་སྣང་། བདེན་ནི་མི་བདེན། འདི་ཀ་རྨི་ལམ་ཡིན། སྒྱུ་མ་ཡིན་སྙམ་དུ་བསམ་མོ།
གཉིས་པ་ཅིར་སྣང་སྒྱུ་མའི་ལམ་ཁྱེར་ནི། ཕྱི་ས་ཆུ་མེ་རླུང་། ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ། རི་རྭ་བ་ཁང་ཁྱིམ་རྩིག་པ་རེ་ལྡེ་དང་། ནང་བཅུད་ཀྱི་སེམས་ཅན་སྐྱེས་པ་བུད་མེད་དགྲ་གཉེན། རྟ་གླང་ལ་སོགས་པ་སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཐམས་ཅད་རང་གི་བློས་བཀོད་བློ་ལ་ཤར་བ་མ་གཏོགས་པ་དོན་ལོགས་ན་གྲུབ་པ་གཅིག་ཀྱང་མེད། སྣང་ནི་སྣང་། བདེན་ནི་མི་བདེན། འདི་རྣམས་སྒྱུ་མ་ཡིན། རྨི་ལམ་ཡིན་སྙམ་དུ་རྩེ་གཅིག་ཏུ་བསྒོམ་མོ།
རྗེས་ཤེས་ནི། སྤྱོད་ལམ་ཐམས་ཅད་དུ་འཆི་བ་ཡིན་སྙམ་པ་དང་། བླ་མའི་ཆོས་གུས་དང་། ཁྱད་པར་དུ་འགྲོ་འཆག་ཉལ་འདུག །ཟས་གོས་གཏམ་སྙན་མི་སྙན་ལ་སོགས་པ། ཆགས་སྡང་ཡུལ་དང་ཕྲད་པའི་ཚེ་ང་གཉིད་དུ་སོང་འདུག །འདི་རྨི་ལམ་གྱི་འགྲོ་འདུག་དང་། རྨི་ལམ་གྱི་ཆགས་སྡང་ལ་སོགས་པར་འདུག་སྙམ་དུ་བསམས་ལ། ངག་ཏུ་ཡང་སྒྱུ་མ་རྨི་ལམ་བརྗོད་སེམས་ཀྱིས་ཀྱང་སྒྱུ་མ་རྨི་ལམ་གྱི་རྩིས་ཟིན་པར་བྱས་པས་ཅི་བྱས་ཐམས་ཅད་དགེ་སྦྱོར་དུ་འགྲོ་བ་ཡིན་ནོ།
གསུམ་པ་ཐ་མ་ནི། དབང་པོ་རབ་འབྲིང་གཉིས་ལ་དགེ་སྦྱོར་མ་སྐྱེས་ན། བླ་མ་ལ་ཆོས་སྐུའི་འདུ་ཤེས་མ་སྐྱེས། མོས་གུས་དང་འདུན་པ་ཞན་པའི་སྟོབས་ཀྱིས་དབང་པོ་ཐ་མར་སོང་བ་ཡིན་ནོ།
མལ་གཅིག་ཏུ་ཏིང་ངེ་འཛིན་རྒྱུད་ལ་སྐྱེད་པ་ནི། སད་བཞི་སྤངས་ལ་མལ་གྱི་དྲོད་མ་ཤོར་བར་བྱས་ལ་བསྒོམ་པའོ།
སད་བཞི་ནི། འགྲོ་འདུག་མང་པོ། འཕོ་སྐྱས། བློ་སྣ། ལོང་གཏམ་མང་པོ་དགེ་སྦྱོར་གྱི་སད་དོ། དེ་ལ་བཞི་ལས།
དང་པོ་འགྲོ་དྲུག་སྒྱུ་མར་འཆར་བྱེད་ནི། བླ་མའི་རྣལ་འབྱོར་བསྒོམས་ལ། བདག་འཛིན། དགོས་མེད། སྒྱུ་ལུས་རྨི་ལམ་འབྱོངས་པར་གསོལ་བ་གདབ། ལུས་གནད་བཅས་ལ་རང་ཡི་དམ་དུ་བསྒོམས་པའི་ལྟེ་འོག་ཏུ་ཆོས་འབྱུང་ཕྱི་དཀར་ལ་སྣང་དམར་བ་འོད་ཀྱི་རང་བཞིན་ཅན་གཅིག་གི་ནང་དུ། དམྱལ་བ་ལ་སོགས་པ་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་འོད་དུ་ལྟེ་མེ་འདུག་པར་བསམས་ནས་འོག་རླུང་བསྐུམ་ལ། འགྲོ་དྲུག་གི་སེམས་ཅན་འདི་རྣམས་མི་བདེན་པ་ལ་བདེན་པར་བཟུང་བས་འཁོར་བ་འབའ་ཞིག་ཏུ་ཁྱམས་པ་སྙིང་རེ་རྗེ། འདི་རྣམས་ཐམས་ཅད་སྣང་ནི་སྣང་། བདེན་ནི་མི་བདེན། འདི་ཀ་རྨི་ལམ་ཡིན། སྒྱུ་མ་ཡིན་སྙམ་དུ་བསམ་མོ། རྗེས་ཤེས་ནི་སྔར་ལྟར་རོ། འདུན་པས་སྟེང་རླུང་མནན་པ་བཞིན་དུ་སོང་ནས་དྲོད་སྐྱེའོ། མོས་གུས་དང་འདུན་པས་རྒྱབ་ཕུལ་ན་སྒྱུ་མ་རང་ཤར་དུ་མི་འབྱུང་མི་སྲིད་དོ།
གཉིས་པ་ནད་གདོན་སྒྱུ་མ་ལམ་ཁྱེར་ནི། རང་ལ་ན་ཚ་དང་གདོན་གནོད་ན་ནད་གདོན་བདེན་མེད་སྒྱུ་མ་རྨི་ལམ་དུ་བསྒོམ། ཁྱད་པར་དུ་གདོན་ལ་གང་གནོད་པ་དེ་རླུང་ནང་དུ་འཇུག་པ་དང་སྡོངས་ནས་ལྟེ་འོག་ཆོས་འབྱུང་གིས་ནང་དུ་བཅུག་ལ་ཆོས་འབྱུང་ཁ་བསྡུས་ལ་འཁྲུལ་འཁོར་བྱ། གདོན་སྒྱུ་མར་བསྒོམས་པས། གནོད་བྱེད་དེས་འགྲོ་དྲུག་གི་སྡུག་བསྔལ་ཉམས་སུ་མྱོང་ཞིང་དྲན་ནས་འགྱོད་པ་སྐྱེས་ཏེ། གནོད་སེམས་ཞི་ནས་རླུང་ཕྱིར་འགྲོ་བ་དང་སྡོངས་ཏེ་མདུན་དུ་ཐོན་པ་ལ། ལན་ཆགས་ཀྱི་གཏོར་མ་བྱིན་ལ་མི་དམིགས་པར་བྱའོ།།
སུ་ཀ་མ་ལྟེ་བའི་པད་འདབ་ཡིག་འབྲུ་དང་བཅས་པའི་འོག་ཏུ་ཆོས་འབྱུང་ནང་དུ་འགྲོ་དྲུག་གི་སེམས་ཅན་བསམ། བཟླས་པ་བྱས་པས་སྔགས་མི་གཡོ་ཞིང་པདྨ་འཁོར་བས། ཨ་དང་ཡིག་འབྲུའི་འོད་རིགས་དྲུག་ལ་ཕོག་འོད་དུ་གྱུར་པར་བསམ་ལ། འོག་རླུང་བསྐུམ་ལ་ལུས་སྒུལ་བསྐྱོད། ངག་བཟླས་བརྗོད། སེམས་སྒྱུ་མའི་དྲན་འཛིན་དང་མ་བྲལ་བའོ།
གསུམ་པ་འཆར་བྱེད་ཡོན་ཏན་ཚོགས་དྲུག་ནི། འོག་རླུང་བསྐུམ་པས་དྲོད་སྐྱེ་ཞིང་དེས་ཐིག་ལེ་ཐུབ་པ་དང་། སྒྱུ་མ་རང་ཤར་དང་། རྨི་ལམ་རང་ཟིན་དང་། སྦྱོང་སྤེལ་དང་། ཡུལ་སྣང་དང་། འགྲོ་དྲུག་གི་སྨིན་གྲོལ་ལོ།
བཞི་པ་ཞེན་མེད་སྒྱུ་མ་རང་ཤར་ནི། དེ་ལྟར་མཉམ་རྗེས་ཐམས་ཅད་དུ་ཆགས་སྡང་ལ་སོགས་པ་ཅིར་སྣང་ཐམས་ཅད་ལ་གཉེན་པོ་བརྟེན་ཅིང་བསྒོམས་པས་བདེན་འཛིན་གྱི་དྲི་མ་ཐམས་ཅད་དང་བྲལ་ཞིང་། སྣང་བ་བདེན་མེད་སྒྱུ་མར་ཤར་ནས་གཡས་ནས་བསྟོད་པ་དང་ཙན་དན་གྱི་ལྡེ་གུས་བྱུགས་པ་ལ་དགའ་བ་མེད། གཡོན་ནས་དམོད་པ་དང་མི་གཙང་བ་བྱུགས་པ་ལ་མི་དགའ་བ་མེད་པར་དགག་སྒྲུབ་བླང་དོར་མེད་པར་ཆགས་སྡང་ཐམས་ཅད་ལས་གྲོལ་བས་སྒྱུ་མ་རང་ཤར་དང་ཆགས་སྡང་རང་གྲོལ་དུ་འཆར་བར་ འགྱུར་རོ།
གསུམ་པ་རྨི་ལམ་ལ་དྲུག་སྟེ། རྨི་ལམ་བཟང་བ། སྦྱང་བ། སྤེལ་བ། སྤྲུལ་བ། བསྒྱུར་བ། ཡུལ་སྣང་ངོ་།
དང་པོ་ལ་གཉིས་ལས།
དང་པོར་རང་ཟིན་ནི། སེམས་བསྐྱེད་དང་བླ་མའི་རྣལ་འབྱོར་བསྒོམས་ལ། བདག་འཛིན་དགོས་མེད། རྨི་ལམ་ཟིན་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་ལ། རང་ཡི་དམ་དུ་བསམས་པའི་སྤྱི་བོའི་ཧཾ་ལས་ཐིག་ལེ་དཀར་པོ་གཅིག་ཆད་སྙིང་གར་བྱུང་བས་གཏི་མུག་དག །གསང་གནས་ཀྱི་ཧཱུྃ་ལས་ཐིག་ལེ་དམར་པོ་གཅིག་ཆད་སྙིང་ཁར་བྱུང་བས་འདོད་ཆགས་དག་ཞེ་སྡང་རང་དག་ཡིན། ཐིག་ལེ་གཉིས་པོ་སྙིང་གར་སྒོར་རོ་རོ་འཁོར་བས་བུམ་དབང་། གཅིག་ལ་གཅིག་རེག་པས་གསང་དབང་། རེག་པས་བདེ་བ་བྱུང་བས་ཤེས་རབ་ཡེ་ཤེས་གཅིག་ལ་གཅིག་ཐིམ་ནས་འོད་དུ་ཡལ་སོང་བ་སྟེ་དབང་བཞི་པ་སྟེ།
ཐིག་ལེ་དབང་བཞི་གནད་དོ། དེའང་འཁོར་བ་ལ་ཤེས་པ་གཏད་ལ། ང་གཉིད་དུ་སོང་འདུག །རྨི་ལམ་ཡིན། སྒྱུ་མ་ཡིན། ངེས་པ་རང་གཉིད་དུ་སོང་འདུག་སྙམ་པའི་དྲན་འདུན་རྩེ་གཅིག་ཏུ་བཏང་ངོ་། རྗེས་ཤེས་ནི་རྨི་ལམ་གྱི་འགྲོ་འཆག་ལ་སོགས་པ་སྔར་ལྟར་རོ། དེ་ལྟར་མཉམ་རྗེས་ཐམས་ཅད་དུ་ཉམས་སུ་བླངས་ནས་གཉིད་དུ་འགྲོ་ཁར་ཐིག་ལེ་གཅིག་ལ་གཅིག་ཐིམ་ནས་མཐར་འོད་དུ་ཡལ་སོང་བའི་མི་རྟོག་པའི་ངང་ལ་རྨི་ལམ་བཟུང་ངོ་། དེ་ལ་གཉིས་ལས། འཇམ་ཟིན་ནི། རྨི་ལམ་དུ་འདུག་སྙམ་པ་དང་། གཉིད་ཐུམ་ཕྲས་མང་པོ་འབྱུང་ངོ་། རྩུབ་ཟིན་ནི། གཡང་ཆེན་པོ་ལ་ཤོར་བ་འམ། མི་འམ་ཁྱིས་དེད་པ་ལ་སོགས་པའི་དྲེད་དངངས་ཆེན་པོ་གཅིག་རྨིས། དེ་རྨི་ལམ་དུ་ཤེས། རྨི་ལམ་བདེན་མེད་སྒྱུ་མར་ཤེས། སྒྱུ་མ་སྒྱུ་འཛིན་དང་བྲལ་ནས་འོད་གསལ་ཕྱག་རྒྱ་ཆེན་པོ་ཇི་ལྟ་བ་བཞིན་མངོན་དུ་འགྱུར་རོ། དེ་ལ་ཉིན་མོ་དགེ་སྦྱོར་གྱི་ཤུགས་མེད་ན་ནུབ་མོ་རྨི་ལམ་མི་ཟིན་པས། ཉིན་པར་འདུ་འཛི་གཡེང་བ་སྤངས་ནས། མོས་གུས་དང་འདུན་པ་དྲག་པོས་ཉམས་སུ་བླངས་པས། རྨི་ལམ་རང་ཟིན་དུ་མི་འབྱུང་མི་སྲིད་དོ།
གཉིས་པ་གནད་འཆུག་མེད་ལ་དགུ་སྟེ།
དུས་ཀྱི་གནད་གསུམ་ནི། ཐོ་རངས། ནམ་ལངས། ཉི་ཤར་རོ།
ལུས་ཀྱི་གནད་གསུམ་ནི། སྐྱིལ་ཀྲུང་། ཙོག་པུ། སེངྒེའི་ཉལ་ཐབས་སོ།
དམིགས་པའི་གནད་གསུམ་ནི། རྟོག་མེད་ལ་བཟུང་བ་གཉིས་དང་། རྟོག་བཅས་ལམ་དུ་ཁྱེར་བའོ།
དང་པོ་ནི། གསོལ་བ་གོང་ལྟར་བཏབ་ལ། སྟེང་རླུང་ཐིག་ལེ་དཀར་བ་དང་འགྲོགས།
སུ་ཀ་མ་བཟླས་པ་བྱེད་པའི་ཚེ། ཨའི་འོད་ཀྱིས་བསྲེག་པ་དང་། པདྨ་འཁོར་བ་ལ་དམིགས་ཤིང་སྒྱུ་མའི་དྲན་འདུན་རྩེ་གཅིག་ཏུ་བཏང་། གཉིད་དུ་འགྲོ་ཁར་ཡིག་འབྲུ་བཞི་ཨ་ལ་ཐིམ། ཨ་འོད་དུ་ཡལ་བ་དང་མཉམ་དུ་གཉིད་ལོག །པས་རྨི་ལམ་མི་ཟིན་མི་སྲིད་ཞེས་སུང་ངོ་།
འོག་རླུང་ཐིག་ལེ་དམར་བ་དང་འགྲོགས། ལྟེ་བར་བྱུང་། ཐིག་ལེ་གཉིས་པོ་ལྟེ་བར་འབྲོས་འདེད་ཀྱི་ཚུལ་དུ་འཁོར་བ་ལ་སེམས་གཏད་ལ། རླུང་ཁ་སྦྱར་ལ་རྨི་ལམ་སྒྱུ་མའི་དྲན་འདུན་བཏང་ངོ་། གཉིད་དུ་འགྲོ་ཁར་ཐིག་ལེ་དཀར་བ་སྣ་བུག་གཡས་ནས་ཐོན། དམར་བ་གཡོན་ནས་ཐོན། སྨིན་ཕྲག་ཏུ་འཁོར་བ་ལ་དྲན་འདུན་བཏང་ངོ་། དེ་གཉིས་སུ་མདུན་དུ་དོན་པ་ལས་བདེ་མཆོག་ཡབ་ཡུམ་དུ་བསྒོམས་ལ་དྲན་འདུན་བཏང་ངོ་། དེ་ནས་ཡུམ་ཡབ་ལ་ཐིམ། ཡབ་འོད་དུ་ཡལ་སོང་བའི་མི་རྟོག་པའི་ངང་ལ་རྨི་ལམ་བཟུང་ངོ་།
གཉིས་པ་ནི། དེས་ཀྱང་མ་ཟིན་ན། གསོལ་བ་གོང་ལྟར་བཏབ་ལ། རབ་བདེ་མཆོག་ཏུ་བསྒོམས་པའི་ཐུགས་ཀར་བླ་མ་འོད་ཀྱི་རང་བཞིན་ཅན་གཅིག་བསམ། དེའི་ཐུགས་ཧཱུྃ་དཀར་པོ་གཅིག་བསམས་ལ། ཁྱད་པར་དུ་ཧཱུྃ་དང་བླ་མ་ལ་སེམས་གཏད་ལ་དྲན་འདུན་རྩེ་གཅིག་ཏུ་བཏང་ངོ་། གཉིད་དུ་འགྲོ་ཁར་ཡི་དམ་བླ་མ་ལ་ཐིམ། བླ་མ་ཧཱུྃ་ལ་ཐིམ། ཧཱུྃ་འོད་དུ་ཡལ་སོང་བའི་མི་རྟོག་པའི་ངང་ལ་རྨི་ལམ་བཟུང་ངོ་།
གསུམ་པ་ནི། རྨི་ལམ་གྱི་གནས་མགྲིན་པ། རྨི་ལམ་གྱི་རྒྱུད་ཡི་གེ་ཨཾ། རྨི་ལམ་ཟིན་པར་བྱེད་པའི་རྒྱུད་གཉིད་དང་རྨི་ལམ་བར་གྱི་རྟོག་པའོ། དེ་ཡང་གསོལ་བ་གོང་ལྟར་བཏབ་ལ། ཉིན་པར་སྔར་གྱི་དམིགས་པའམ། ཡང་ན་དེ་ལ་བོགས་འདོན་པའི་ཕྱིར་འདུན་པ་རྐྱང་པས་འཛིན་པ་ཡིན་པས། མཉམ་རྗེས་ཐམ་ཅད་དུ་དྲན་སྣང་རྟོག་པའི་རི་མོ་བྱུང་ཚད་སྒྱུ་མ་རྨི་ལམ་དུ་ཐག་བཅད་ཅིང་། འདུན་པ་དྲག་པོ་རྒྱུན་མ་ཆད་པར་བྱས་ལ། ནུབ་མོ་གཉིད་དུ་འགྲོ་ཁར། གཉིད་དུ་མ་སོང་བའི་སྣང་བ་འགགས་ནས། རྨི་ལམ་རགས་པ་མ་ཤར་བའི་གཉིད་དང་རྨི་ལམ་གྱི་བར་དེར། མ་གཡེངས་པར་བྱས་ནས། རྨི་ལམ་ཡིན་སྙམ་པའི་འདུན་པ་ཡང་ཡང་བཏང་བས། ལྷ་སྐུ་འམ་མེ་འམ་ཆུ་ལ་སོགས་པའི་རྟོག་པ་རིབ་རིབ་པ་གཅིག་བྱུང་སྟེ། རྟོག་པ་གང་བྱུང་པ་དེ་རྨི་ལམ་གྱི་རྒྱུ་ཡིན་པས་རྨི་ལམ་དུ་ངོས་ཟིན་པར་བྱས་པས། ཁབ་མིག་སྐུད་པ་འཛུལ་བ་ལྟར་རྨི་ལམ་མུ་འབྱོར་བར་འགྱུར་རོ། དེའི་དུས་སུ་མིག་མི་འབྱེད་པར་འོག་རླུང་བསྐུམ་ལ། གང་ཟིན་པ་དེ་མང་པོ་དཔག་ཏུ་མེད་པར་སྤྲུལ་ནས་འདུན་པ་དྲག་པོ་བྱས་པས་རྨི་ལམ་ཟིན་མ་ཐོག་སད་འབྱམས་སུ་མི་འགྲོ་ཞིང་སྦྱོང་སྤེལ་ཡུན་རིང་དུ་བྱར་འབྱུང་ངོ་། དེས་རྨི་ལམ་རྨིས་ཚད་ཟིན། ཟིན་ཚད་སྦྱོང་སྤེལ་དུ་འབྱོང་ངོ་།
གཉིས་པ་སྦྱང་བ་ལ་བཞི་ལས། དང་པོ་སེམས་ཀྱིས་ལུས་སྦྱང་པ་ནི། བླ་མའི་རྣལ་འབྱོར་བསྒོམས་ལ། བདག་འཛིན། དགོས་མེད། སྒྱུ་ལུས་རྨི་ལམ་འབྱོངས་པར་གསོལ་བ་གདབ། རང་ཡི་དམ་དུ་བསྒོམས་ལ་གཡང་ངམ། མཁར་རྩེ་ལྟ་བུར་ཕྱིན་པར་བསམས་ནས་ཡ་ང་གཏིང་པ་ལྟ་བུའི་གཡང་སར་བཅུག་སྟེ། ང་གཉིད་དུ་སོང་འདུག་འདི་རྨི་ལམ་གྱི་གཡང་དང་འཇིགས་སར་འདུག །རྨི་ལམ་ལ་བདེན་པར་གྲུབ་པ་མེད་གང་སྦྱངས་སྦྱངས་ཡིན་སྙམ་དུ་བསམས་ལས། ས་ལ་མར་ཆད་ཀྱིས་ལྷུང་དུ་བཅུག །ཡར་བྱུང་པ་དང་ལྷ་སྐུ་ཕྲེང་བ་རྒྱུས་པ་ལྟ་བུ་སྣང་ལ་རང་བཞིན་མེད་པ་འཇའ་ཚོན་ལྟ་བུ་བསྒོམས་ལ། རྨི་ལམ་སྒྱུ་མའི་འདུན་པ་དྲག་པོ་བཏང་། དེ་ཁོ་ན་ལྟར་ཡང་ཡང་བསྒོམ་མོ།
གཉིས་པ་ལུས་ཀྱིས་སེམས་སྦྱང་བ་ལ། བླ་མའི་རྣལ་འབྱོར་གོང་ལྟར་བསྒོམས། རང་གི་ལུས་ཀྱི་ཚིགས་ཐམས་ཅད་ལ་ཡི་དམ་ལྷའི་ས་བོན་ཧཱུྃ་སྔོན་པོ་རེ་རེ་བསམ། དེ་ཐམས་ཅད་འོད་དུ་ཞུ་བ་ལས་ཤ་རུས་ནད་གདོན་སྡིག་སྒྲིབ་ལ་སོགས་པ། ལས་དང་རྣམ་པར་སྨིན་པའི་སྒྲིབ་པ་ཐམས་ཅད་སྦྱངས་ནས། ཡི་དམ་གྱི་ལྷ་སྣང་ལ་རང་བཞིན་མེད་པ་འཇའ་ཚོན་༼འདི་ཉིད་སྐྱངས་པ་ལ་མཚམས་མེད་ལྔ་བྱས་པ་དང་མན་ངག་མི་གསལ་བ་དང་མཚམས་སྦྱོར་ངན་པ་བྱུང་བ་དང་། ཐོས་ནས་ཉམས་ལེན་མ་བྱུང་པས་ཀྱང་བར་དོར་ལོངས་སྐུ་ཐོབ་པར་ལུས་སེམས་འཆི་མེད་ཀྱི་གཞུང་དུ་བཤད་ཅིང་སྣང་སྟོང་གི་ལྷ་སྐུ་ཉིད་བསྒོམས་པས་ཐེག་པ་གོང་འོག་གི་སྡོམ་པ་ཉམས་པ་ཡང་མ་ལུས་པ་བསྐོང་བར་མཁའ་སྤྱོད་རིག་འཛིན་དུ་བཤད་དོ།༽ལྟ་བུ་བསྒོམས་ལ། ལྷ་སྐུ་འདི་ཀ་རང་གི་སེམས། སེམས་རིག་པ་ཙམ་མོ། རང་བཞིན་སྐྱེ་བ་མེད་པ། མཚན་ཉིད་འགག་པ་མེད་པ། ཟུང་འཇུག་བདེ་བ་ཆེན་པོའི་རང་བཞིན་དུ་བསམས་ནས། གསལ་སྟོང་འཛིན་མེད་སྒྱུ་མ་རང་ཤར་གྱི་ངང་ལ་བཞག་གོ།
གསུམ་པ་བདག་མེད་མས་སྦྱང་བ་ནི། བླ་མའི་རྣལ་འབྱོར་གོང་ལྟར་མསྒོམས། རང་ཡི་དམ་དུ་བསྒོམས་པའི་དབང་པོའི་རྩེ་མོ་ལ་ཧཱུྃ་སྔོནཔོ་འོད་འཕྲོ་བ་གཅིག་བསམ། མདུན་དུ་བདག་མེད་མ་སྔོན་མོ་གྲི་ཐོད་ཅན་གཅིག་གིས་གསང་གནས་སུ་ཨོཾ་ཨཱཿསྭཱ་ཧཱ་དམར་བ་ལ་དམིགས་ནས་བཟླས་པ་བྱས་པས། སྔགས་ལས་འོད་ཟེར་བ་ཐག་གི་རྣམ་པ་ལྟ་བུ་ནར་གྱིས་བྱུང་ནས་ཧཱུྃ་ལ་ཕོག་པ་དང་འོད་ཀྱི་རྣམ་པར་གྱུར་ནས་རང་གི་གསང་གནས་ན་ཡར་ཞུགས་ནས་རྩ་ལམ་ཐམས་ཅད་སྦྱངས། ལུས་འོད་ཀྱི་གའུ་ལྟ་བུར་བདེ་སིང་གིས་སོང་བར་བསམ་ཞིང་འདུན་པ་བྱ། ཡང་བདག་མེད་མ་ལ་དམིགས་ནས་བཟླས་པ་བྱས་པས། བདག་མེད་མ་འོད་དུ་ཞུ་ནས་རང་གི་གསང་གནས་ན་ཡར་ཞུགས་ནས་ལུས་ཐམས་ཅད་ལ་ཁྱབ་པ་དང་། ལུས་འོད་དུ་སྔོ་ཡལ་གྱིས་ཡལ་ནས་སྟོང་སང་གི་སོང་སྟེ་ཆོས་ཐམས་ཅད་ཀྱི་གནས་ལུགས་སྤྲིན་མེད་པའི་ནམ་མཁའ་ལྟ་བུར་བསྒོམ་མོ། དེའི་ངང་ལ་ལྷ་སྐུ་སྒྱུ་མ་ལྟ་བུར་ལངས་ལ་གསལ་སྟོང་འཛིན་མེད་སྒྱུ་མ་རང་ཤར་ལ་བཞག་གོ
།བཞི་པ་འདུན་པས་སྦྱང་བ་ནི། བླ་མའི་རྣལ་འབྱོར་གོང་ལྟར་བསྒོམས་ལ་གསོལ་བ་དྲག་པོ་བཏར་པས། སྣང་བ་བདེན་མེད་དུ་ཆམ་སོང་བ་དང་། ང་གཉིད་དུ་སོང་འདུག །ངའི་རྣམ་སྨིན་གྱི་ལུས་མལ་ན་ཡོད་པ་ཡིན། ལུས་འདི་ཡིད་ཀྱི་ལུས་སུ་འདུག །སྣང་བ་འདི་རྨི་ལམ་གྱི་སྣང་བར་འདུག །རྨི་ལམ་གྱི་སྣང་བ་དང་ཡིད་ཀྱི་ལུས་ལ་ཇི་ལྟར་སྦྱངས་སྦྱངས་ཡིན་སྙམ་དུ་བསམས་ནས། འབྱུང་བཞི་ཕྲ་རགས་དང་། སེམས་ཅན་ཕྲ་རགས་ཐམས་ཅད་ལ་ཕར་ཐལ་ཚུར་ཐལ་ཡར་ཐལ་མར་ཐལ་དུ་བྱས་ལ་སྦྱང་ངོ་། ཁྱད་པར་དུ་ཅིར་སྣང་ཐམས་ཅད་ལ་སྦྱང་ངོ་།
།གསུམ་པ་སྤེལ་བ་ལ་གཉིས། ཐུགས་ཕྲད་དུ་སྤེལ་བ་དང་། གང་འདུལ་དུ་སྤེལ་བའོ།
དང་པོ་ལ་བཞི་ལས། དང་པོ་འབྱུང་བཞི་ཕྲ་བ་ལ་སྤེལ་བ་ནི། གསོལ་བ་བཏབ་པས་སྣང་བ་བདེན་མེད་ཆམ་སོང་བ་དང་། ང་གཉིད་དུ་སོང་འདུག །ཡིད་ལུས་དང་རྨི་ལམ་གྱི་སྣང་བ་ལ་ཇི་ལྟར་སྤེལ་སྤེལ་ཡིན་སྙམ་དུ་བསམས་ནས། འབྱུང་བཞི་ཕྲ་བ་རཻ་ལའང་གཅིག་ལས་བཅུ། བཅུ་ལས་བརྒྱ། བརྒྱ་ལས་སྟོང་། སྟོང་ལས་ཁྲི་འབུམ་ལ་སོགས་པར་སྤེལ་ཞིང་། ས་གཞི་དང་བར་སྣང་ཁེངས་པར་བསམ་མོ།
།གཉིས་པ་འབྱུང་བཞི་རགས་པ་ལ་སྤེལ་བ་དང་། གསུམ་པ་སེམས་ཅན་ཕྲ་བ་ལ་སྤེལ་བ་དང་། བཞི་པ་རགས་པ་ལ་སྤེལ་བའང་དེ་བཞིན་ནོ།
།གཉིས་པ་གང་འདུལ་ལ་གཉིས་ལས། དང་པོ་འཇིག་རྟེན་པའི་གང་འདུལ་ལ། བྱི་བ་འདུལ་བ་ལ་བྱི་ལ། བྱིའུ་ལ་ཁྲ། ཁྱི་ལ་སྤྱང་ཀི། སྤྱང་ཀི་ལ་སྟག །སྟག་ལས་སེང་གེ །མི་ལ་སྲིན་པོ་ལ་སོགས་པ་གང་ལ་གང་འདུལ་དུ་སྤྲུལ་ཞིང་། དེར་སྤེལ་ནས་འདེད་པ་དང་ཟ་བ་ལ་སོགས་པའི་སྒོ་ནས་འདུལ་བར་བྱའོ།
།གཉིས་པ་འདས་པའི་གང་འདུལ་ནི། ཀླུ་འདུལ་བ་ལ་ཁྱུང་། རྒྱལ་པོ་ལ་རྟག་མགྲིན། ཀླུ་བདུད་དང་ཀླུ་སྲིན་ལ་འཇམ་དཔལ་ཡེ་ཤེས་སེམས་དཔའ། སྲིན་པོ་དང་གནོད་སྦྱིན་ལ་སོགས་པ་ལ་ཕྱག་ན་རྡོ་རྗེ་ལ་སོགས་པའི་ཁྲོ་བོ་དཔག་དུ་མེད་པར་སྤྲུལ་ཞིང་སྤེལ་ནས། ཕྱག་མཚན་གྱི་བཏུབ་པ་དང་། མེ་དཔུང་གིས་བསྲེགས་པ་ལ་སོགས་པའི་སྒོ་ནས་བརྟུལ་ནས་སྲོག་སྔགས་འབུལ་ཞིང་བཀའ་འབངས་བྱེད་པ་ལ་སོགས་པ་འབྱུང་ངོ་།
།བཞི་པ་སྤྲུལ་པའང་དེ་བཞིན་ནོ།
ལྔ་པ་བསྒྱུར་བ་ལ་བཞི་ལས། དང་པོ་འབྱུང་བཞི་ཕྲ་རགས་སུ་བསྒྱུར་བ་ནི། གསོལ་འདེབས། བདེན་མེད། ཡིད་ལུས། རྨི་ལམ་གྱི་སྣང་བ་དང་ལྡན་པས། ས་ལ་ཆུར། ཆུ་ལ་སར། དེ་བཞིན་དུ་ཆུ་ལས་མེ། མེ་ལས་རླུང་དུ་བསྒྱུར་རོ། །དེ་རྣམས་ཀྱང་ཕྲ་བ་ལས་རགས་པ། རགས་པ་ལས་ཕྲ་བར་བསྒྱུར་རོ།
།གཉིས་པ་སེམས་ཅན་ཕྲ་རགས་སུ་བསྒྱུར་བའང་དེ་བཞིན་ནོ།
།གསུམ་པ་ལྷ་སྐུ་སྣ་ཚོགས་སུ་བསྒྱུར་བ་ནི། ལྷ་སྐུ་སྔོན་པོ་ལས་དཀར་པོ། དཀར་པོ་ལས་སེར་པོ། དེ་ལས་དམར་པོ་ལ་སོགས་པ་དང་། ཞལ་ཕྱག་མང་ཉུང་དུ་བསྒྱུར་བར་བྱའོ།
།བཞི་པ་སྣང་སྟོང་ཞེན་བྲལ་དུ་བསྒྱུར་བ་ནི། ལྷ་སྐུ་དེ་རྣམས་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ། སྣང་ལ་རང་བཞིན་མེད་པ་བཟུང་འཛིན་གྱི་བློ་ལ་སོགས་པ་ཞེན་པའི་དྲི་མ་ཐམས་ཅད་དང་བྲལ་བ། མ་འདྲེས་ལ་ཡོངས་སུ་རྫོགས་པ་གསལ་སྟོང་འཛིན་མེད་སྒྱུ་མ་རང་ཤར་དུ་རྟོགས་པར་བྱའོ། །སྒྱུ་ལུས་གདན་ཐོག་གཅིག་མ་ལ། གསོལ་འདེབས་བཞི་ལ་འདུན་པ་བརྒྱད། དེ་ལ་གསོལ་འདེབས་བཞི་ནི། གོང་བཞིན་ནོ། འདུན་པ་བརྒྱད་ནི། འཆི་ངེས་སྙམ་པ་དང་། མོས་གུས་དང་། གཉིད་དུ་སོང་འདུག་སྙམ་པ་དང་། རྨི་ལམ་དུ་འདུག་སྙམ་པ་དང་། སྦྱང་བ་དང་། སྤེལ་བ་དང་། སྤྲུལ་པ་དང་། བསྒྱུར་བའོ།
།མདོར་ན་སྒྱུ་ལུས་དབང་པོ་འབྲིང་གི་སྟེང་དུ། སྒྱུ་ལུས་རྨི་ལམ་གཉིས་ཀ་དྲིལ་ནས་སྟན་ཐོག་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་པའོ།
།དྲུག་པ་ཡུལ་སྣང་ལ་བཞི་སྟེ། དང་པོ་དབང་པོ་རབ་དམིགས་མེད་གསལ་མཁྱེན་ནི། བག་ཆགས་འཁྲུལ་པའི་རླན་དང་བྲལ་བས་ཉིན་མཚན་མེད་པར་སངས་རྒྱས་ཀྱི་ཞིང་ཁམས་དང་། རིགས་དྲུག་གི་གནས་ལ་སོགས་པ་དག་པའི་ས་གསུམ་ལ་གནས་པ་ལྟར་མཁྱེན་ནོ།
།གཉིས་པ་འབྲིང་གང་བསམས་གསལ་མཐོང་ནི། རྨི་ལམ་ཟིན་ནས་སངས་རྒྱས་ཀྱི་ཞིང་ཁམས་ལ་སོགས་པ་བལྟ་བར་བསམ་པ་དང་། མཐོང་བ་དུས་གཅིག་ལ་འབྱུང་ངོ་།
།གསུམ་པ་ཐ་མ་ཡིད་ལུས་མཁའ་ལྡིང་ནི། རྨི་ལམ་ཟིན་ནས་ཁྱུང་ངམ། བྱ་རྒོད་ལ་སོགས་པར་སྤྲུལ་ཏེ། འཕུར་ནས་བལྟར་ཕྱིན་པས། གང་བལྟ་བར་འདོད་པ་དེ་ཉིད་དུ་སླེབ་ཅིང་མཐོང་བར་འགྱུར་རོ།
།བཞི་པ་དམན་པ་དམིགས་པའི་ཡུལ་སྣང་ལ་གསུམ་པས། དང་པོ་བདག་མེད་མས་ཡུལ་སྣང་གསལ་བྱེད་ནི། བླ་མའི་རྣལ་འབྱོར་བསྒོམས་ལ། བདག་འཛིན་དགོས་མེད། ཡུལ་སྣང་གཏན་ལ་ཕེབས་པར་གསོལ་བ་བཏབ་ལ། རང་ཡི་དམ་དུ་བསྒོམས་པའི་ལྟེ་བར་ཐོད་པ་ཕྱི་དཀར་ལ་ནང་དམར་བའི་ནང་དུ། ཨོཾ་ཨཱཿསྭཱ་ཧཱ་ཁ་དོག་སྣ་ཚོགས་སུ་འདུག་པ་ལ་དམིགས་ནས་བཟླས་པ་བྱས་པས། སྔགས་ལས་འོད་ཟེར་སྣ་ཚོགས་བྱུང་བའི་སྣ་ལས། བདག་མེད་མས་གཙོ་བྱས་པའི་ཡི་དམ་གྱི་ལྷ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཆོས་སྐྱོང་ལ་སོགས་པ་དཔག་ཏུ་མེད་པ་བྱུང་ནས་སྣ་བུག་གཡོན་ནས་ཕར་བྱོན་པས། འཇིག་རྟེན་གྱི་ཁམས་ཐམས་ཅད་གང་ནས་རང་རང་གི་སྔགས་དི་རི་རི་བཟློས་པར་བསམ། ཡང་བཟླས་པ་བྱས་པས་སྔགས་ལས་འོད་ཟེར་ཁ་དོག་ལྔས་སྣ་དྲངས་པའི་ཕྱི་ནང་གསང་གསུམ་གྱི་མཆོད་པ་དཔག་ཏུ་མེད་པ་བྱུང་ནས་སྣ་བུག་གཡས་ནས་ཕར་ཐོན་ཏེ། འོད་ཟེར་གྱིས་ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དུ་བསྒོམས། ནང་དུ་གནས་པའི་ཡི་དམ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་རྣམས་ལ་མཆོད་པ་ཕུལ་བར་བསམ། དེ་ནས་གཟུགས་སུ་སྣང་བ་ཐམས་ཅད་ཡི་དམ་ལྷ། སྒྲ་གྲགས་པ་ཐམས་ཅད་སྔགས་ཀྱི་རང་སྒྲ། དྲན་རྟོག་ཐམས་ཅད་སྒྱུ་མ་རྨི་ལམ་དུ་བསྒོམ་པ་ནི་ཉིན་མོའི་དམིགས་པའོ། །ནུབ་མོ་ཉལ་རྩ་ན། ལྟེ་བར་ཐོད་པའི་ནང་གི་ཡི་གེ་ཞུ་བ་ལས་བདག་མེད་མར་བསམ་ལ། ཡི་དམ་གྱི་ལྷ་ཁྱོད་ཀྱིས་དོ་ནུབ་ཀྱི་གནས་སྐབས་སུ་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་མཐོང་བ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་པ་རྒྱ་ཆེན་པོ་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་ལ། བདག་མེད་མའི་ཐུགས་ཀར་མེ་ལོང་གི་ངོས་ལྟ་བུ་ཕྱི་གསལ་ནང་གསལ་གཅིག་གི་ནང་དུ་འཇིག་རྟེན་གྱི་ཁམས་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་གང་བལྟ་བར་འདོད་པ་དེ། མེ་ལོང་ནང་གི་གཟུགས་བརྙན་བཞིན་དུ་བཀྲ་ལམ་མེར་བ་ལ་དམིགས་པ་གཏད་ནས་གཉིད་ལོག་པས། རྨི་ལམ་ཟིན་པར་དང་ཡུལ་སྣང་གཏན་ལ་ཕེབས་པ་དུས་མཉམ་དུ་འབྱུང་ངོ་།
།གཉིས་པ་ཨས་ཡུལ་སྣང་རང་གསལ་ནི། གསོལ་བ་བཏབ་ལ། རང་ཡི་དམ་དུ་བསྒོམས་པའི་རྩ་དབུ་མ་ཁྲུ་མ་ཕུས་བཏབ་པ་ལྟ་བུའི་ནང་དུ། ལྟེ་འོག་སོར་བཞིར་ཨ་དཀར་པོ་འོད་ཀྱི་རང་བཞིན་ཅན་གཅིག་ལ། ཉིན་མཚན་མེད་པར་རྩེ་གཅིག་ཏུ་བསྒོམ་པར་བྱའོ། །དེ་ལུས་ཀྱི་ཕྱི་ནང་དང་། ཕྱིའི་ཡུལ་སྣང་ཐམས་ཅད་ཇི་ལྟ་བ་བཞིན་དུ་མཐོང་བ་འབྱུང་ངོ་།
།གསུམ་པ་ཐིག་ལེས་ཡུལ་སྣང་གསལ་བྱེད་ནི། གསོལ་བ་བཏབ་ལ་རང་ཡི་དམ་དུ་བསྒོམས་པའི་སྤྱི་བོའི་ཧཾ་ལས་ཐིག་ལེ་དཀར་པོ་སྙིང་གར་བྱུང་། གསང་གནས་ཀྱི་ཧཱུྃ་དང་ལྟེ་བའི་ཨཾ་ལས་ཐིག་ལེས་དམར་པོ་སྙིང་གར་བྱུང་སྟེ། ཐིག་ལེ་གསུམ་པོ་འོད་དུ་ཁྱུག་ཁྱུག་འདུག་པ་ལས་གཅིག་ཏུ་གྱུར་ནས། རང་གི་སྙིང་གི་དཀྱིལ་དུ་ཐིག་ལེ་འོད་ཀྱི་རྣམ་པ་སྣང་ལ་རང་བཞིན་མེད་པར་བསམ། དེ་ལས་འོད་ཟེར་བྱུང་ནས་རང་གི་སྣ་བུག་ན་ཕར་འཕྲོས་ཏེ། གང་བལྟ་བར་འདོད་པ་དེའི་ཐུགས་ཀར་བཅུག་ལ། རང་གི་སྙིང་གེའི་ཐིག་ལེ་དང་། དེ་གཉིས་འོད་བ་ཐག་ལྟ་བུས་འབྲེལ་བ་སྐྱ་ན་རེ་བ་དེ་ལ་སེམས་གཏད་དོ། །དེ་རྣམས་ཀྱི་ཡུལ་སྣང་ཇི་ལྟ་བ་བཞིན་དུ་གཏན་ལ་ཕེབས་པར་འགྱུར་རོ།
།བཞི་པ་འོད་གསལ་ལ་གསུམ་སྟེ། སྔོན་འགྲོ། དངོས་གཞི། རྗེས་སོ།
།དང་པོ་ལ་བཞི་ལས། དང་པོ་རྩ་བ་མི་རྟག་སྐྱོ་ཤས་ནི། འཆི་བ་མི་རྟག་པ་དང་། འཁོར་བ་ལ་སྐྱོ་ཤས་དྲག་པོ་བསྐྱེད་པའོ།
།གཉིས་པ་ཡལ་ག་སྤྱོད་ལམ་དམ་རྫས་ནི། སྤྱོད་ལམ་ལ་ཁ་ཟས་སྣུམ། རྔུལ་ཐོན་ལས་རྣམས་སྤང་བར་བྱའོ། །དམ་རྫས་ནི་ཚིགས་དང་གཏོར་མ་ལ་སོགས་བཟང་དུ་བཤམས་ལ་འབུལ། གུ་གུལ་དང་། ཚིལ་ཆེན་གྱི་དུད་པ་བཏང་། ཐོད་པ་མཚན་ཉིད་དང་ལྡན་པའི་ནང་དུ། གཏོར་མ་ཤ་ལྔ་བདུད་རྩི་ལྔར་བྱིན་གྱིས་བརླབས་ནས་རས་སམ་དར་གྱིས་དྲིལ་ནས་སྔས་འོག་ཏུ་བཅུག །མཁའ་འགྲོ་འདུ་བའི་རྟེན་འབྲེལ་ལོ།
།གསུམ་པ་ལོ་འདབ་ཐབས་ལམ་རང་མདངས་ནི། ཁ་ཟས་བཅུད་ཅན་བརྟེན་པ་དང་། ཐབས་ལམ་བསྒོམས་པས་རླུང་སེམས་དང་འོད་གསལ་འཆར་རོ།
།བཞི་པ་གསོལ་འདེབས་མེ་ཏོག་འཆར་བྱེད་ནི། འོད་གསལ་བྱིན་རླབས་མོས་གུས་ཀྱི་གནད་ཡིན་པས། བླ་མ་ལ་ལོག་ལྟ་སྤངས་ནས། ཆོས་སྐུའི་འདུ་ཤེས་བསྐྱེད་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་པས། མོས་གུས་རབ་འབྲིང་དང་སྦྱར་ནས་འོད་གསལ་འཆར་བར་འགྱུར་རོ།
།དངོས་གཞི་ལ་བཞི་སྟེ། འོད་གསལ་བཟུང་བ། ལམ་ཁྱེར། བསྲེ་བ། མཐར་ཐུག་གི་འོད་གསལ་ལོ།
།དང་པོ་ལ་དགུ་སྟེ། དུས་ཀྱི་གནད་གསུམ་ནི། ཐོ་རངས། ནལ་ལངས། ཉི་ཤར་རོ།
།ལུས་ཀྱི་གནས་གསུམ་ནི། སྐྱིལ་ཀྲུང་། ཙོག་པུ། སེངྒེའི་ཉལ་ཐབས་སོ།
།དམིགས་པའི་གནད་གསུམ་ལ། དང་པོ་ཨས་བཟུང་བ་ནི། སེམས་བསྐྱེད། བླ་མའི་རྣལ་འབྱོར་བསྒོམས་ལ། བདག་འཛིན། དགོས་མེད། འོད་གསལ་འཆར་བར་མཛད་དུ་གསོལ། ཞེས་གསོལ་བ་གདབ། ལུས་ཡི་དམ་དུ་བསྐྱེད་པའི་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ་འོད་ཀྱི་རང་བཞིན་ཅན། ཡར་རྩེ་ཚངས་བུག་དམར་སྣ་གངས་གནས་སུ་ཟུག་པ་ཁྲུ་མ་ཕུས་བཏབ་པ་ལྟ་བུའི་ནང་། ལྟེ་འོག་སོར་བཞི་བཙལ་བར་ཨ་དཀར་ལ་དྭངས་པ། གསལ་ལ་མཚེར་བ་འོད་ཀྱི་རང་བཞིན་གཅིག་ལ་སེམས་གཏད་ལ། རིག་པ་འཇུར་འཇུར་དུའང་མ་སོང་། ཡེངས་ཀྱང་མ་ཡེངས་པར་བྱས་ལ། ཉིན་མཚན་མཉམ་རྗེས་ཐམས་ཅད་དུ་གསལ་ལ་རྟོག་མེད་དུ་བསྒོམ་མོ། །ཨ་སེམས་ཉིད་སྐྱེ་བ་མེད་པའི་རང་བཞིན་དུ་ཤེས་པར་བྱའོ། །གཉིད་དུ་འགྲོ་བའི་དུས་སུ། གཉིད་དང་རྨི་ལམ་གྱི་བར་དེར་རྟོག་པ་མ་ཚུད་པར་བྱས་ནས། མ་གཡེངས་པར་ཨ་ལ་སེམས་གཏད་པས། མ་རྟོགས་པ་རྣམས་ལ་གཏི་མུག་གི་གཉིད་མུན་བ་བཞིན་དུ་ཐིབས་ཀྱི་འགྲོ་རྒྱུ་གཅིག་ཡོད་པ་དེ། འོད་གསལ་ཟིན་ཅིང་རྟོགས་པ་རྣམས་ལ་སྤྲིན་མེད་སྟོན་ཀའི་ནམ་མཁའ་དྭངས་པ་ལ་ཉི་མའི་མདངས་འཕོག་པ་བཞིན་དུ། སྣང་བ་ཐམས་ཅད་གསལ་ལ་རྟོག་པ་མེད་པ། བདེ་ལ་ཞེན་པ་མེད་པའི་ཉམས་གཅིག་འཆར་རོ། །དེ་ལ་འོད་གསལ་ཟིན་པ་ཞེས་བྱའོ།
སུ་ཁས་གཉིད་དུ་འགྲོ་ཁ་སོགས་སུ་ཡིག་འབྲུ་ཨ་ལ་ཐིམ། ཨ་འོད་ཀྱི་རང་བཞིན་ལ་དམིགས་པ་རྩེ་གཅིག་ཏུ་གཏད་ལ་གཉིད་རྨི་ལམ་གྱི་བར་དུ་རྟོག་པ་མ་ཚུད་པར་ཉམས་སུ་བླངས་ན་འོད་གསལ་མི་འཆར་མི་སྲིད་ཅིང་། འཆོར་བ་ཡང་མི་སྲིད་གསུངས། ཉིན་པར་བཟླས་པ་བྱེད་ཚེ་འོད་ཀྱིས་འཁེངས་པ་དང་། ཁྱད་པར་ཨ་དཀར་པོ་ལ་མ་ཡེངས་པར་བྱའོ།
།གཉིས་པ་བདག་མེད་མས་བཟུང་བ་ནི། བླ་མའི་རྣལ་འབྱོར་སྔར་བཞིན་བསྒོམ། རང་གི་སྤྱི་བོར་ཀླད་རྒྱ་དང་ཐོད་པའི་བར་དུ་བདག་མེད་མ་དཀར་མོ་མཚོན་གང་བ་གཅིག་བསམ། དེའི་ཐུགས་ཀར་ཨ་དཀར་པོ་གཅིག་བསམ། དེ་ལས་འོད་ཟེར་འཕྲོས་པས། ཀླད་པ་གཏི་མུག་ཡིན་པས་ཐམས་ཅད་རང་བཞིན་མེད་པར་སྦྱངས་ནས། ཐོད་པ་དུང་ཁང་གི་ཞལ་ཡས་ཁང་སྐྱ་ལམ་མེ་བ་ལ་ཉིན་མཚན་དང་། ཁྱད་པར་དུ་གཉིད་དུ་འགྲོ་ཁར་དམིགས་པ་གཏད་དོ།
།གསུམ་པ་བླ་མ་ལ་བརྟེན་ནས་བཟུང་བ་ནི། བླ་མའི་རྣལ་འབྱོར་སྔར་བཞོན་བསྒོམ། ལུས་ཡི་དམ་དུ་བསྐྱེད་པའི་སྙིང་ཁར་པད་ཉིའི་སྟེང་དུ། བླ་མ་ཐིག་ལེ་རང་བཞིན་དངུལ་ཆུའི་མདོག་ཅན་ཉི་མ་འབུམ་གྱི་གཟི་བརྗིད་ལྟ་བུ་གཅིག་བསམ། དེའི་ཐུགས་ཀར་ཧཱུྃ་དཀར་སིང་སིང་བ་འོད་ཀྱི་རང་བཞིན་ཅན་གཅིག་བསམ། ཧཱུྃ་གི་འོད་ཀྱིས་བླ་མ་གསལ། བླ་མས་ཡི་དམ་གསལ་བ་ལ་སེམས་གཏད་དོ། ཁྱད་པར་དུ་ཧཱུྃ་དང་བླ་མ་ལ་ཉིན་མཚན་དང་། གཉིད་དུ་འགྲོ་ཁར་དམིགས་པ་རྩེ་གཅིག་ཏུ་གཏད་པར་བྱའོ། །དེ་རྣམས་ཀྱིས་འོད་གསལ་མི་ཟིན་མི་སྲིད་དོ།
།གཉིས་པ་ལམ་ཁྱེར་ལ་གཉིས་ལས། དང་པོ་ཉིན་པར་སྐུ་གསུམ་ལམ་ཁྱེར་ནི། ཨ་ལ་སེམས་གཏད་པ་བཞིན་དུ་རིག་པ་གྲིམ་ལྷོད་རན་པར་བྱས་ལ། ཅིར་སྣང་ཐམས་ཅད་ལ་མིག་འབུར་ཚུགས་སུ་བལྟས་ལ་སེམས་ཆེར་གཏད་པས། སྣང་བ་མ་འགག་པ་ལ་འཛིན་པ་མ་ཞུགས་པའི་གསལ་སྟོང་འཛིན་མེད་དུ་འཆར་རོ།
།དེ་ལ་གསལ་བ་སྤྲུལ་སྐུ། འཛིན་པ་མེད་པ་ཆོས་སྐུ། བདེ་བར་ཤར་བ་ལོངས་སྐུའོ།
།གཉིས་པ་མཚན་མོ་སྐུ་གསུམ་རང་ཤར་ནི། གཉིད་དང་རྨི་ལམ་གྱི་བར་དེར་རྟོག་པ་མ་ཞུགས་པར་བྱས་ལ། སྔར་གྱི་དམིགས་པ་ལ་སེམས་གཏད་ནས་གཉིད་ལོག་པས་གསལ་སྟོང་འཛིན་མེད་རང་ཤར་དུ་འབྱུང་ངོ་།
།གསུམ་པ་བསྲེ་བ་ལ་བཞི་ལས། དང་པོ་གསལ་སྟོང་བདེ་ཆེན་དུ་བསྲེ་བ་ནི། སྒོ་ལྔའི་ཡུལ་དུ་སྣང་བ་མ་འགག་པས་རྣམ་པ་གསལ་བ། དོན་ལ་གང་དུའང་གྲུབ་པ་མེད་པས་ངོ་བོ་སྟོང་པ། དེ་ལ་ཡིད་མ་ཡེངས་པར་གཏད་པས་འཛིན་པ་དག་ནས་ཉམས་མྱོང་བདེ་བའི་གཤིས་སུ་འཆར་རོ།
།གཉིས་པ་ཉིན་མཚན་དབྱེར་མེད་དུ་བསྲེ་བ་ནི། གསལ་ལ་རྟོག་པ་མེད་པ་དེ་ཉིད་ཉིན་མཚན་གཉིས་གཅིག་གིས་གཅིག་སྟོབས་བསྐྱེད་ཅིང་རྒྱས་གདབ་བོ།
།གསུམ་པ་ལྟ་སྟངས་ཀྱིས་མཉམ་རྗེས་སུ་བསྲེ་བ་ནི། མཉམ་བཞག་ལ་གསལ་སྟོང་འཛིན་མེད་རང་ཤར་ཀྱང་རྗེས་ཤེས་ལ་འགྲོ་འཆག་གིས་གཡོས་པར་གྱུར་ན། སྤྱོད་ལམ་ཐམས་ཅད་དུ་ཅིར་སྣང་ཐམས་ཅད་ལ་གླང་པོ་ཆེའི་ལྟ་སྟངས་ཀྱིས་བལྟས་པས། གསལ་ལ་རྟོག་མེད་དུ་འཆར་རོ།
།བཞི་པ་ཤེས་རབ་བདེ་སྟོང་དུ་བསྲེ་བ་ནི། རང་ལུས་ཐབས་ལྡན་གྱི་བདེ་བ་དང་། གཞན་ལུས་ཤེས་རབ་མའི་བདེ་བ་གང་སྐྱེས་ཀྱང་དེ་ཉིད་ལ་ཡིད་མ་ཡེངས་པར་གཏད་པས། བདེ་བའི་ཞེན་པ་དག་ནས་སྟོང་པར་འཆར་རོ།
།བཞི་པ་མཐར་ཐུག་ལ་ལྔ་ལས། དང་པོ་གསལ་སྟོང་རང་ཤར་གྱི་འོད་གསལ་ནི། དེ་ལྟར་བསྲེས་ནས་ཉམས་སུ་བླངས་པས་མངོན་དུ་འགྱུར་པ་ལ། ཚོགས་དྲུག་ཡུལ་དང་ཡུལ་ཅན་གྱི་སྣང་བ་ཐམས་ཅད་གསལ་སྟོང་རང་ཤར་དུ་འཆར་རོ།
།གཉིས་པ་བདེ་སྟོང་རང་ཤར་གྱི་འོད་གསལ་ནི། བདེ་བ་དེ་ཉིད་ཞེན་པའི་དྲི་མ་ཐམས་ཅད་དང་བྲལ་བ། ཟག་པ་མེད་པའི་བདེ་སྟོང་ཆེན་པོར་འཆར་རོ།
།གསུམ་པ་ཟབ་ཞི་སྤྲོས་བྲལ་གྱི་འོད་གསལ་ནི། བློ་ཡི་ཡུལ་པས་འདས་པས་ཟབ་པ། བཟུང་འཛིན་གྱི་རྟོག་པ་དག་པས་ཞི་བ། མཐའ་གཉིས་སམ། བཞི་འམ། བརྒྱད་ལས་གྲོལ་བས་སྤྲོས་པ་དང་བྲལ་བ། སེམས་ཀྱི་རང་འོད་ཤར་བས་འོད་གསལ། རྒྱུ་རྐྱེན་དང་བྲལ་བས་འདུས་མ་བྱས་པའོ།
།བཞི་པ་དབྱེར་མེད་མཐར་ཐུག་གི་འོད་གསལ་ནི། བདེ་གསལ་མི་རྟོག་པ་གསུམ་དབྱེར་མེད་རང་ཤར་དུ་ཉམས་སུ་མྱོང་ཞིང་ཐག་ཆོད་ངེས་ཤེས་སྐྱེས་པའོ།
།ལྔ་པ་དག་པ་གཉིས་ལྡན་གྱི་འོད་གསལ་ནི། དབྱིངས་རང་བཞིན་གྱི་རྣམ་པར་དག་པ་ལ། སྤང་བྱ་གློ་བུར་གྱི་དྲིས་མས་དག་པ་འམ། སྒྱུ་མ་རྨི་ལམ་དུ་བསྒོམས་པས་ཉོན་རྨོངས་པའི་སྒྲིབ་པ་དག་པ་དང་། སྒྱུ་འཛིན་དང་བྲལ་བའི་འོད་གསལ་ཕྱག་རྒྱ་ཆེན་པོ་བསྒོམས་པས་ཤེས་བྱའི་སྒྲིབ་པ་དག་པའོ།
།རྗེས་ལ་ལྔ་ལས། དང་པོ་དམ་ཚིག་གི་སྤྱི་དང་བྱེ་བྲག་ནི། རྩ་བའི་ལྟུང་བ་བཅུ་བཞི། ཡན་ལག་གི་ལྟུང་བ་བརྒྱད་དེ་ཉི་ཤུ་རྩ་གཉིས་དང་། འོད་གསལ་གྱི་དམིགས་པ་ལས་སྐད་ཅིག་ཀྱང་མ་གཡོས་ཤིང་མི་འདའ་བ་དང་། ལས་དང་པོ་པ་རྣམས་ཀྱིས་ཀྱང་བླ་མ་དང་མཆེད་གྲོགས་ལ་ལོག་ལྟ་སྤངས་ལ། མོས་གུས་དང་དག་སྣང་ཕྱོགས་མེད་དུ་བསྐྱེད་པ་དང་། འོད་གསལ་ཐིག་ལེའི་མདངས་ཡིན་པས་ཁམས་མི་ཉམས་ཤིང་འཕེབ་བ་དང་བཅས་པའོ།
།གཉིས་པ་གེགས་སེལ་ཉེས་སྐྱོན་རང་གྲོལ་ནི། གསལ་སྟོང་འཛིན་མེད་ཀྱི་གེགས་སམ་བདུད་འཛིན་པའི་རྣམ་རྟོག་ཡིན། རྟོག་པ་སེམས་ཡིན། སེམས་སྐྱེ་མེད་ཡིན་པས་ཉེས་སྐྱོན་ཅི་བྱུང་ཡང་རང་གྲོལ་རང་དག་རང་སྟོང་དུ་ཤེས་པར་བྱའོ།
།གསུམ་པ་བོགས་འདོན་ཐེ་ཚོམ་གཅོད་བྱེད་ནི། དུས་གསུམ་སངས་རྒྱས་བྱོན་ཀྱང་གསལ་སྟོང་འཛིན་མེད་ལས་ལྷག་པ་བསྟན་རྒྱུ་མེད་པར་ཐག་བཅད་ཅིང་ངེས་ཤེས་བསྐྱེད་པར་བྱའོ།
།བཞི་པ་ཁྱད་འཕགས་འཆར་སྒོ་ངོས་འཛིན་ནི། བླ་མའི་ཤལ་ལས་ཤེས་པར་བྱའོ།
།ལྔ་པ་ཉམས་རྟོགས་ཉིན་མཚན་ཁྱད་པར་ནི། ཞིག་ཅིང་ཡལ་འགྲོ་བས་ཉམས་དང་། མི་འགྱུར་ཞིང་བརྟན་པས་རྟོགས་པའོ། །དེ་ལ་ཉིན་མཚན་ནི་གཉིད་སད་རྒྱུ་ཡོད་མེད་དང་། སྟོབས་ཆེ་ཆུང་ངམ། བཟང་ངན་གྱི་ཁྱད་པར་རོ།
།ལྔ་པ་འཕོ་བ་ལ་བཞི་སྟེ།
དང་པོ་ཆོས་སྐུ་དེ་བཞིན་ཉིད་ཀྱི་འཕོ་བ་ནི། རང་སེམས་འཆི་མེད་དུ་རྟོགས་པའམ། འཕོ་བྱ་འཕོ་བྱེད་དང་བྲལ་བར་རྟོགས་པའོ།
།གཉིས་པ་ཟུང་འཇུག་ཡི་དམ་གྱི་འཕོ་བ་ནི། རང་གི་སྤྱི་གཙུག་ཏུ་ཡི་དམ། དེའི་སྤྱི་བོར་བླ་མ་བསྒོམས་ལ། བདག་འཛིན། དགོས་མེད། བར་དོར་སངས་རྒྱ་བར་གསོལ་བ་གདབ། ལྟེ་བར་རང་གི་རྣམ་ཤེས་ཡི་དམ་གྱི་ས་བོན་དང་དབྱེར་མེད་ཧཱུྃ་དུ་བསམ་ལ། ས་བོན་དེ་ཉིད་སྤྱི་གཙུག་ནས་ཐོན་ཏེ་ཡི་དམ་གྱི་ཐུགས་ཀར་ཐིམ་པས་ཡི་དམ་དང་རང་སེམས་དབྱེར་མེད་དུ་གྱུར་པར་བསམ་མོ།
།གསུམ་པ་བྱིན་རླབས་བླ་མའི་འཕོ་བ་ནི། རང་ཡི་དམ་དུ་བསྒོམས་པའི་སྤྱི་བོའི་མདའ་གང་ཙམ་གྱི་ནམ་མཁའ་ལ་བླ་མ་བསྒོམས་ལ་གསོལ་པ་སྔར་བཞིན་གདབ། ལྟེ་བར་རང་གི་སེམས་ཉིད་ཆོས་སྐུའི་རང་བཞིན་ཐིག་ལེ་དཀར་པོ་གཅིག་ཏུ་བསམ། ཐིག་ལེ་དེ་མདའ་འཕངས་བ་བཞིན་དུ་སྤྱི་བོ་ནས་ཐོན་ཏེ་བླ་མའི་ཐུགས་ཀར་ཐིམ་པས། བླ་མའི་ཐུགས་ཆོས་སྐུ་དང་རང་གི་སེམས་ཉིད་རྣམ་པར་མི་རྟོག་པ་ཆོས་སྐུའི་རང་བཞིན་དབྱེར་མེད་དུ་གྱུར་པར་བསམས་ལ། མོས་གུས་རྩེ་གཅིག་ཏུ་བྱའོ།
།བཞི་པ་འཆུག་མེད་མཁའ་སྤྱོད་ཀྱི་འཕོ་བ་ནི་ཟུར་དུ་སྟོན་ནོ།
འདིར་འཕོ་བ་ཡེ་ཤེས་སྐར་ཁུང་མ་ལ་ཕྱག་ལེན་མཛད་དེ། དེ་ལ་སེམས་བསྐྱེད་དང་བླ་མའི་རྣལ་འབྱོར་བསྒོམས་ལ། །སྔར་བཞིན་གསོལ་བ་གདབ། བཟླས་པ་ཅི་རིགས་གཅིག་བྱའོ། ༼སུ་ཀ་མས་བཤད་པའི་བཟླས་ལུགས་སོ།༽ དེ་ནས་རང་ཡི་དམ་དུ་གནས་པའི་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ་འོད་ཀྱི་རང་བཞིན་ཅན། ཡར་རྩེ་ཚངས་བུག་ཏུ་སླེབ་པ། མར་སྣ་གསང་གནས་སུ་ཟུག་པ། སྟོང་སང་ངེ་ཡོད་པའི་ནང་ལྟེ་བའི་དབུས་ཐད་ཀར་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ། འོད་ཀྱི་རང་བཞིན་ཅན་ཟུར་མདུན་དུ་བསྟན་པ། ལོགས་སྒལ་ས་ལ་བསྟན་པ་གཅིག་བསམ། དེའི་ནང་དུ་རྣམ་པར་ཤེས་པའི་རང་བཞིན་ཨ་དཀར་པོ་འོད་འཕྲོ་བ་དང་བཅས་པ་འཕིར་ལ་ཁད་པ་གཅིག་བསྒོམ་པར་བྱའོ། །དེ་ནས་རླུང་རོ་ལན་གསུམ་ཕྱིར་བསལ་ལ། སྐེད་པ་ཉེག་ཉེག་པ་ལན་གསུམ་བྱས་ལ་སྒལ་ཚིགས་བསྲངས་ལ། སྟེང་འོག་གི་རླུང་ནར་གྱིས་དྲངས་ནས་དྲག་ཏུ་བཟུང་ཁྱད་པར་འོག་རླུང་དྲག་པོ་དྲངས་ཏེ་ལྟེ་བ་སྒལ་པ་ལ་ཆར་གྱིས་བཅར་བས། ལྟེ་བའི་ཆོས་འབྱུང་ཁ་ནང་དུ་བཅར་གྱིས་སོང་བ་དང་ལྟེ་བའི་ཨ་དེ་རང་དབང་མེད་པར། ཨ་ཝ་དྷུ་ཏཱིའི་ནང་དུ་ཡར་རྒྱངས་ཀྱི་སོང་བ་དང་། ཨ་འོད་དུ་ཡལ་ནས་སོང་སྟེ། དེའི་ངང་ལ་ཕྱག་རྒྱ་ཆེན་པོར་ལྷན་གྱིས་བཞག། དེ་འདྲ་བ་ཐེངས་བདུན་བྱའོ། ༼སུ་ཀ་མས་ཐུན་རེ་ལ་ཉེར་གཅིག་རེ་བྱ་བར་བཤད།༽ དེ་ནས་རྗེས་ལ་སྤྱི་བོར་ཨ་གཅིག་ལམ་གྱིས་བྱུང་བར་བསམ་ལ། ཚངས་པའི་བུ་ག་ནས་སོང་ནས་རྩ་དབུ་མའི་ནང་ན་མར་བདེ་ཕྲི་ལི་ལི་སོང་པས་ཆོས་འབྱུང་ནང་དུ་དཀར་ཡེར་གྱིས་བྱུང་བ་དང་། བདེ་སྟོང་གཉིས་སུ་མེད་པའི་ངང་དུ་སིང་གིས་བཞག་གོ །དེ་ལྟ་བུའི་སྦྱོར་བ་ནུས་ཚད་དུ་བསྒོམ་པར་བྱའོ། །དེ་ལྟར་རྟགས་རབ་འབྲིང་གསུམ་དུ་འབྱུང་སྟེ། རབ་ལ་སྤྱི་བོ་བརྡོལ་ནས་ཁྲག་དང་ཆུ་སེར་འོང་། འབྲིང་གིས་སྤྱི་བོ་སྐྲངས་ནས་འོང་། ཐ་མ་སྤྱི་བོ་ཟ་བ་དང་འགུལ་བ་དང་འཕྲིག་པ་ལ་སོགས་པ་འོང་ངོ་། །དང་པོ་ལྟག་པའི་རྩ་གཡས་གཡོན་བརྒྱངས་ནས་ན་བ་དང་། མི་རྟོག་པར་སོང་ན་རབ་མདུན་གྱི་རྩ་ན་བ་དང་མི་རྟོག་པ་འབྲིང་། ཐ་མ་མགོ་ཟ་རྩེག་པ་མང་པོ་འོང་སྟེ། དེས་མི་འོང་བས་གོང་མ་གཉིས་པོ་རང་དགོས་གསུང་ངོ་། དེ་ལྟར་བྱུང་ཙ་ན་འབྱོངས་པའི་རྟགས་ཡིན་ནོ། །བསྒོམ་པའི་དུས་སུ་ཐལ་གྱི་དོགས་ན། རིན་པོ་ཆེ་སྣོད་ཀྱིས་མགོ་ནས་མནན། དེས་ཐུབ་ལ་གཞན་གྱིས་མི་ཐུབ་གསུང་ངོ་། །དེ་ལྟར་བསྒོམས་པའི་རྟེན་གྱི་གང་ཟག་དེ་ལ། ནམ་ཞིག་འཆི་ལྟས་ཚང་ཞིང་ངེས་པར་འཆི་བར་ཡིད་ཆེས་སམ། ཡང་ན་ཁྱད་པར་གྱི་བལྟས་ནི། བླ་མ་ར་ཧུ་ལའི་བཞེད་ཀྱིས། མཉམ་དུ་རྒྱུ་ན་རྣལ་འབྱོར་མྱུར་དུ་འཆི། ཞེས་བཤད་པས་སྲོག་རླུང་དབུ་མར་འདུས་པའི་རྟགས་ཁ་སྣ་གཉིས་ནས་རླུང་དུས་གཅིག་ལ་མཉམ་ཤྭ་ཤྭ་བྱུང་ན་རྟགས་དེས་འཆི་ངེས་པ་ཡིན་པས། རང་གི་ལུས་ལོངས་སྤྱོད་ཉེ་དུ་དང་འབྲེལ་པ་གང་ལའང་ཆགས་པར་མི་བྱ། སྣ་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རྨི་ལམ་སྒྱུ་མར་ཤེས་པར་བྱས་ལ་གང་ལ་ཡང་ཆགས་པར་མི་བྱའོ། །སྐྱབས་འགྲོ་དང་སེམས་བསྐྱེད་བྱ། ལྷ་སྐུ་དྲན་པར་བྱས་ལ་སྤྱི་བོར་བླ་མ་བསྒོམས་ལ་གསོལ་བ་གདབ། གཞན་དོན་གྱི་སྨོན་ལམ་རྣམ་པར་དག་པ་རྒྱ་ཆེན་པོ་གདབ། འདུ་འཛི་དང་གཡེང་བ་ཕྱིར་བསྐྱེད་ནས་རང་གཅིག་པུར་བསྡད་ནས་འཕོ་བར་བྱ་སྟེ། དེ་ཡང་སྔོན་དུ་རྩ་ཁ་འབྱེད་པའི་གདམས་ངག་ནི། རང་དང་བུད་མེད་ཐིག་ལེ་ཡིས། རླུང་སེམས་གཉིས་པོ་ཡར་ལ་འདྲེན། ཚ་ལས་རྩ་ཁ་འབྱེད་པར་བྱེད། མི་ཡི་ཀླད་པས་བར་ཆད་བསྲུང་། ཞེས་བཤད་དོ། །དེ་ལྟར་རྫས་བཞི་པོ་དེ་ལག་མཐིལ་དུ་སྲིན་ལག་གཡོན་པས་མཉེས་ལ་ཡི་དམ་ལྷའི་སྔགས་བཏབ་སྟེ། སྤྱི་བོར་བྱུགས་ལ་རླུང་མི་བཟུང་བར་རང་སོར་བཞག་གོ
།དམིགས་པ་ནི། ཆོས་འབྱུང་གི་ཨ་ཡར་ལ་རྒྱངས་བཏང་ནས་སྐྱེ་མེད་ཀྱི་ངང་ལ་བཞག་ནས། དེའི་ངང་ལས་འཕོ་བར་བྱའོ། །དེ་ལྟར་བྱས་པས་བར་དོར་འོད་གསལ་ཕྱག་རྒྱ་ཆེན་པོ་རྟོགས་ཏེ། མངོན་པར་རྫོགས་པར་སངས་རྒྱའོ། །ཡང་བྱང་ཆུབ་ཀྱི་སེམས་སྔོན་དུ་སོང་བས་རང་ཡི་དམ་དུ་བསྐྱེད་པའི་ལྟེ་བར་ཆོས་འབྱུང་གི་ནང་དུ་ཡི་གེ་ཨ་དཀར་གཅིག་བསྒོམ། དེ་ནས་འོག་རླུང་འཐེན། སྟེང་རླུང་མནན་པས་ཨ་དེ་ཨ་ཝ་དྷུ་ཏཱིའི་ནང་ན་ཡར་སོང་པས་སྤྱི་བོ་ན་ཨ་ཨ་ཀར་རྒྱངས་རྒྱངས་སོང་བ་དང་། སྟོང་པ་ཉིད་ཀྱི་ངང་དུ་སོང་བར་བསམ་མོ། །དེས་ནི་བར་དོར་སངས་རྒྱས་པར་འགྱུར་རོ། ༼འཕོ་བ་རྣམས་ཙོ་ག་པུ་མ་ནུས་ན་སེང་གེའི་ཉལ་ཐབས་བྱས་ནས་ལས་ལ་སྦྱོར།༽ བསྡུས་པའོ།
།དྲུག་པ་བར་དོ་ལ། ༼སུ་ཀ་མས་ལྟེ་བའི་ཨ་ལས་འོད་འཕྲོས་ཡིག་འབྲུ་བཞི་ངོ་བོ་ཡི་གེ་རྣམ་པ་ལྷ་ཞལ་གཅིག་ཕྱག་གཉིས་པ་གྲི་ཐོད་འཛིན་པ་ལ་ཕོག་པས་འོད་དུ་གྱུར་གསལ་ལ་རྟོག་མེད་དུ་བཞག །རེས་བཟླས་བ་བྱ། སྤྱིར་སྣང་ཐམས་ཅད་བར་དོར་ལམ་དུ་ཁྱེར་ཞེས་བྱུང་ངོ་།༽ དབང་པོ་རབ་རྣམ་སྨིན་གྱི་ལུས་ལ་སངས་རྒྱ། འབྲིང་བག་ཆགས་ཀྱི་ལུས་ལ་སངས་རྒྱ། ཐ་མ་དེ་གཉིས་ཀྱི་དུས་སུ། ཉམས་སུ་བླངས་པ་དེ་ས་བོན་གྱི་ཚུལ་དུ་སོང་ནས། བར་དོར་ཡིད་ལུས་ལ་སངས་རྒྱའོ།
།དེ་ལ་བཞི་ལས། རབ་བར་དོ་དང་པོའི་འོད་གསལ་རང་ཤར་ནི། ཡུལ་དང་འགྱུ་ས་དང་སྣང་མཆེད་ལ་སོགས་པའི་ཐིམ་འགྲོས་ངོས་བཟུང་ཞིང་། ལམ་ཁྱེར་གསུམ་དང་གཉུག་མའི་ངང་དུ་བཞག་པས་བླ་མའི་བྱིན་རླབས་དང་གདམས་ངག་གིས། རང་བཞིན་གྱི་འོད་གསལ་དང་བསྒོམས་པའི་འོད་གསལ་གཉིས་མ་དང་བུ་ཕྲད་པ་ལྟར་ངོ་འཕྲོད་དེ། འོད་གསལ་དེ་ཉིད་ལ་གནས་པས། བར་དོ་རིགས་དྲུག་གི་གྲོང་ཁྱེར་མི་མཐོང་བར་འོད་གསལ་ཆོས་སྐུ་སྐྱེ་མེད་དེ་ལས་གཟུགས་སྐུ་གཉིས་འགག་མེད་རང་ཤར་ལྷབ་ལྷུབ་ཏུ་བྱུང་ནས། དེས་འཁོར་བའི་རྒྱ་མཚོ་མ་སྟོངས་བར་དུ་གང་ལ་གང་འདུལ་གྱི་སེམས་ཅན་སྨིན་ཅིང་གྲོལ་བར་བྱེད་དོ།
།འབྲིང་རྒྱལ་བ་ལོངས་སྐུ་རང་ཤར་ནི། འོད་གསལ་མ་ཟིན་ན་སྒྱུ་ལུས་བསྒོམ་སྟེ། དེའང་བདུན་ཕྲག་དང་པོའི་ཞག་ཕྱེད་དང་བཞི་ཚུན་ཆད་སྐྱེ་བ་སྔ་མའི་ལུས་ལ་སོགས་པའི་སྣང་བ་འབྱུང་ཞིང་། དུས་དེར་བར་དོར་ངོ་ཤེས་པ་མི་འབྱུང་བས་མ་དག་པའི་སྒྱུ་ལུས་སོ། །དེས་ནས་ཕྱེད་དང་བཞི་སོང་མ་ཐོག་ནས། ཕྱི་མའི་ལུས་ཀྱི་སྣང་བ་ཡུད་ཙམ་རེ་ཤར་བ་ན། ང་ཤི་འདུག་སྙམ་དུ་ཤེས་པ་གཅིག་འོང་སྟེ། དེའི་དུས་སུ་སྔར་གདམས་ངག་ཡོད་པ་རྣམས་ཀྱི་བླ་མའི་ཞལ་ནས་བར་དོ་ལ་བར་དོར་ངོ་ཤེས་པར་གྱིས་ལ། རྒྱལ་བ་ལོངས་སྐུ་ཉམས་སུ་ལོང་ཅིག་གསུང་པའི་དུས་དེར་སླེབ་འདུག་པས། བར་དོ་ལ་སྐྲག་པར་མི་བྱ་སྟེ་དུས་དེར་སངས་རྒྱ་བའི་ཕྱིར་རོ། །སྙམ་དུ་བསམས་ནས་དག་པའི་སྒྱུ་ལུས་བསྒོམ་པ་ནི། སེམས་བསྐྱེད་དང་བླ་མའི་རྣལ་འབྱོར་བསྒོམས་ལ། བདག་འཛིན། དགོས་མེད། བར་དོར་རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པར་གསོལ་བ་བཏབ། ང་ཤི་ནས་འདུག་སྣང་བ་འདི་བར་དོའི་སྣང་བ། ལུས་འདི་ཡིད་ཀྱི་ལུས། གྲོགས་འདི་བར་དོའི་གྲོགས། ཟས་གོས་ཐམས་ཅད་བར་དོའི་ཟས་གོས་སུ་འདུག །བར་དོའི་སྣང་བ་ཐམས་ཅད་རང་སྣང་། རང་སྣང་ཐམས་ཅད་བདེན་མེད་སྒྱུ་མ་རྨི་ལམ་དུ་བསྒོམས་ལ། ཡི་དམ་གྱི་སྤྲུལ་བསྒྱུར་ལ་འདུན་པ་བཏང་། ཁྱད་པར་དུ་ཕྱི་སྣོད་གཞལ་ཡས་ཁང་། ནང་བཅུད་ལྷ་དང་ལྷ་མོ། རང་ལུས་གསུམ་ལྡན་གྱི་ལྷ་སྐུ་བསྒོམ་པ་ནི། རང་གི་ལུས་ལྷ། ངག་སྔགས། ཡིད་ཀྱི་དྲན་རྟོག་སྒྱུ་མ་རྨི་ལམ་དུ་བསྒོམ་མོ། དེ་ལྟར་ཉམས་སུ་བླངས་པས་སྔར་བསྒོམས་པ་དང་རྨི་ལམ་དུ་བྱུང་བའི་སྟོབས་ཀྱིས། རང་ཉིད་རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། སྣང་ལ་རང་བཞིན་མེད་པ་གསལ་ལ་རྟོག་པ་མེད་པ་བདེ་ལ་ཞེན་པ་མེད་པའི་ལྷ་སྐུ་ཕྱག་རྒྱ་ཆེན་པོ། ཆོས་སྐུའི་ངོ་བོ། ལོངས་སྐུའི་རྣམ་པ། སྤྲུལ་སྐུའི་ཕྲིན་ལས། དབྱེར་མེད་བདེ་བ་ཆེན་པོའི་སྐུ་རང་ཤར་དུ་བྱུང་སྟེ། དེས་འཁོར་བའི་རྒྱ་མཚོ་ཆེན་པོ་མ་སྟོངས་བར་དུ། གང་ལ་གང་འདུལ་གྱི་སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བར་བྱེད་པར་འགྱུར་རོ། །རྨི་ལམ་དུ་ལྷ་སྐུ་རང་ཤར་ཡུད་ཙམ་ཅིག་བྱུང་ན་ལོངས་སྐུའི་ས་བོན་ཐེབས་པ་ཡིན་པས། བར་དོར་ལོངས་སྐུར་སངས་མི་རྒྱ་མི་སྲིད་གསུངས་སོ།
།ཐ་མ་སྤྲུལ་སྐུ་འཆུག་མེད་རང་ཤར་ནི། ལོངས་སྐུ་ལ་མ་གནས་ན་རང་ཉིད་ཤི་ནས་བར་དོར་ཤེས་ཏེ་དངངས་སྐྲག་གི་སྡུག་བསྔལ་ཆེན་པོ་འབྱུང་ངོ་། །དེའི་རྗེས་ལ་ཕ་མ་དང་ཕོ་མོ་ལ་སོགས་པ་ལ་འདོད་ཆགས་སྐྱེས་ནས་དེ་ལ་བརྟེན་པའི་ཕྲག་དོག་གིས་མིག་སེར་སྐྱེས་ཏེ། ཆགས་སྡང་དེས་མཚམས་སྦྱར་ནས་སྐྱེ་བ་ལེན་པར་འགྱུར་རོ། །དེ་ལ་ང་ཤི་འདུག་སྙམ་པའི་དུས་དེར་བར་དོ་ལ་མི་སྐྲག་པར་བྱས་ལ། ཀྱཻ་མ་ཆགས་སྡང་གི་སྐྱེ་བ་ལེན་པ་ནི་ཤིན་ཏུ་སྡུག་བསྔལ་བ་སྟེ། ད་ནི་བདེ་ཆེན་གྱི་ཞིང་དུ་འགྲོའོ་སྙམ་དུ་བསམས་ལ། བླ་མའི་རྣལ་འབྱོར་བསྒོམས་ལ། བདག་འཛིན། དགོས་མེད། བར་དོར་སྤྲུལ་སྐུར་སངས་རྒྱ་བར་གསོལ་བ་བཏབ། སྣང་བ་འདི་བར་དོའི་སྣང་བ་ལ་སོགས་པ་གོང་དང་མཐུན། བར་དོའི་སྣང་བ་ཐམས་ཅད་རང་སྣང་། རང་སྣང་ཐམས་ཅད་བདེན་མེད་སྒྱུ་མ་རྨི་ལམ་དུ་བསྒོམ་མོ། །དེ་ནས་རང་གི་མདུན་དུ་ཆོས་འབྱུང་གྲུ་གསུམ་མཐིང་ཀའི་ནང་དུ། རང་གི་སེམས་ཧཱུྃ་སྔོན་པོ་གཅིག་ཏུ་བསམ། དེ་ལས་འོད་ཁ་དོག་སྣ་ལྔ་འཕྲོས་པས། སྐྱེ་གནས་ལྔའི་འདས་པའི་མངལ་གྱི་ལན་ཆགས་དག །ད་ལྟར་གྱི་དྲི་མ་སྦྱངས། མ་འོངས་པའི་མངལ་སྒོ་བཀག་པར་བསམ་མོ། །དེ་ནས་ཧཱུྃ་དེ་ཡོངས་སུ་གྱུར་པ་ལས་རངཉིད་ཡི་དམ་ཡབ་ཡུམ་དུ་བསམ། བར་དོའི་ཆགས་སྡང་གི་ཡུལ་ཕོ་མོར་སྣང་བ་དེ་ལ། ཞེ་སྡང་སྐྱེ་བའི་ཡུལ་དེ་བདེ་མཆོག་ཡབ་དང་། འདོད་ཆགས་སྐྱེ་བའི་ཡུལ་དེ་རྗེ་བཙུན་མ་ཡུམ་རྐྱང་དུ་བསྒོམས་ལ། ཡིད་ཀྱིས་སྤྲུལ་པའི་མཆོད་པ་དབུལ་ཞིང་གསོལ་བ་གདབ། སྒྲ་གྲགས་པ་ཐམས་ཅད་སྔགས་ཀྱི་རང་སྒྲ་དྲན་རྟོག་ཐམས་ཅད་ལ་གླང་པོ་ཆེའི་བལྟ་སྟངས་ཀྱི་ལྷ་སྐུ་ཕྱག་རྒྱ་ཆེན་པོ་ལ་སྐད་ཅིག་མ་གསུམ་ཙམ་མཉམ་པར་བཞག་པ་དང་། བར་དོའི་གཤིན་རྗེའི་གཟུགས་ཡི་དམ། གསོས་ཅིག་ཆོམ་ཅིག་གི་སྒྲ་སྔགས། དངངས་སྐྲག་དང་། དྲན་རྟོག་ཆོས་ཉིད་དུ་གྲོལ་ནས་ཕྱི་ནང་སྣོད་བཅུད་ཐམས་ཅད་དང་། རང་ལུས་སྣང་སྟོང་ཞེན་བྲལ་གྱི་ལྷ་སྤྲུལ་སྐུའི་སྣང་བ་འབའ་ཞིག་རང་ཤར་དུ་བྱུང་ནས། དུས་དེ་ཉིད་དུ་སྤྲུལ་སྐུར་སངས་མི་རྒྱ་མི་སྲིད་དོ། །བར་དོ་གསུམ་གྱི་བཤད་པ་རྒྱས་པར་བླ་མ་ཁྱུང་པོས་མཛད་པ་ལས་ཤེས་པར་བྱོ།
།སྤྱིའི་གནད་འཆུག་མེད་ལམ་ཁྱེར་ནི། །བླ་མ་ཡི་དམ་སྒྱུ་མ་གསུམ། །འབྲལ་བ་མེད་པར་ལམ་དུ་ཁྱེར། །བར་དོའི་འཇིགས་པ་ཆེན་པོ་ལ། །འཆུག་པ་མེད་པའི་གདམས་ངག་གཅེས། །དེ་ལྟར་ཉམས་སུ་བླང་ངོ་། །སྙན་བརྒྱུད་བདུད་རྩིའི་རྒྱ་མཚོ་ལས། །དམ་ཅན་མཁའ་འགྲོ་དངོས་སུ་འདུག །བྱིན་རླབས་བཀའ་བབས་གཏིང་མཐའ་མེད། །སྙན་གྲགས་རྦ་རླབས་ཕྱོགས་བཅུར་ཁྱབ། །ཞལ་གདམས་བྲི་བར་མི་རིགས་ནའང་། །ཟིན་བྲིས་མི་འདྲ་འགའ་མཐོང་བས། །དད་ལྡན་ཐེ་ཚོམ་སྤང་བའི་ཕྱིར། །འཆུག་མེད་གནད་ཀྱི་ཐིམ་ཡིག་བཀོད། །བདག་གིས་བླ་མ་ལོ་མང་བསྟེན། །མོས་གུས་སྙིམ་པས་དངོམས་པར་འཐུངས། །ནན་ཏན་བློ་ལ་འཇེམ་པར་བྱས། །ཚོགས་མཆེད་གསེར་གྱི་མཎྜལ་ཕུལ། །བཀའ་ཡི་གནང་བ་ལེགས་པར་ཞུས། །རང་བཟོ་སྤངས་ཏེ་གསུང་བཞིན་བཀོད། །མཁས་འདོད་བསྲེད་སླད་མ་བྱེད་ཨང་། །བྱས་ན་བྱིན་རླབས་གནད་འཆུག་པས། །ཆོས་བདག་མཁའ་འགྲོའི་ཚོགས་རྣམས་དང་། །ཡེ་ཤེས་མགོན་པོའི་བཀའ་ཆད་མཆི། །ལུང་བསྟན་བཅས་པ་འབྲི་བསམ་ནའང་། །མཁའ་འགྲོའི་ལུང་བསྟན་རྨི་ལམ་ཐོབ། །ནོངས་པ་བཟོད་གསོལ་དགེ་བ་དེས། །ལུས་ཅན་ལམ་མཆོག་འདིར་ཞུགས་ཏེ། །སྒྱུ་མའི་ཏིང་འཛིན་མཐར་ཕྱིན་ནས། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག
།ཆོས་དྲུག་རྡོ་རྗེ་ཚིག་གི་འགྲེལ་པ་བདུད་རྩིའི་རྒྱ་མཚོ་ཞེས་བྱ་བ། །སྔགས་འཆང་པྲཉྫཱ་ཤཱི་ལ་དྷྭ་ཛས་ཡི་གེར་བཀོད་པའོ།
ཤུ་བྷཾ་སྟུ་སརྦ་ཛག་གཏཱཾ།། །།