Bla ma shangs pa'i gdams pa 'jam dpal rgya lugs
Resource ID | SCv10p419 |
---|---|
Title | bla ma shangs pa'i gdams pa 'jam dpal rgya lugs |
Topics | Manjushri |
Sub-Topics | Instructions |
Author | Khyungpo Neljor |
Link | BDRC W23922 BDRC W3CN18508 |
༄༅། །བླ་མ་ཤངས་པའི་གདམས་པ་འཇམ་དཔལ་རྒྱ་ལུགས་བཞུགས།།
།བདག་མཛད་བླ་མ་རྣམས་ལ་ཕྱག་འཆོལ་ལོ།
།དལ་འབྱོར་གྱི་རྟེན་མི་ལུས་གཙང་མ་ཐོབ་པ་རྣམས། འཕགས་པ་འཇམ་དཔལ་འདོན་པ་ལ་ཐུགས་དམ་མཛད་ན། འདི་ལྟར་བསྒོམ་པ་ཡིན་ཏེ། དེའང་འཕགས་པ་འཇམ་དཔལ་འདིའི་ཉན་བཤད་བྱ། འདིས་མཁའ་འགྲོ་མ་མང་པོའི་དགོངས་པ་བསྐོང་དགོས་པ་ཡིན་གསུང་། འདི་གཉན་ཡང་ཤིན་ཏུ་གཉན། འདིའི་འདོན་ཐབས་འདི་བསོད་ནམས་ཀྱང་ཤིན་ཏུ་ཆེ། སླ་ཡང་སླ། འདི་ཉམས་སུ་བླང་ཡང་བདེ་བ་ཡིན་པར་གདའ། དེ་ཡང་བླ་མ་ཞོང་པ་དེ་ཀླུ་ལུང་དུ་བྱོན་པ་གཅིག་ལ། བཤེས་གཉེན་རྒྱ་ཆེན་པོ་དེས། བླ་མ་ཞོང་ཞོང་པའི་དྲུང་དུ་བྱོན་ནས། དགེ་བའི་བཤེས་གཉེན་པ་ལགས། ཁྱེད་རྒྱ་གར་དུ་ལན་མང་དུ་བྱོན་པ་ལས་གདམས་ངག་ གི་ཕུང་པོར་བཞུགས་པ། བདག་ལ་ཁྱེད་ཀྱིས་སྐྱེ་བ་ཕྱི་མ་ལ་ངན་སོང་གསུམ་དུ་མི་ལྟུང་བའི་གདམས་ངག་གཅིག་ཞུ་འཚལ་བྱས་པས། བཤེས་གཉེན་ཞོང་ཞོང་པའི་ཞལ་ནས། ཁྱེད་སྦྱོར་ལམ་ལ་གནས་པ་སངས་རྒྱས་མ་ཆགས་པདྨ་ཅན་གྱི་ཞལ་གཟིགས་པ་ལ་དེའི་དགོས་མེད་དེ། ཕྱི་རབས་ལ་ཕན་ཕྱིར་ཡིན་གསུང་། དེ་ལ་ཕ་རོལ་ཏུ་ཕྱི་པ་ལ་སོགས་པའི་གདམས། ངག་ནི་ཁྱེད་རང་ཟབ། གསང་སྔགས་ཀྱི་གདམས་པ་ཟབ་མོ་ཡོད་དེ། དེ་ནི་ཁྱེད་ཐུགས་དམ་མི་མཛད་པས་མི་ཡོང་། འཕགས་པ་འཇམ་དཔལ་འདི་ཐུགས་དམ་མཛོད་ལ། ཉི་མ་རེ་ལ་ཚར་གསུམ་གསུམ་མ་ཆག་པ་གཅིག་ཐོན། ངན་སོང་གསུམ་དུ་སྐྱུར་ཡང་མི་འགྲོ་གསུང་ནས་འདོན་ཐབས་འདི་ཁོད་ལ་གསུངས་པ་ཡིན། དེ་ནས་བཤེས་གཉེན་རྒྱ་ཆེན་པོ་དེས་འགྲོངས་ཀ་ཚུན་ཆད་དུ་མ་ཆག་པར་བཏོན་པ་ཡིན་གསུང་ངོ་།
།ད་འཕགས་པ་འཇམ་དཔལ་འདོན་པའི་དུས། དང་པོ་ཁོ་ནར་སྐྱབས་འགྲོ་སེམས་བསྐྱེད་བྱ། །ཐོག་མཐའ་གཉིས་སུ་རང་འཇམ་དབྱངས་སུ་སྒོམ་ཡི་གེ་དྲུག་པ་བཟླ། དེའི་རྟིང་ལ་བྱ་རྒོད་ཕུང་པོའི་རི་དེ་ཆེ་ཆུང་མཚོ་ཉ་༼རི་འདི་ཤངས་ན་ཡོད་༽རི་སྔོན་ཙམ་ཅིག་བསྒོམ། དེ་བླ་མའི་ཞལ་ནས་༼བྱ་རྒོད་ཕུང་རི་༽རྡོ་རྗེ་གདན་གྱི་ཤར་ལྷོ་ཟང་མ་ཁོ་ན་ན་འདུག་གསུང་། རི་དེའི་སྟེང་དུ་རྒྱུ་རིན་པོ་ཆེའི་ཁྲི་ལེགས་པ་གཅིག་བསྒོམ། དེའི་ཕྱོགས་བཞི་ནས་གྱད་སྟོབས་པོ་ཆེ་བཞིས་བཏེག་པ་ཟུར་བཞི་ནས་སེང་གེ་བཞིས་ཁ་ཕྱིར་བལྟས་ནས་བཏེག་པ། དབུས་ཀྱི་རྐང་ལ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་གཅིག་གིས་མཚན་པ། དེའི་སྟེང་གི་བར་ཆད་གྲུ་བཞིའི་སྟེང་ན་ཚུར་ལྷགས་པ་ཙམ་གཅིག་འཕྱངས་པ། རིན་པོ་ཆེའི་ཟ་ར་ཚོགས་དང་། །རཏྣའི་ཕ་གུ་བརྩེགས་པ་དང་། དྲྭ་བ་དྲྭ་ཕྱེད་འཕྱང་བ། མེ་ལོང་དང་མེ་ལོང་ཕྱེད་པ་དང་། རྔ་ཡབ་དང་། ཕྱེད་པ་དང་། ཟླ་བ་དང་། ཕྱེད་པ་དང་། ཉི་མ་དང་། ཕྱེད་པ་དང་། རིན་པོ་ཆེའི་གདུགས་དང་། པ་ཏྲ་དང་། དྲིལ་བུ་དང་། དྲིལ་བུ་གཡེར་ཁའི་སྒྲ་སིལ་སིལ་ཁྲོལ་ཁྲོལ་བ་བད་ཆུང་ཕྱོགས་ན་ཕར་འཕྱང་པ་དང་། ཡང་། སེམས་ཀྱི་དྲན་པ་ཡིན་པས་དེ་རྣམས་རླུང་གིས་བསྐྱོད་པའི་སྒྲ་ལ་བརྟེན་ནས་སྙན་པ་ཡིད་དུ་འོང་བའི་སྒྲ་རྣམ་པ་སྣ་ཚོགས་སྒྲོག་པར་བསམས་ཏེ། དེ་རྣམས་བརྟེན་གྱི་དཀྱིལ་འཁོར་བསྒོམ་པ་ཡིན། ད་རྟེན་པ་ལྷ་སྒོམ་བ་ནི། ཁྲིའི་སྟེང་དུ་པམ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་ཧཱུཾ་སེར་པོ་བསམས་ཏེ། དེ་ཡོངས་སུ་གྱུར་པ་ལས། ཤཱཀྱ་ཐུབ་པ་གསེར་གཙོ་མ་འདྲ་བ་ཆོས་གོས་ངུར་སྨྲིག་སྐུ་ལ་གསོལ་བ། ཞལ་འཛུམ་བག་དང་བཅས་པ། སྤྱན་དཀྱུས་ཕྲ་ཞིད་རིངས་པས་སྐུ་ལུས་འོད་དང་ལྡན་པ། མཚན་དཔེས་བརྒྱན་པ། ཕྱལ་གཡོན་པ་མཉམ་བཞག །གཡས་པ་ས་གནོན་སྐྱབས་སྦྱིན་མཛད་པར་རང་སྐད་ཅིག་གིས་བསྐྱེད་དོ།
།དེའི་མདུན་དུ་པཾ་ལས་པདྨའི་སྟེང་དུ། ཧྲཱིཿསེར་པོ་གཅིག་བསམ། དེ་ལས་འོད་འཕྲོས་སངས་རྒྱས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་སྦྱངས། ཚུར་འདུས་ཧྲཱིཿདེ་ཡོངས་སུ་གྱུར་པ་ལས་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྲས་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བ་གཅིག་ཏུ་བསམ། དེའི་ཕ་ཟད་ན་འཇམ་དབྱངས་གཞུགས། ལྷོ་རུ་པཾ་ལས་པདྨ་རཾ་ལས་ཉི་མའི་སྟེང་དུ་ཧཱུཾ་སྔོན་པོའི་སྤྲོ་བསྡུ་ལས་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོར་ཡོད་པ་ལ་འཁོར་ཕྱོགས་བཅུའི་ཁྲོ་བོ་དཔག་ཏུ་མེད་པས་བསྐོར་བར་བསམ། ནུབ་ཏུ་པཾ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་ཡཾ་ཡིག་སེར་པོ་གཅིག་ཡོངས་སུ་གྱུར་པ་ལས་འཕགས་པ་ཤཱ་རིའི་བུ་སྐུ་མདོག་སེར་པོ་འཁོར་མོའུ་འགལ་ལ་སོགས་པ་ཉན་ཐོས་དཔག་ཏུ་མེད་པས་བསྐོར་ནས་ཡོད་པད་པ་གཅིག་ཏུ་བསྐྱེད། བྱང་དུ་པཾ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་ཧྲཱིཿདཀར་པོ་ལས་འཕགས་པ་སྤྱན་རས་གཟིགས་ལ་བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་པས་བསྐོར་བར་བསམ། བྱང་ཤར་དུ་ལྷ་དཔག་ཏུ་མེད་པ། ཤར་ལྷོར་ལྷ་མ་ཡིན། ལྷོ་ནུབ་ཏུ་མི། ནུབ་བྱང་དུ་ངན་སོང་གསུམ་ལ་སོགས་པ་དཔག་ཏུ་མེད་པས་བསྐོར་ནས་ཆོས་ཉན་པའི་ཚུལ་དུ་ཡོད་པར་བསམས་ལ། དེ་ཡང་ཆོས་བཤད་པ་དང་འདྲ་བ་ཡིན་པས་ཤཱཀྱ་ཐུབ་ཏུ་ཡོད་པའི་ཡས་རྐན་ལ་པཾ་ལས་པདྨ་རཾ་ལས་ཉི་མའི་ཁར་ཨོཾ་དམར་པོ་གཅིག་བསམས་ལ་མཐའ་མ་ན་ཚུར་ལ་ཨཱ་ལི་ཀཱ་ལི་ཉིས་འགྱུར་བསམ། དེ་རྣམས་ཀྱང་དཔེར་ན་བའི་ནུ་མ་ལྟ་བུའམ་འཁྱག་པའི་ཟར་བུ་བཞིན་འཛག་པའི་རྣམ་པ་ཅན་དུ་བསྒོམ། མས་ཀན་ལ་པཾ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་ཨ་དཀར་པོ་གཅིག་བསམ། དེའི་མཐའ་མ་ན་ཚུར་ལ་ཨཱ་ལི་ཀཱ་ལི་ཉིས་འགྱུར་གྱི་ཡིག་འབྲུ་རྣམས་ནི་མར་མེའི་མདངས་མཐའ་མ་ན་ཚུར་བསྒྲིགས་པའམ། བྱ་དཀར་གདངས་ལ་བསྒྲིགས་པ་བཞིན་དུ་དཀར་རམ་མེ་ཡོད་པར་བསམ། བར་གྱི་ལྕེ་དེ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་གཅིག་གི་རྩེ་མོ་ལ་མུཾ་སེར་པོས་མཚན་པ་གཅིག་བསམ། ཆོས་ཀྱི་སྦྱིན་པ་གཏོང་བའི་བསམ་པས་མདོ་འདོན་པ་ཡིན་པས་སྔོན་དུ་ཀུ་རུ་ཀུ་ལླེ་ལན་གསུམ་བཟླས་ལ་དེ་ནས་རྒྱ་གར་སྐད་དུ་ནས་འདོན། སྔགས་གོང་མར་སླེབས་པ་དང་ལན་གསུམ་འདོན། གཞུང་གི་སྔགས་དེ་ཡང་ཡར་བླངས་ལ་ལན་གསུམ་བསྐྱར་ནས་འདོན་ལ། ཡང་གོང་མའི་སྔགས་འཕྲོ་ནས་འདོན། གཤམ་གྱི་སྔགས་ལ་སླེབས་པ་དང་ལན་གསུམ་འདོན། ཡང་། གོང་གི་སྔགས་སྡུན་མ་ཡང་དུ་གསུམ་འདོན། འཇུག་འཕྲོ་ནས་འདོན། ཐོན་པའི་རྟིང་ལ་ཡང་ཀུ་རུ་ཀུལླེའི་སྔགས་དེ་ལན་གསུམ་ཀླགས་ཀྱང་བཟང་། དུས་གསུམ་གྱི་སངས་རྒྱས་ཀྱིས་གསུངས་པས་མ་ཀླག་ཀྱང་ཆོག །ཚར་མང་དུ་འདོན་ན་སྔོན་མ་ཐེབས་གཅིག་བྱས་ནས་ཉི་མ་གཅིག་ལ་དེ་ཀའི་དམིགས་པ་མ་བྲལ་བས་ཆོག །ལན་རེ་བཞིན་བསྐྱེད་པ་ལ་སོགས་མི་དགོས་གསུང་། དེ་ལྟར་འདོན་ཐབས་དང་བཅས་པས་ལན་གཅིག་བཏོན་ན། འདོན་ཐབས་མེད་པ་བརྒྱ་བསྟོན་པ་ལ་བསོད་ནམས་ཆེ་བས། དང་པོ་འཇམ་དཔལ་འདོན་པ་ལ་ཐུགས་དམ་བྱེད་ན་དེ་ཙུགས་བྱེད་པ་ཡིན་གསུང་ངོ་། རྫོགས་སོ།།
ཨོཾ་ཀུ་རུ་ཀུལླེ་སྭཱ་ཧཱ །ལྷ་མོ་ཀུ་རུ་ཀུལླེའི་སྔངས་སོ།
།ཨོཾ་སཾ་བྷ་ར་སཾ་བྷ་ར་བྷི་མ་ན་ས་ར་མ་ཧཱ་ཛ་བ་ན་ཧཱུཾ། འདི་བདུན་མ་ཉེར་གཅིག་གིས་བྱེ་བ་འགྱུར་དུ་རྒྱལ་བས་གསུངས་སོ།། མངྒ་ལཾ།།