Khyung po'i nyams len drug pa

From Shangpa Resource Center
Revision as of 09:05, 28 June 2019 by Sengue (talk | contribs)








Resource ID SCv9p751
Title khyung po'i nyams len drug pa
Topics Various
Author Sangyé Tönpa
Associated Person Khyungpo Neljor
Link BDRC W23922
BDRC W3CN18508
BDRC W8LS32723

༄༅། །ཁྱུང་པོའི་ཉམས་ལེན་དྲུག་པ་བཞུགས་སོ།།

ཡོན་ཏན་རབ་རྫོགས་ཀུན་སྟེར་བ། །ཐུགས་རྗེ་ཕྲིན་ལས་གཞན་དོན་མཛད། །བླ་མ་བརྒྱུད་པར་བཅས་རྣམས་ལ། །དད་ཞིང་གུས་པའི་སེམས་ཀྱིས་འདུད། །མདོ་༼སྡེ་དང་༽རྒྱུད་༼སྡེ་ཀུན་གྱི་༽བཅུད་ཕྱུང་སྙིང་པོའི་དོན། །གྲུབ་ཐོབ་༼བླ་མ་༽སྙན་བརྒྱུད་༼པའི་ཉམས་ལེན་༽བདུད་རྩི་འདི། །རང་གཞན་ཀུན་ལ་ཕན་ཕྱིར་དུ། །བླ་མའི་གསུང་སངས་རྒྱས་སྟོན་བཞིན་འབྲི་བར་བྱ། །གྲུབ་ཐོབ་༼ཆེན་པོ་༽ཁྱུང་པོའི་རྣལ་འབྱོར་གྱི་༼རྒྱུ་མ་གྱི་༽ཉམས་ལེན་ལ་དྲུག་སྟེ།
།ཐེག་དམན་དང་མི་འགྲོགས་པའི་སེམས་བསྐྱེད་༼ཀྱི་གནད་༽དང་གཅིག །ཉེས་ལྟུང་དང་མི་འགྲོགས་པའི་བཤགས་སྡོམ་༼ཀྱི་གནད་༽དང་གཉིས། །ཐ་མལ་དང་མི་འགྲོགས་པའི་ཟས་ཚོགས་༼ཀྱི་གནད་༽དང་གསུམ། །ཆད་ལྟ་དང་མི་འགྲོགས་པའི་ཚོགས་གསོག་༼ཀྱི་གནད་༽དང་བཞི། །ཐབས་ལ་མི་མཁས་པ་དང་མི་འགྲོགས་པའི་བསྔོ་བ་༼འི་གནད་༽དང་ལྔ། །དམིགས་བཅས་དང་མི་འགྲོགས་པའི་དམིགས་མེད་དང་དྲུག་གོ

དང་པོ་ཐེག་དམན་དང་མི་འགྲོགས་པའི་སེམས་བསྐྱེད་༼ཀྱི་གནད་༽ལ་ལྔ་སྟེ། སེམས་༼སྨོན་འཇུག་༽བསྐྱེད་པ་༼གཉིས་སུ་༽ སྦྱང་བ་༼མ་ཡེངས་པར་༽ སྤེལ་བ་༼སེམས་ཅན་གྱི་དོན་༽ གནད་དུ་སོང་བའི་ཚད་༼ཉིན་མཚན་གཉིས་སུ༽ ཕན་ཡོན་ནོ།༼གནས་སྐབས་དང་མཐར་ཐུག༽
དང་པོ་ནི། རིགས་དྲུག་གི་སེམས་ཅན་ཐམས་ཅད་ཕ་མ་དྲིན་ཅན་ཡིན་པས། དྲིན་ཅན་འདི་རྣམས་འཁོར་བ་ན་འཁྱམས་པ་སྙིང་རེ་རྗེ་སྙམ་པའི་བྱམས་པ་དང་སྙིང་རྗེ་ཐུན་མོང་མ་ཡིན་པ་བསྒོམ། སྨོན་འཇུག་གཉིས་སུ་སེམས་བསྐྱེད་པར་བྱའོ།
ཞི་བ་ལྷས། བྱང་ཆུབ་སེམས་དེ་མདོར་བསྡུས་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པའི་སེམས་བསྐྱེད་དོ། ཅེས་གསུངས།
གཉིས་པ་ནི། རབ་ཀྱི་སྤྱོད་ལམ་རྣམ་བཞི་ཐམས་ཅད་དུ་མ་ཡེངས་པར་བྱའོ།
སྡུད་པ་ལས། འགྲོ་འཆག་ཉལ་དང་འདུག་པར་ཤེས་བཞིན་རབ་ཏུ་ལྡན། ཞེས་སོ།
འབྲིང་གིས་གོམ་པ་ཉི་ཤུ་རྩ་གཅིག་གི་བར་དུ་སེམས་བསྐྱེད་པ་དྲན་པར་བྱའོ། ཐ་མས་ཉིན་ལན་གསུམ་མཚན་ལན་གསུམ་གྱི་བར་དུ་སེམས་བསྐྱེད་པར་བྱ་སྟེ།
རྡོ་རྗེ་རྩེ་མོ་ལས། ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཞེས་དང་། མདོ་ལས། ཉིན་གསུམ་མཚན་གསུམ་དུས་དྲུག་ཏུ། །མ་ཡེངས་སེམས་བསྐྱེད་གཞན་དོན་བྱ། ཞེས་གསུངས་སོ།
གསུམ་པ་སྤེལ་བ་ནི། ཇི་སྲིད་འཁོར་བའི་རྒྱ་མཚོ་མ་སྟོངས་ཀྱི་བར་དུ་སེམས་ཅན་གྱི་དོན་བྱ་སྙམ་དུ་བློས་སེམས་བསྐྱེད་པར་བྱའོ།
བཞི་པ་རྨི་ལམ་གྱི་དུས་སུ་ཡང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྐྱེད་ནས། སེམས་བསྐྱེད་ཡང་ཡང་བྱེད་པ་ནི་གནད་དུ་གལ་ཆེའོ།
ཕྲིས་རྒྱ་མཚོའི་མདོ་ལས། བྱང་ཆུབ་སེམས་དཔའ་འམ་ཐ་ན་གཉིད་ལོག་གམ་རྨི་ལམ་དུས་ན་སེམས་བསྐྱེད་གཞན་དོན་ཙམ་མོ། ཅེས་སོ།
ལྔ་པ་ནི། སེམས་སྐད་ཅིག་ཙམ་བསྐྱེད་པས་ཀྱང་། སངས་རྒྱས་ཀྱི་རིགས་སམ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྲས་སུ་འགྱུར་ཏེ།
སྤྱོད་འཇུག་ལས། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲ་སུ་དགྱུར་ཏོ། ཞེས་སོ།

གཉིས་པ་ནི། ཇོ་བོ་རྗེས་མཐོལ་བཤགས་སྡོམ་གསུམ་དུ་བཞེད་དོ། བླ་མ་ཤངས་པས་མཐོལ་བ་དང་བཤགས་པ་གཉིས་སུ་འདོད་དེ།
དང་པོ་མཐོལ་བ་ནི། ཉོན་མོངས་པ་ཅི་སྐྱེས་ཀྱང་ལུས་ཀྱི་འཁྲུལ་འཁོར་མ་ཞིག་པར་བླ་མའམ་མཆེད་གྲོགས་སམ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་བདག་གིས་ཐོག་དྲངས་པའི་སེམས་ཅན་ཐམས་ཅད་ཀྱི་མི་དགེ་བ་ཐམས་ཅད་མཐོལ་ལོ་བཤགས་སོ། ཞེས་ངག་ཏུ་བརྗོད་དོ། ལུས་ཀྱི་འཁྲུལ་འཁོར་ཞིག་པའམ་ཚིག་གིས་བར་དུ་ཆོད་ན་མང་པོར་འཕེལ་ནས་འགྲོ་བས་དེ་འགྲོགས་ལ་མཐོལ་བའམ་བཤགས་པ་གལ་ཆེའོ།
གཉིས་པ་བཤགས་པ་ལ་གསུམ། རབ་འབྲིང་ཐ་མའོ།
དང་པོ་ནི། ཕྱག་རྒྱ་ཆེན་པོའི་ངང་ནས་བཤགས་ཏེ། སྒྲིབ་པ་སེལ་བས་ཞུས་པའི་མདོ་ལས། གང་ཞིག་འགྱོད་ཚངས་བྱེད་འདོད་པས། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །འདི་ནི་འགྱོད་ཚངས་དམ་པའོ། །ཞེས་གསུངས་སོ།
འབྲིང་ནི། བཤགས་པར་བྱ་བའི་ཡུལ་དང་། བཤགས་མཁན། བཤགས་བྱའི་ཉེས་ལྟུང་ཐམས་ཅད་རྨི་ལམ་སྒྱུ་མའི་ངང་ནས་བཤགས་སོ།
ཐ་མ་ནི་སྔར་བྱས་པ་ལ་འགྱོད་པ་བསྐྱེད། ཕྱིས་མི་བྱེད་པར་དམ་བཅའ། ད་ལྟར་འགྱོད་བཞིན་པའི་སྒོ་ནས་བཤགས་སོ། དུས་ཚོད་ནི། རབ་ཀྱིས་སྐད་ཅིག་མ་ཉིད་ལའོ། འབྲིང་གིས་རྗེས་རྙེགས་ཐ་མས་ཀྱང་ཉིན་ལན་གསུམ་མཚན་ལན་གསུམ་དུ་མི་བཤགས་པའི་ཐབས་མེད་དོ། དེ་ལྟར་ཉམས་སུ་བླངས་པས་རྨི་ལམ་གྱི་དུས་སུ་ཉེས་ལྟུང་བྱུང་བ་ཡང་ངག་ཏུ་རྒྱངས་མཐོལ་བ་འབྱུང་ངོ་། དེས་ས་བོན་ཙམ་ཡང་མ་ལུས་པར་ཆ་དང་བཅས་པ་དག་ནས་འགྲོ་བ་ཡིན་གསུངས་སོ།

གསུམ་པ་ཐ་མལ་དང་མི་འགྲོགས་པ་༼འི་ཟས་ཚོགས་༽ནི། ནང་ཞོགས་ཐུན་མགོ་ལ་རང་རྒྱུད་སྡེ་ལྔ་༼སྤྱི་བོར་བདེ་མཆོག །མགྲིན་པར་མ་ཧཱ་མ་ཡ། ཐུགས་ཀར་དགྱེས་པ་རྡོ་རྗེ། ལྟེ་བར་གསང་འདུས། གསང་ཀ་ནས་སུ་རྡོ་རྗེ་འཇིགས་བྱེད་དོ།༽གནས་ལྔར་བསྒོམ་དེ་མ་ལྕོག་ན་རང་བདེ་མཆོག་ཏུ་བསྐྱེད། མགྲིན་པར་༼ཙོ་རྩ་བའི་༽བླ་མ། སྙིང་གར་༼གང་བྱེད་ཀྱི་༽ཡི་དམ། ལྟེ་བར་ཆོས་༼ཡེ་ཤེས་པའི་སྲུང་མ་༽སྐྱོང་། རྩ་ཁམས་ཐམས་ཅད་དཔའ་བོ་དཔའ་མོར་བསྐྱེད་དོ།
གཉིས་པ་ཟས་བྱིན་གྱིས་བརླབ་པ་ནི། འཛམ་བུའི་གླིང་གི་འོག་ཏུ་ཡྃ་ལས་རླུང་། རྃ་ལེས་མེ། ཀྃ་ལས་མི་མགོའི་སྒྱེད་བུ། ཨ་ལས་ཐོད་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔ། ཕྱག་མཚན་དང་བཅས་པ་བསྐྱེད། མེ་རླུང་གི་སྦྱོར་བ་དང་། ཨོཾ་ཨཱཿཧཱུྃ་གིས་དམ་ཚིག་གི་བདུད་རྩིར་གྱུར། ཡེ་ཤེས་ཀྱི་བདུད་རྩི་བཀུག །གཉིས་སུ་མེད་པར་བསྲེ། ཡི་དམ་ཡབ་ཡུམ་གྱིས་དཀར་དམར་བདེ་སྟོང་དུ་བྱིན་གྱིས་བརླབས་སོ། དེས་དཀོར་དང་སྐུ་གླུད་བྱིན་གྱིས་མ་བརླབས་པར་ཟོས་པ་ཐམས་ཅད་ཀྱི་ཉེས་པ་འདག་པ་ཡིན་གསུངས་སོ། བཟའ་བཏུང་ཐམས་ཅད་ལ་བྱིན་གྱིས་བརླབས་ནས་ཟོས་པས་ཉམས་ཆག་ཐམས་ཅད་དག་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ལོ་ཟླ་ཙམ་གྱིས་འགྲུབ་པར་འགྱུར་རོ།

བཞི་པ། སྡུད་པ་ལས། དེ་དག་དགེ་བའི་རྩ་བ་ཇི་སྲིད་མ་རྫོགས་བར། དེ་སྲིད་སྟོང་ཉིད་དམ་པ་དེ་ནི་ཐོབ་མི་བྱེད། ཞེས་བྱ་བས། རབ་ཀྱིས་ཀུ་སུ་ལུའི་ཚོགས་གསོག་དང་། ཏིང་ངེ་འཛིན་གྱི་དབང་བསྐུར་བས་སྒྲོལ་ལོ། འབྲིང་གིས་ཚོགས་འཁོར་བཏང་། ཐབས་ཀྱིས་ཡོངས་སུ་གཟུང་བ་དང་། མ་བཟུང་བའི་འདོད་ཡོན་༼མིག་གི་ཡུལ་དུ་གཟུགས་མཛེས་པ་ལ་སོགས་པ་རྣམས་སོ།༽གྱི་བྱེ་བྲག་ཐམས་ཅད་དབུལ་ལོ། དེ་ལྟར་མ་བྱས་ན་དམ་ཚིག་ཉམས་པར་འགྱུར་རོ།

ལྔ་པ་ལ་གསུམ་སྟེ། རབ་འབྲིང་ཐ་མའོ། དང་པོ་ནི། དགེ་བའི་རྩ་བ་ཆུང་དུ་ལ་སོགས་པ་ཐམས་ཅད་བསྔོ་བས་ཟིན་པར་བྱ། ཁྱད་པར་དུ་ཡང་ལྷག་བསམ་དང་། དགེ་༼བླ་མའི་མོས་གུས་དང་ཚད་མེད་པའི་བྱམས་དང་སྙིང་རྗེ་སོགས་༽སྦྱོར་གང་སྐྱེས་པའི་དུས་སུ་ལུས་ཀྱི་འཁྲུལ་འཁོར་༼ཞིག་ན་མི་འགྲུབ་པས་༽གདབ་པ་གལ་ཆེའོ།

དྲུག་པ་ནི། སྡུད་པ་ལས། ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་ཟ་བ། །དཀར་པོའི་ཆོས་ལ་དམིགས་པའང་དེ་འདྲར་རྒྱལ་བས་གསུངས། ཞེས་པས་ཐབས་ཤེས་ཟུང་འཇུག་གམ། །སྣང་སྟོང་དབྱེར་མེད་མཐའ་བྲལ་དུ། །ཉམས་སུ་བླངས་སོ། དེ་ལྟར་༼ཁྱད་འཕགས་ཀྱི་༽གནད་དྲུག་ཉམས་སུ་ལེན་པ་དེ། །ཉེས་༼ཐེག་པ་གསུམ་གྱི་༽ལྟུང་༼མ་ལུས་པ་༽ཀུན་བྱང་༼ནས་འཁོར་བའི་འདམ་གྱིས་མ་གོས་པར་༽པདྨ་ལྟ་བུར་གཙང་༼པར་འགྱུར་རོ༽། ཟླ་བ་ཡར་གྱི་ངོ་བཞིན་ཡོན་ཏན་འཕེལ་༼བར་འགྱུར་རོ༽། ནོར་བུ་ལྟ་བུར་བདག་གཞན་༼དགོས་འདོད་ཐམས་ཅད་འབྱུང་བས་གང་ལ་གང་འདུལ་གྱི་དོན་དུ་ཚེ་འདིར་སངས་རྒྱས་ཐོབ་པར་༽དོན་འགྲུབ་འགྱུར། ༼ཌཱ་ཀི་མའི་༽སྙན་བརྒྱུད་༼ཀུན་ལས་༽ཁྱད་འཕགས་ཞལ་གདམས་༼གཞད་དྲུག་༽འདི། ༼བླ་མའི་སངས་རྒྱས་སྟོན་པ་བླ་མའི་གསུང་བཞིན་ཡི་གེར་བཀོད། །དགེ་བ་འདི་ཡི་མཁའ་མཉམ་སེམས་ཅན་རྣམས། །ཚེ་འདིར་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག
གྲུབ་ཐོབ་༼ཆེན་པོ་༽ཁུང་པོའི་རྣལ་འབྱོར་གྱི་རྒྱུན་གྱི་ཉམས་ལེན་དྲུག་པ་ཅེས་བྱ་བ་སངས་རྒྱས་༼རིན་པོ་ཆེ་༽སྟོན་པའི་གསུང་བཞིན་དུ་བཀོད་པའོ། ཨྀཐི། མངྒལཾ། ཤུབྷཾ།