Ni gu ma'i zhal gdams kyi skor gyi lus sbyong

From Shangpa Resource Center
Revision as of 14:00, 6 July 2019 by Sengue (talk | contribs)








Resource ID RZ1
Title nai gu ma'i zhal gdams kyi skor gyi lus sbyong
Topics Yantra
Sub-Topics Instructions
Author byams pa rin bzang
Associated Person Niguma
Link BDRC W3CN18508

༄༅། །ནཻ་གུ་མའི་ཞལ་གདམས་ཀྱི་སྐོར་གྱི་ལུས་སྦྱོང་བཞུགས་སོ།།

ན་མོ་གུ་རུ།
ནཻ་གུའི་ཞལ་གདམས་ལས་སྦྱོང་༼བླ་མའི་༽གསུང་བཞིན་བྲི།

༼ལུས་སྦྱོང་༽ཕྱི་གནད་བཞིའི་དང་པོ་རྩ་༼མདུད་༽འགྲོལ་ནི།
༼ལུས་གནད་༽རྣམ་སྣང་༼ཆོས་བདུན་གྱི་༽དབུ་མར་༼་་་༽རྩ་༼རོ་རྐྱང་གི་༽སྣ་གཉིས་ཚུད་བསམ།
༼སྟེང་འོག་གིས་༽རླུང་སྦྱང་རང་གི་རོ་སྟོད་གཡས་གཡོན་དུ།
།རེས་༼མོས་༽ཀྱི་དྲག་པོ་བདུན་བདུན་བཅུས་པས་༼རྩ་མདུད་༽འགྲོལ།
།གཉིས་པ་༼རྩ་རྣམས་༽དྲང་བ་ཐད་༼ནི་རང་ཉིད་ཀོག་གིས་༽ལངས་ཁུ་ཚུར་སྐེད༼པར་བཞག་གྲུ་མོ་གཉིས་ཕྱིར་རྒྱངས༽
།རླུང་གཉིས་༼གྱེན་འཐུར་དུ་བཤིག་ལ་༽དྲག་སྦྱར་༼ལུས་༽གྱེན་འཕར་༼འོག་ཏུ་རྐང་པའི་༽རྟིང་པ་གཉིས།
།ལན་བདུན་པར་བརྡབས་༼པའི་རྐང་པའི་༽བྲང་བ་སྟན་༼དང་མ་བྲལ་བར་༽འབྱར་གནད།
།གསུམ་པ་༼རྩ་༽དབུ་མར་དྲང་བ་༼ལག་པའི་༽ཁུ་ཚུར་གཉིས།
།ཤད་ཀྱིས་བརླ་ཟུར་གཉིས་བརྐྱང་བ་འདྲ།
།བཞི་པ་༼ཐིག་ལེ་ལུས་ལ་༽དགྲམ་པ་རླུང་སྦྱར་༼རྐང་ལག་གི་༽ཉ་བཞི་བཤུད།
།རྣམ་སྣང་༼དེ་ལ་རྗེས་ལུས་གནད་༽འདུག་སྟངས་༼ལ་སེམས་༽སྤྲོས་བྲལ་གློད་པས་༼ཕྱག་ཆེན་རྒྱུད་ལ་༽སྐྱེ།
༼དེ་དག་༽ཀུན་ལ་སྤྱི་བོར་༼རང་་་་་༽བླ་མར་གསོལ་བ་གདབ།
།ཐིག་ལེ་ཕྱིར་༼ནོར་བུའི་རྩེ་མོར་ཐིག་ལེ་དཀར་པོ་བསམ། དེ་ཡར་ཚངས་བུག་ཏུ་ཐོན་པ་དང་ཕྱག་རྒྱ་ཆེན་པོ་ལ་བཞག༽ཤོར་ལུས་གནད་དམིགས་པས་༼དེས་ཐིག་ལེ་ཁ་འབུས་པ་དང་གློ་བུར་ཆགས་པ་སྐྱེས་པ་དང་། འདྲེ་མོ་གནོད་པ་རྣམས་ལ་དེ་རྣམས་བསྒོམས་པས་༽སེལ།

།ཐིག་ལེའི་སྐྱོན་༼བདེ་བ་སྐྱེད་ནས་ཕྱིར་ཤོར་དོགས་ཀྱིས།༽སེལ་གསུམ་གྱི་དང་པོ་འདྲེན།
།ཐད་༼དབེན་ཞིང་འབོལ་བའི་གདན་ལ་རང་ཉིད་༽ལངས་ལག་གཉིས་སྤྱི་བོར་ཐལ་སྦྱར་རྒྱངས།
།རླུང་༼གཉིས་གྱེན་འཐུར་དུ་བཤིག་ཁ་༽སྦྱར་༼ལྟེ་འོག་སོར་བཞི་རྩ་གསུམ་འདོམས་པ་ནས་གཏུམ་མོ་འབར་བ་་་་་ཏིར་ནར་གྱིས་བྱུང་སྤྱི་བོར་སླེབས་པས་ཚངས་བུག་གི་ཀྵ་ཡིག་ཕྱིར་བསམ་མེ་ལྕེ་ཉུག་གི་བྱུང་པ་དང་མེ་དང་འགྲོགས་པའི་རླུང་དུ་བའི་ཚུལ་དུ་སྔོ་ཕྱུར་ཕྱུར་ཐོན་པར་བསམ། དེ་ནས་འཇོག་པ་དང་མེ་དེ་འོག་ཏུ་སོང་། ཀྵས་ཚངས་བུག་བཀག་པར་བསམས་པའི་༽དམིགས་པ་ལྡན་པས་རྟིང་པ་བརྡབས༼བྲང་པ་སྟན་འབྱར་གནད༽
།གཉིས་པ་༼ཐིག་ལེ་ལུས་ལ་༽དགྲམ་པ་ལངས་ལ་ཁུ་ཚུར་གཉིས༼ཀྱི༽
།གཡས་པ་༼གཡས་པར་༽བརླར་བསྐྱང་༼ཁུ་ཚུར་༽གཡོན་པ་ཅུང་ཟད་བསྐུམ༼ནས་བཀུ༽
།གཡོན་གཞོགས་གཡས་༼ངོས་ཕྱག་རྒྱ་༽དང་སྣོར་བས་༼སྐུ་གཞོགས་༽གཡས་བརྐྱང་།
།གཡོན་༼ངོས་སུ་༽དྲག་པོར་རེས་ཀྱི་༼གཡས་གཡོན་་་་་༽བདུན་བདུན་རླུང་སྦྱར་ཐེན།
།གསུམ་པ་༼ཐིག་ལེ་ལུས་ལ་༽དགྲམ་པ་ལངས་ལ་སོར་མོ་༼རྩེ་ཕན་ཚུན་༽བསྣོལ།
།མཚན་འོག་ནུ་ལོག་གཉིས་ནས་མཐེ་བོས་༼གཉིས་ཀྱིས་༽བཙིར།
།རླུང་སྦྱར་རོ་སྟོད་གཡས་གཡོན་༼རེ་མོས་ཀྱི་དྲག་པ་༽བདུན་བདུན་བཅུ།

།རྩ་རླུང་༼རང་ལུས་རྩའི་འཁོར་ལོ་བརྐྱང་བསྐུམ་མ་བྱས་པར་བསྒོམ་པས་༽ཟུག་༼འབྱུང་པས་དེ་༽སེལ་ལྔའི་དང་པོ་ནི།
༼དབེན་པར་རང་ཉིད་པར་གྱི་༽ལངས་ལ་ལག་གཉིས་མཁར་བ་༼འབུད་ཚད་གཅིག་ལ་བརྟེན་༽རྐང་གཡས་མཐིལ།
༼རྐང་པ་༽གཡོན་པའི་༼དཔུས་ཀྱི་༽གཉན་གོང་སྦྱར་ལ་པུས་༼གཡས་་་་་་་མོར་༽ཕྱིར་བསྐྱེད།
།རླུང་ལྡན་འཕར་ཞིང་རྟིང་༼གྱེན་དུ་ཅི་ཐེགས་སུ་འཕར་ཞིང་འོག་ཏུ་༽གཡོན་ལན་གསུམ་བརྡབ།
།སྣོར་༼རྐང་པའི་ཕྱག་རྒྱ་༽བས་གཡས་པའི་རྟིང་པའང་ཤེས་པར་བྱ།
།གཉིས་པ་རྐང་གཉིས་ཤད་བརྐྱང་རླུང་སྦྱར་བས།
།རྟིང་གཡས་ལན་གསུམ་༼མཐོ་བར་འཕར་ནས་༽པར་བརྡབས་༼ཡར་གདན་ལས་་་་་་་འབྲལ་༽དེ་བཞིན་གཡོན།
།གསུམ་པ་སོར་༼མོ་ཕན་ཚུལ་༽བསྣོལ་༼བས་༽བྲང་དགབ་༼གྲུ་མོ་གཉིས་ཀྱིས་༽མཆན་འོག་བཙིར།
།ལངས་ལ་རླུང་སྦྱར་༼རོ་༽སྟོད་༼གཡས་གཡོན་དུ་༽དྲག་གསུམ་གསུམ་བཅུ།
།བཞི་པ་ལངས་ལ་རླུང་ལྡན་མགོ་བོ་ནི༼གཡས་གཡོན་རྒྱབ་བདུན༽
།ཕྱོགས་བཞིར་བུ་ཆུང་༼གི་༽འཁྲུལ་འཁོར་༼ལྟར་ཕྱོགས་རེར་བྱོགས་བྱོགས་༽གསུམ་གསུམ་བྱ།
།ལྔ་པ་རླུང་ལྡན་རྟིང་པ་༼གཉིས་བཅས་ནས་༽ལན་གསུམ་ནི།
༼གྱེན་དུ་༽འཕར་ཞིང་བརྡབ་པའི་༼རྐང་པའི་༽བྲང་པ་༼མ་བྲལ་བར་༽སྟན་འབྱར་གནད།

།རྩ་ཁ་འབྱེད་གཉིས་དང་པོ་སྐྱིལ་ཀྲུང་༼བཅས་ཚིག་༽བསྲང་།
།གཡོན་པའི་ཁུ་ཚུར་བྲང་༼གི་ཁར་༽བཞག་གཡས་ཁུ་ཚུར།
།དཀུ་གཞོགས་གཡས་༼འདེབས་སུ་༽བརྐྱང་རླུང་སྦྱར་༼གཡས་༽དྲག་ཏུ་ཕུལ།
།དེ་བཞིན་སྣོར་བས་གཡོན་པ་འང་ཤེས་པར་བྱ།
།གཉིས་པ་ཁ་སྦུབས་༼ཉལ་ལ་༽རླུང་ལྡན་ཁ་མིག་བསྒྲད།
།ཟུག་༼རྐང་ལག་གི་༽བཞི་ཕྱིར་བརྐྱང་ཐ་མར་༼མགོ་དང་ཟུག་བཞི་༽དྲག་ཏུ་སྤྲུགས།
།དེ་འོག་བླ་མའི་གཏུམ་མོ་བསྒོམས་པར་བྱ༼རང་ལུས་རྣམ་སྣང་ཆོས་བདུན་ལྡན་གྱི་དབུ་མ་དྲང་པོའི་གཙུག་ཏུ་བླ་མ་ལ་གཏུམ་མོའི་མེ་ཁྱུགས་པའི་རྩེ་རེག་པས་བདུད་རྩི་དབབ་བདེ་བ་བསྒོམ། བླ་མ་དང་བདུད་རྩི་མི་དམིགས་མེ་སོར་གནས་པར་བསམ༽

།རྡོ་རྗེའི་༼ཐབས་ལམ་བསྒོམ་པས་ལུས་སེམས་གནད་དུ་མ་ཚུད་ན་དབེན་པའི་གནས་སུ་༽གར་བཞིའི་དང་པོ་བུ་མར་གཞུག
།ལངས་ལ་རྐང་གཉིས་གཤིབས་ཏེ་དྲང་པོར་སྲང་།
།ཁུ་ཚུར་༼གཉིས་༽བརླར་༼ཟུར་གཉིས་༽བརྐྱང་ཅུང་ཟད་འོག་༼རླུང་༽དྲག་༼ཏུ་༽ཐེན།
༼མར་༽སྡིག་པ་ལན་གསུམ་༼རང་་་་་ང་པ་གཉིས་པར་བརྡབས་ཁུར་གཉིས་༽བྲང་བརྡེག་༼མདང་པར་ལུས་རྟིང་པ་གཉིས་༽འཕར་བ་གསུམ༼ཅམ་ཏེ༽
༼བྱ་མཐར༽ལག་གཉིས་རྒོད་གཤོག་བཞིན་བརྐྱང་སྟོད་ངག་སྤྲུག
།གཉིས་པ་ལངས་ལ་ལུས་བསྲང་ཁུ་ཚུར་༼སྙིང་་་་༽བསྣོལ༼བས༽
།ནུ་༼མ་གཉིས་༽མནན་རླུང་བཟུང་༼དགུར་༽འདེབས་གཉིས་༼གཡས་གཡིན་དུ་༽དྲག་༼གསུམ་རེ་མོས་སུ་༽གསུམ་འཐེན།
།ས་ལངས་ལ་ལག་༼་་་གཉིས༽བསྣོལ་མཐིལ་དཔུང་དགབ།
༼ལྟེ་བའི་ཨ་ལ་རྩ་རྣམས་ཐིག་ལེས་འདུས་ཨ་སྐྱེ་མེད་སྟོང་པར་བསྒོམ་པའི་༽རླུང་དམིགས་ལྡན་པས་སྐད་དྲག་གསུམ་གསུམ་གཅུ།
།སྙིང་རླུང་ནད་ལ་སྙིང་༼ནང་དུ་༽ཨར་༼བསམས་ལ་དེ་ལས་འོད་འཕྲོས་པས་༽སེམས་གཏད་སེལ།

༼ཐབས་ལམ་བསྒོམ་པས་དུག་གསུམ་སྐྱེས་ན་འབྲས་བུ་ནང་དུ་སོང་ན་༽དུག་གསུམ་འབྲས་ནད་སེལ་བརྒྱད་དང་པོ་ནི།
༼ལུས་གནད་༽རྣམ་སྣང་༼ཆོས་བདུན་ལ་༽འོད་འཕྲོས་ཚུར་འདུས་གཏི་མུག་༼མུན་པ་༽སེལ།
།གཉིས་པ་རྡོར་སྐྱིལ་སྲིན་༼མཛུབ་གཉིས་གཅིག་གིས་གཅིག་༽བཟུང་༼གཉ་་་བར་གོན་དེས་༽ལྟག་༼ཅུ་༽ནས་༼མར་༽བཀུག
།རླུང་ལྡན་༼རོ་༽སྟོད་དྲག་༼པོར་༽གཡས་གཡོན་༼དུ་རེས་ཀྱི་༽གསུམ་གསུམ་བཅུ།
༼དེ་རྗེས་ཐ་མར་༽སྤྱི་བོར་ཐལ་༼མོ་༽རྒྱབ་༼པས་སེམས་༽རྒོད་༼པ་༽ཐིམ་པར་བསམ།
།གསུམ་པ་དོན་གྲུབ་སྟབས༼རྡོར་སྐྱིལ་ལག་གཡས་སྐྱབས་སྦྱིན་གཡོན་ཏིང་ངེ་འཛིན་༽་ཀྱིས་ཡི་དགས་༼བདུད་རྩིའི་རྒྱུན་གྱིས་༽ཚིམ།
།དེ་རྗེས་རྡོར་སྐྱིལ་ཐུགས་དཀར་འབར་༼བའི་ཕྱག་༽རྒྱ་བཅའ།
།རླུང་ལྡན་ཕྱོགས་བཅུར་ཁྲོ་མིག་༼བལྟ་ཞིང་༽མེ་འཁོར་༼བའི་འོད་ཟེར་གྱི་༽གྱིས།
།གནོད་བྱེད་བསྐྲད་བསམ་༼ཁྲོ་བོའི་༽དྲག་སྔགས་བག་ཙམ་བཟླ།
།གཞི་པ་རྡོར་སྐྱིལ་པོར་བསྣོལ་མཐེབ་གཉིས་ཀྱིས།
།མཆན་འོག་ནས་བཙིར་རླུང་ལྡན་གཡས་གཡོན་༼དུ་རོ་༽སྟོད།
།གསུམ་གསུམ་གཅུ་ཞིང་ཁྲོ་མིག་༼ཀྱང་༽བལྟ་བར་བྱ།
།ལྔ་པ་རྡོར་དཀྱིལ་༼ལག་གཉིས་༽མཉག་གཞག་༼གྲུ་མོ་གཉིས་ཀྱིས་༽འཕོ་བར་བསྡོམས།
།རླུང་ལྡན་ལན་གསུམ་སྔེངས་པས་སྟོད་གཟེར་སེལ།
༼ལུས་པོ་༽དྲུག་པ་གན་རྐྱལ་༼ལ་མགོ་བོ་མདུན་དུ་གུག་བྱ་༽རླུང་དང་དམིགས་ལྡན་པས།
།རྐང་༼པ་གཉིས་་་་་་་་་་་་་་༽གཡབ་ལག་གཉིས་ཟན་སྦྲུས་ཆགས་འབྲས་སེལ།
།བདུན་པ་༼དྲོད་སྐྱེས་བདེ་བ་མེད་པ་ལ་ཐིག་ལེ་དབབ་པའི་མན་ངག་ནི་འདོམ་གསུམ་་་་ཆོད་པས་སྟན་ལ་རང་ཉིད་༽ཀོག་ལངས་༼ལག་གཉིས་༽སྡིག་མཛུབ་རྒྱང་རླུང་ལྡན།
༼ལུས་ཕྱིན་༽གཅུ་ཞིང་༼བཅུ་བས་༽མདུན་མཐའ་༼དང་༽རྒྱབ་མཐའ་༼རྣམས་སུ་གཅུ་༽དེ་འོག་ཏུ།
།བརྒྱད་པ་སེམས་སྐྱིལ་༼བྱས་པའི་༽མདུན་དུ་སྲིན་ལག་༼གཉིས་གཅིག་གི་གཅིག་༽བཟུང་༼བ་མདུན་དུ༽
།བརྐྱང་ཞིང་རླུང་སྦྱར་༼ལག་གཉིས་གཡས་གཡོན་དུ་༽དྲག་གཅུས་ལག་༼ཐ་མར་༽ངར་བཤུད།
།ལན་༼དེ་ནས་ལག་སོ་སོར་བརྐྱང་བ་དང་རོ་སྟོད་དྲག་པོར་༽གསུམ་སྤྲུགས་བདེ་བ་འཕེལ་བར་འགྱུར།
ཅེས་པ་བྱམས་པ་རིན་བཟང་གིས་བཀོད་པ་དགེའོ། །མངྒལཾ། བྷཝནྟུ།