Dbang bskur sngon 'gro

From Shangpa Resource Center
Revision as of 14:03, 22 July 2019 by Sengue (talk | contribs)








Resource ID ST1
Title 'gro mgon chos rje ston pas mdzad pa'i dbang bskur sngon 'gro
Alt. title shang chos kyi sngon 'gro'i chos skor sangs rgyas ston pas mdzad pa
Topics Initiation
Sub-Topics Preliminary practices
Author Sangyé Tönpa
Link BDRC W8LS32723
BDRC W3CN18508
BDRC W8LS37032 p. 61

This text needs to be re-read
༄༅། །འགྲོ་མགོན་ཆོས་རྗེ་སྟོན་པས་མཛད་པའི་དབང་བསྐུར་སྔོན་འགྲོ།།
༼ཤང་ཆོས་ཀྱི་སྔོན་འགྲོའི་ཆོས་སྐོར་སངས་རྒྱས་སྟོན་པས་མཛད་པ།༽
To input
བླ་མ་དམ་པའི་ཞབས་བཏུད་ནས། །དགྱེས་རྡོར་བདེ་མཆོག་སྒྱུ་ལུས་དང་། །རྗེ་བཙུན་མ་ལ་སོགས་པ་ཡིས། །དབང་བསྐུར་སྔོན་འགྲོའི་ཆོ་ག་བྲི།
དེ་ལ་གང་གིས་དབང་སྐུར་ཡང་། སྔོན་འགྲོ་ལ་བཅུ་སྟེ། དལ་འབྱོར་རྙེད་པར་དཀའ་ཞིང་མི་རྟག་པ་བསྟན་པ་དང་། འཁོར་བའི་ཉེས་དམིགས་བསམ་ཞིང་སྐྱབས་འགྲོ་སེམས་བསྐྱེད་བྱ་བ། སྤྲོ་བ་བསྐྱེད་པ། མཎྜལ་དབུལ་ཞིང་གསོལ་བ་གདབ་པ། སྣང་བ་སྦྱིན་པ། རྟོག་པ་བསྡུ་བ། ཡན་ལག་ལྔ་བྱ་བ། སྡོམ་པ་འབོགས་པ། གཟེངས་བསྟོད་ཅིང་གསང་བ་སྒྲག་པ། ཡེ་ཤེས་འབེབས་པའི་དོན་དུ་གསོལ་བ་འདེབས་པའོ།
དང་པོ་དལ་འབྱོར་རྙེད་པར་དཀའ་ཞིང་མི་རྟག་པ་བསྟན་པ་ནི། ལས་ཀྱི་སེམས་དཔའ་གཅིག་གིས་ཕྱི་རོལ་དུ་སློབ་མ་རྣམས་ཁྲུས་བྱས་ནས་ནང་དུ་ལོག་པ་དང་། བགེགས་གཏོར་བཏང་ཞིང་གུ་གུལ་དང་ཐུན་རྫས་ཀྱིས་བགེགས་བསྐྲད་དོ།
།དེ་ནས་ཡོལ་བའི་ཕྱི་རོལ་དུ་སློབ་མ་རྣམས་གྲལ་ལ་འཁོད་པ་ལས། སློབ་དཔོན་གྱི་བཤད་པ་ནི།
བླ་མ་རིན་པོ་ཆེའི་ཞལ་ནས། སྤྱིར་ངེད་རང་ཐམས་ཅད་ཀྱིས་སྐྱེ་བ་དཔག་ཏུ་མེད་པ་ནས་བསོད་ནམས་ཚོགས་རྒྱ་ཆེན་པོ་བསགས་པ་ལ་བརྟེན་ནས། དལ་འབྱོར་མིའི་ལུས་རིན་པོ་ཆེ་ཐོབ། ཡང་ངག་པའི་དགེ་བའི་བཤེས་གཉེན་དང་མཇལ་བའི་དུས་འདིར། སྐྱེ་བ་ཕྱི་མ་ཕན་ཆོད་ཀྱི་དོན་གཅིག་སྒྲུབ་དགོས་གསུང་། དེའི་རྒྱུ་མཚན་གང་ཡིན་ཞེ་ན། ངེད་རང་གིས་ད་རེས་ཐོབ་པའི་ལུས་འདི་ཡང་རྙེད་པར་དཀའ་བ་ལས་རྙེད་པ་ཡིན་ཏེ།
སློབ་དཔོན་ཞི་བ་ལྷའི་ཞལ་ནས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུས་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་ནི་ཡང་དག་འབྱོར་བར་ག་ལ་འགྱུར། ཅེས་གསུངས་པས།
དལ་བ་རྙེད་པར་དཀའ་བ་དང་། འབྱོར་པ་རྙེད་པར་དཀའ་བའོ།
དང་པོ་དལ་བ་རྙེད་པར་དཀའ་བ་ནི། མི་ཁོམ་པའི་གནས་བརྒྱད་སྤངས་པ་ལ་ཟེར་ཏེ།
སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིངས་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོངས་པ། །ལྐུག་པ་འདི་དག་མི་ཁོམ་བརྒྱད། ཅེས་གསུངས་སོ།
ཕྱི་སྣོད་ཀྱི་མི་ཁོམ་པ་བཞི་དང་། ནང་བཅུད་ཀྱི་མི་ཁོམ་པ་བཞིའོ།
།དང་པོ་ཕྱི་སྣོད་ཀྱི་མི་ཁོམ་པ་བཞི་ནི། དམྱལ་བ་ཡི་དྭགས་དུད་འགྲོ་ལྷ་ཚེ་རིངས་པོའོ། །དེ་ལྟར་སྐྱེ་གནས་ངན་པའི་འགྲོ་བ་དེ་རྣམས་སུ་སྐྱེས་ན་ཆོས་ཀྱི་སྐབས་མེད་དེ། དམྱལ་བ་ཡི་དྭགས་རྣམས་ནི་སྡུག་བསྔལ་གྱིས་ཉེན་ཅིང་བཙེས་པས་ཆོས་ཀྱི་སྐབས་མེད་ལ། དུད་འགྲོ་ནི་བླུན་ཞིང་གཏི་མུག་པས་ཆོས་ཀྱི་རྟེན་དུ་མ་གྱུར་ཅིང་། ལྷ་ཚེ་རིང་པོ་ནི། དགེ་སྡིག་གང་ལ་ཡང་འདུ་ཤེས་མི་འཇུག་པས་ཆོས་ཀྱི་རྟེན་མ་ཡིན་ནོ། །དེས་ན་ངེད་རང་ཐམས་ཅད་དེ་རྣམས་སུ་མ་སྐྱེས་པས་ཚེངས་པ་ཡིན་ཏེ།
བློ་གྲོས་མི་ཟད་པའི་ཞལ་ནས། བདག་གི་སྤྱོད་པ་འདི་འདྲས་ནི། །མི་ཡི་ལུས་ཀྱང་ཐོབ་མི་འགྱུར། །མི་ལུས་ཐོབ་པར་མ་གྱུར་ན། །སྡིག་པ་འབའ་ཞིག་དགེ་བ་མེད། ཅེས་གསུངས་སོ།
།གཉིས་པ་ནང་བཅུད་ཀྱི་མི་ཁོམ་པ་བཞི་ནི། ཡུལ་མཐའ་ཁོབ་ཏུ་སྐྱེས་པ་དང་། ཀླ་ཀློར་སྐྱེས་པ་དང་། དབང་པོ་མ་ཚང་པ་དང་། ལྟ་བ་ལོག་པར་འཛིན་པའོ། །དེ་ལ་མཐའ་འཁོབ་དང་ཀླ་ཀློར་སྐྱེས་པ་ལ། ཆོས་ཀྱི་སྐབས་མེད་དེ། དེ་དག་ན་སངས་རྒྱས་ཀྱི་བསྟན་པ་མེད་ཅིང་དགེ་སྡིག་མི་ཤེས་པས་ཆོས་བྱ་བའི་སྐལ་བ་མེད་དོ།
།དབང་པོ་མ་ཚད་པ་ནི། བསྟན་པ་གནས་པའི་སར་སྐྱེས་ཀྱང་། དབང་པོ་ལ་སྐྱོན་ཞུགས་པས་ཆོས་ཀྱི་གེགས་སུ་སོང་པའོ།
།ལོག་པར་བལྟ་བ་ནི། དཀོན་མཆོག་གསུམ་དང་དགེ་སྡིག་མི་བདེན་པར་བལྟ་བ། ལྐུགས་པ་ནི་ལེགས་ཉེས་གང་ཡང་མི་གོ་བས་ཆོས་ཀྱི་གེགས་སུ་སོང་པའོ། །དེ་ལྟར་སྐྱེས་གནས་ངན་པའི་འགྲོ་བ་དེ་རྣམས་ཀྱི་ནང་ནས། ལུས་འདི་ལྟ་བུ་རྙེད་པ་ནི་དཀོན་ཏེ།
ཞི་བ་ལྷའི་ཞལ་ནས། མི་ཁོམ་བརྒྱད་སྤོང་ཁོམ་པ་ནི། །དམ་ཆོས་རྐྱེན་དང་ལྡན་པ་ལ། །སྐྱེས་བུ་ཆེན་པོའི་སྤྱོད་པ་ཡིས། །ཚེ་འདིར་འབྲས་བུ་སྤྱོད་པར་རིགས། ཅེས་གསུངས་སོ།
གཉིས་པ་འབྱོར་པ་རྙེད་པར་དཀའ་བ་ལ། རང་གི་འབྱོར་པ་ལྔ་དང་། གཞན་གྱི་འབྱོར་པ་ལྔའོ།
དང་པོ་རང་གི་འབྱོར་པ་ལྔ་ནི། མིར་གྱུར་པ་དང་། ཡུལ་དབུས་སུ་སྐྱེས་པ་དང་། དབང་པོ་ཚང་པ་དང་། གནས་ལ་དད་པ་དང་། ལས་ཀྱི་ཐ་མ་ལོག་པའོ།
གཉིས་པ་གཞན་གྱི་འབྱོར་པ་ལྔ་ནི། སངས་རྒྱས་འཇིགས་རྟེན་དུ་བྱོན་པ་དང་། དེས་ཆོས་གསུངས་པ་དང་། བསྟན་པ་གནས་པ་དང་། བསྟན་པའི་རྗེས་སུ་འཇུག་པ་དང་། གཞན་གྱི་ཕྱིར་བརྩེ་བའོ།
དེ་ལྟར་རང་འབྱོར་དང་གཞན་འབྱོར་གཉིས་ཀྱི་འབྱོར་པའི་ཆོས་བཅུ། དེའི་སྟེང་དུ་མི་ཁོམ་པའི་གནས་བརྒྱད་སྤོང་པ་ལ། དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་ལྡན་པ་ཟེར་ཏེ། དེ་གང་ཡིན་སྙམ་ན། ད་རེས་ཐོབ་པའི་ལུས་འདི་ཡིན་ཏེ། དེ་ཡང་ངེད་རང་རྣམས་ཀྱི་ཕོ་སྒོ་མོ་སྒོས་རྙེད་པ་མ་ཡིན་ཞིང་། ཆ་དང་དབང་ཕྱུག་གིས་བྱས་པ་མ་ཡིན་ཏེ།
གསེར་མདོག་གི་རྟོགས་པ་བརྗོད་པ་ལས། འཇིག་རྟེན་འདི་དང་ཕ་རོལ་དུ། །བདེ་བ་གང་ཅི་རུང་བ་དང་། །མྱ་ངན་འདས་པ་ཐོབ་པ་ནི། །བསོད་ནམས་བསགས་པའི་འབྲས་བུ་ཡིན། ཞེས་གསུངས་སོ།
དེ་ལྟར་བསོད་ནམས་ལས་ཐོབ་པའི་ལུས་འདི་སྟོང་ལོག་དུ་མ་སོང་ཆུད་ཟོས་སུ་མ་སོང་པ་ཅིག་བྱ་དགོས་ཏེ། ཕྱིས་འདི་ལྟ་བུ་རྙེད་པ་མ་ཡིན་ཏེ།
རྒྱལ་བའི་ཡུམ་ལས། གྲོགས་དག་མིར་སྐྱེ་བ་ནི་དཀོན། །དལ་བ་ཕུན་སུམ་ཚོགས་པ་ནི་ཉུང་། །འཁོར་བ་ལས་ཐར་བ་ནི་དཀོན། དེ་ལྟ་ཡིན་གྱིས་དལ་བ་འདི་ཆུད་ཟོས་པར་མ་བྱེད་ཅིག །མི་ཁོམ་པར་གྱུར་ཅིང་ཕྱིས་གསོར་མི་རུང་བར་གྱུར་ཏ་རེ། ཞེས་གསུངས་པས།
ཐེག་པ་ཆེན་པོའི་ཆོས་ཅིག་ཉམས་སུ་བླང་དགོས་ཏེ། དེ་ཡང་འཕྲལ་རང་ལ་ཉམས་སུ་བླང་དགོས། བློ་སྣ་བཏུངས་ལ་ཉམས་སུ་བླང་བར་བྱ་སྟེ། དེའི་རྒྱུ་མཚན་ཡང་། ངེད་རང་ཐམས་ཅད་འཇིག་རྟེན་འདིར་ཡུན་རིང་མི་སྡོད་པར་འཆི་ངེས། ནམ་འཆི་ཆ་མེད། འཆི་བ་ལ་ཆོས་མིན་པ་ཅིས་ཀྱང་མི་ཕན་པའོ།
དང་པོ་འཆི་ངེས་པ་ནི། སྐྱེ་འགྲོ་སེམས་ཅན་དུ་གྱུར་པ་ཐམས་ཅད་ལ་མ་ཤི་ཚེ་ཐར་དུ་སྡོད་པ་ཅིག་ཀྱང་མེད་དེ།
འདུལ་བ་ལུང་ལས། བསགས་པ་རྣམས་ནི་མཐར་འཛད་ཅིང༌། །མཐོན་པོ་རྣམས་ནི་མཐར་ལྟུང་འགྱུར། །ཕྲད་པའི་མཐའ་ནི་འབྲལ་བ་སྟེ། །གསོན་པའི་མཐའ་ནི་འཆི་བ་ཡིན། ཅེས་གསུངས་སོ།
དེ་ཡང་སྐྱེས་ཕན་སྐྱེས་ཕན་ཆད་འཆི་བ་ཡིན་ཏེ།
སློབ་དཔོན་རྟ་དབྱངས་ཀྱི་ཞལ་ནས། སའམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་གང་ཞིག་མ་ཤི་བ། །གལ་ཏེ་ཁྱོད་ཀྱིས་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། ཅེས་གསུངས་པས།
སྐྱེས་པའི་མཐའ་འཆི་བར་ཤེས་ཀྱང་ཞེ་འདོད་ཀྱི་ཚེ་མཐར་ཕྱིན་ནས་འཆི་བ་ཁོངས་སུ་འཇུག་པར་གདའ་སྟེ། ཉིན་མཚན་གཉིས་ཀྱིས་འཛད་པའི་ཚེ་འདི་འགྲོ་བ་ལ་ཚོགས་མེད་དེ།
བློ་གྲོས་མི་ཟད་པའི་མདོ་ལས། ཉིན་མཚན་སྡོད་པ་ཡོང་མེད་པར། །ཚེ་འདི་རྟག་ཏུ་གོད་འགྱུར་ཏེ། །བསྣོན་པ་གུད་ན་ཡོང་མེད་པས། །ད་ལྟ་འཆི་བར་ཅིས་མི་འགྱུར། ཅེས་གསུངས་སོ།
དེ་བས་ལྷའི་ཚེ་སྐལ་བར་འདྲེན་དགོས་པ་ཡང་ཚེགས་མེད་པར་འཛད་ན། འོ་སྐོལ་གྱི་ཚེ་ཉིན་མཚན་གཉིས་ཀྱིས་འཛད་པ་འདི་སྨོས་མི་དགོས་ཏེ།
འདུལ་བ་ལུང་ལས། འདི་བས་མཐུ་ཆེན་གནས་མཐོ་བའི། །གནས་པའི་ལྷ་ཚེ་རིང་པོ་ཡང༌། །དེ་ཡང་ཚེ་ཟད་ཉམས་འགྱུར་ན། །འཆི་བ་འདི་ལས་སུ་ཞིག་ཐར། ཞེས་གསུངས་སོ།
གཞན་ཡང་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སངས་རྒྱས་དང་། དེའི་འཁོར་རྣམས་ཀྱང་མྱ་ངན་ལས་འདའ་ན། འོ་སྐོལ་སོ་སོ་སྐྱེ་བོ་ལ་སྨོས་མི་དགོས་ཏེ།
མྱ་ངན་གསལ་བ་ལས། མཚན་དང་དཔེ་བྱད་བརྒྱན་པ་ཡིས། །རྡོ་རྗེའི་སྐུ་ཡང་མི་རྟག་ན། །ཆུ་ཤིང་སྙིང་པོ་འདྲ་བ་ཡིས། །ལུས་ཅན་རྣམས་ལ་སྨོས་ཅི་དགོས། ཅེས་གསུངས་སོ།
གཉིས་པ་ནམ་འཆི་ཆ་མེད་པ་ནི།
To input
དབང་བསྐུར་སྔོན་འགྲོའི་ཆོ་ག་བླ་མའི་ཕྱག་ལེན་ལྟར། ཤཱཀྱའི་དགེ་སློང་བརྩོན་འགྲུས་སེང་གེས། གཞན་ཕན་གྱི་བློ་ཁོ་ནས་ཡི་གེར་བཀོད་པའོ།།
དགེ་ལེགས་འགྲོ་དོན་འཕེལ་བར་བྱོན།།