Byin rlabs dbab pa dngul gyis gdung ma

From Shangpa Resource Center








Resource ID SCv8p637
Title byin rlabs dbab pa dngul gyis gdung ma
Alt. title byin rlabs dngul gyi gdung khang ma
Topics Various
Sub-Topics Consecration
Associated Person Khyungpo Neljor
Sangyé Nyentön
Link BDRC W23922
BDRC W23922
BDRC W1KG4284
BDRC W3CN18508 (v2p.508)

༄༅། །བྱིན་རླབས་དབབ་པ་དངུལ་གྱིས་གདུང་མ་ཞེས་བྱ་བ་བཞུགས་སོ།།

ཡོན་ཏན་ནུས་མཐུ་ཕྲིན་ལས་ཐོགས་མེད་ཅིང་། །བྱིན་རླབས་ཡེ་ཤེས་ཆུ་རྒྱུན་དཔག་མེད་པས། །འགྲོ་རྣམས་ཉམས་རྟོགས་མཆོག་ལ་འགོད་མཛད་པའི། །མཚུངས་མེད་ཆོས་རྗེ་རིན་ཆེན་ཞབས་ལ་འདུད།
།དེ་ལ་བླ་མའི་བྱིན་རླབས་གསོལ་འདེབས་མ་འདི། མདུན་དུ་རང་བས་འཁྲུ་གང་བས་མཐོ་སར། པདྨ་དང་ཉི་ཟླའི་སྟེང་དུ་བླ་མ་འོད་དང་འོད་ཟེར་གྱི་རང་བཞིན་ཅན་གཅིག་བསྒོམ་མོ།
།དེ་ནས་བླ་མའི་ཡོན་ཏན་དྲན་པར་བྱ་སྟེ་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་ཐུན་མོངས་མ་ཡིན་པ་རང་གཞན་གཉིས་ཀས་དྲག་ཏུ་གདབ་པར་བྱའོ།
།དེའི་ངང་ལས་བླ་མ་དེ་ལས་བླ་མ་མང་པོ་ཆད་ནས། སློབ་མའི་སྤྱི་ཐོག་ཏུ་ཆེམ་ཆེམ་འུར་འུར་བྱོན་པ་དང་། བྱིན་གྱིས་རློབས་སྙམ་དུ་བསྒོམས་པ། ཡང་གསོལ་བ་དྲག་པོ་གདབ་བོ།
དེ་ནས་ནད་གདོན་དང་སྡིག་སྒྲིབ་ཐམས་ཅད་དག་ནས་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེའོ།
དགྱེས་རྡོར་གྱི་བྱིན་རླབས་ནི། དབང་དང་བྱིན་རླབས་འབྲེལ་པར་བྱ་ལ་ཐོད་པའི་ནང་དུ་དགྱེས་རྡོར་སྐུ་གསུང་ཐུགས་དཀར་དམར་མཐིང་གསུམ་བསམ། དེ་ནས་ནམ་མཁའ་ལ་སངས་རྒྱས་ལ་སོགས་པ་དཔག་ཏུ་མེད་པ་བཞུགས་པ་ལ་རྗེས་སུ་ཡི་རང་བསྒོམས་པས། དེའི་བཟང་ལན་དུ་འོད་ཟེར་ཁ་དོག་གསུམ། ཐོད་པའི་ལྷ་ལ་ཐིམ་སྟེ། དགྱེས་རྡོར་བདེ་སྟོང་གཉིས་སུ་མེད་པའི་སྐུ་གསུམ་པོ་དེ་ལ་འོད་ཟེར་བྱུང་ནས་སློབ་མའི་གནས་གསུམ་དུ་ཐིམ་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་པར་བསྒོམ། དེ་ནི་འོད་ཟེར་མའོ།
ནུས་མཐུ་མ་ནི། ལྷ་གསུམ་པོ་དེ་ལས་ནུས་མཐུ་དཔག་ཏུ་མེད་པ་བྱུང་ནས། སློབ་མ་ལ་ཐིམ་པས། སྡིག་སྒྲིབ་དག་པར་བསམ་མོ།
སྐུ་གཟུགས་མ་ནི། དུས་གསུམ་གྱི་དགེ་བ་རྣམས་པར་ལ་ཕུལ་བས། བཟང་ལན་དུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཆར་བབ་པ་བཞིན་བྱུང་ནས། སློབ་མའི་ལུས་ལ་སིབ་སིབ་ཐིམ་པས་ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སངས་དག་པར་བསྒོམ་མོ།
དེ་ཡང་དབང་དང་མ་འབྲེལ་བར་བྱེད་ན་ནམ་མཁའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཕྱི་ནང་གི་ལྷ་ཚོགས་དཔའ་བོ་དཔའ་མོ་ཆོས་སྐྱོང་བའི་བསྲུངས་མ་རྣམས་བཞུགས་པར་བསམ་ལ། རྗེས་སུ་ཡི་རང་བསྒོམས་པས་བཟང་ལན་དུ། དེ་རྣམས་ལས་འོད་ཟེར་དཔག་ཏུ་མེད་པ་བྱུང་ནས་སློབ་མའི་ཐུགས་ལ་ཐིམ་པས། ནད་གདོན་སྡིག་སྒྲིབ་མ་ལུས་པར་སངས་དག་པར་བསྒོམ། དེ་ནི་འོད་ཟེར་མའོ། ནུས་མཐུ་མ་དང་སྐུ་གཟུགས་མ་གཉིས་གོང་བཞིན་བྱའོ།
རང་བདེ་མཆོག་ཏུ་གསལ་བའི་སྐུ་སྟོད་སྐུ་སྨད་ནས། དཔའ་བོ་དང་དཔའ་མོ་བསམ་གྱིས་མི་ཁྱབ་པ་བྱུང་ནས། སློབ་མ་ལ་ཐིམ་པ་དང་ནད་གདོན་སྡིག་སྒྲིབ་དག་པར་བསམ་མོ།
རང་རྗེ་བཙུན་མར་བསམ་པའི་བ་སྤུའི་བུ་ག་ནས། ཁྲོ་བོ་དང་ཁྲོ་མོ་དཔག་ཏུ་མེད་པ་བྱུང་། དེ་ནས་ཀྱང་ཁྱད་པར་དུ་རྗེ་བཙུན་མ་བྱུང་ནས་ལུས་ལ་ཐིམ་པར་བསམས་ནས། ཕཊ་ཏ་ཕཊ་ཏ་བྱས་ལ་རོལ་མོ་དྲག་ཏུ་དཀྲོལ། ཡང་ན་ཐོད་པའི་ནང་དུ་སྔགས་གསུམ་སྦྲེལ་འོད་དུ་ཞུ་བའི་ཆང་དེ་སློབ་མ་ལ་གཏོར་བས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་སངས་དག་པར་བསྒོམ། དེ་ནི་མཁའ་འགྲོ་ཆར་འབེབས་མའོ།
རང་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པར་བསྒོམས་པའི་ཐུགས་ཀ་ནས་ཧཱུྃ་ཆེན་པོ་གཅིག་ལ་ཧཱུྃ་མང་པོ་ཆད་ནས་ཕྱིར་དོན་པ་དང་། ཧཱུྃ་དེ་རྣམས་མགོན་པོར་གྱུར་ཏེ། སློབ་མའི་རྒྱུད་ལ་སིབ་སིབ་ཐིམ་པ་དང་། ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སངས་དག་པར་བསྒོམས་ནས། རྩ་སྔགས་དྲག་ཏུ་བཟླས་རོལ་མོ་རྣམས་དྲག་ཏུ་དཀྲོལ་བར་བྱའོ།
ཆར་འབེབས་མའི་གནད་དེས་ནི་མགོན་པོ་འཁོར་དང་བཅས་པ་རྣམས་དགོས་འདོད་སྒྲུབ་ཅིང་བྲན་བཞིན་ཅི་དགོས་བགོ་བ་ཐམས་ཅད་ཉན་པར་བྱེད་དོ།
།འདི་རྣམས་ནུབ་གཅིག་ལ་བྱས་ན། གསང་སྔགས་ཐང་མར་བརྡལ་བར་འགྲོ་བས། དཔའ་བོ་མཁའ་འགྲོའི་བཀའ་ཆད་འབྱུང་བས། ཟླ་བ་རེ་ལ་ལན་རེ་ཙམ་ནུབ་སྦྲེལ་མར་བྱའོ།
བྱིན་རླབས་འོད་ཟེར་མ་དང་། ནུས་མཐུ་མ་དང་། སྐུ་གཟུགས་མ་གསུམ་པོ་འདི། དགྱེས་རྡོར། བདེ་མཆོག རྗེ་བཙུན་མ། མགོན་པོ་ལ་སོགས་པ་རྣམས་ལ་ཐུན་མོང་མ་ཡིན་པའི་གནད་འདིས་བྱིན་རླབས་བྱས་ན། རང་སློབ་མའི་ནད་གདོན་སྡིག་སྒྲིབ་ལ་སོགས་པའི་རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་སྐད་གཅིག་མ་རེས་ཞི་ནས། དཔའ་བོ་མཁའ་འགྲོ་དངོས་སུ་འདུ་ཞིང་། ཚེ་གཅིག་ལུས་གཅིག་གམ་སྐད་ཅིག་མ་རེས་སངས་རྒྱ་བར་བྱེད་པའི་བྱིན་རླབས་འདི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་གྱི་ལྷ་ཚོགས་མཁའ་འགྲོ་ཆོས་སྐྱོང་བའི་བསྲུངས་མ་ཐམས་ཅད་ཀྱིས་དངོས་སུ་སྣང་ཞིང་བྱིན་གྱིས་བརླབས་པའི་གདམས་པ་ཡིན་པས། སྣོད་ལྡན་རེ་ལས་མི་སྦྱིན་ནོ།
ཁྱད་པར་དུ་དཔེ་ལ་གཟབ་ཅིང་། དཔེ་སྟེར་དུས་འབུལ་བ་ཆེན་པོ་དང་ཚོགས་འཁོར་མང་པོ་མ་བྱས་པར་མི་སྦྱིན་ཞིང་། བཀའ་ཡང་ཡང་གདམས་པར་བྱའོ།
།བདེ་སྐྱིད་འབྱུང་བའི་ཉམས་རྟོགས་འཕེལ་གྱུར་པའི། །མཁའ་འགྲོ་ཆོས་སྐྱོང་སྤྲིན་ལྟར་འཏིབས་འགྱུར་ཞིང་། །འོག་མིན་གནས་མཆོག་རི་གོང་ཡང་དགོན་འདིར། །སྣོད་ལྡན་སློབ་མས་ཡང་ཡང་ཞུས་པའི་ངོར། །བྱིན་རླབས་ནོར་བུ་རིན་ཆེན་མཆོག་འདི་བཀོད། །དགེ་དེས་མཁའ་མཉམ་སེམས་ཅན་ཐམས་ཅད་ཀུན། །རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་ཤོག
།མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འབྱུང་བའི་བྱིན་རླབས་འབེབས་ཐབས་ཡིད་བཞིན་ནོར་བུ་ཞེས་བྱ་བ་རྫོགས་སོ།།

ཤངས་པའི་གཏད་རྒྱའི་ཆོས་སྐོར་ལ། སྨོན་ལམ་བླ་མའི་དབང་བཞི་རྫོགས་པར་བསྐུར་ནས། ཌཱ་ཀི་ཞལ་གདམས་ཀྱི་ཁྲིད། སྐུ་གསུམ་ལམ་ཁྱེར་གྱི་རྡོ་རྗེའི་ཚིག་རྐང་། དེའི་འགྲེལ་པ་ཉམས་ལེན་གྱི་ཁྲིད་ཁྱུང་པོས་མཛད་པ། མཁའ་འགྲོའི་སྙན་བརྒྱུད་སྣང་བ་རང་སེམས་ཀྱི་ཁྲིད་ཆོས་རྗེ་སྟོན་པས་མཛད་པ། བྱིན་རླབས་དངུལ་གྱི་གདུང་ཁང་མ་གཉན་སྟོན་གྱིས་མཛད་པ། གཞན་དོན་མི་འགྲུབ་མི་སྲིད་པའི་མན་ངག་རྣམས་ཀྱི་ཁྲིད་ལུང་རྫོགས་ནས། མགོན་པོའི་གཏོར་དབང་བར་ཆད་ཀུན་སེལ། སྔགས་དང་ཕྱག་མཚན་དྲུག་གི་རྗེས་གནང་། གླེགས་བམ་ཡོངས་རྫོགས་ལག་ཏུ་གཏད་ནས། བཀའ་བསྒོ་རྒྱས་པ་ལན་གསུམ་ཚར་ནས། སྨོན་ལམ་བཀའ་རྒྱ་མ་བཏབ། བཀྲ་ཤིས་བཀའ་རྒྱ་མས་༼ཆོས་ཀྱི་རྒྱལ་པོར༽། མངའ་གསོལ་༼ཞིང་བྱིན་རླབས༽། ལེགས་པར་བྱས་ཏེ་༼ཞལ་བཀོད་ཀྱི་གདམས་པ་ཡང་གང་དགོས་བརྩེ་བས་བསྟན༽། དེས་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནཻ་གུ་མས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་གདམས་པའི་ཆོས་སྐོར་རྣམས་ཡོངས་སུ་རྫོགས་པ་ལགས་སོ། །མངྒ་ལཾ།། །།
Alernative text from SCv10p437:
༈ བླ་མ་ཡི་དམ་དབྱེར་མེད་ཀྱི་བཀར་ལ། པདྨ་འདབ་བཞི་པ། ལྟེ་བ་སྔོན་པོ་འདབ་མ་ཕྱོགས་མདོག་ལ། ཕྱི་ནང་གི་མཆོད་པ་དང་། གཏོར་མས་བསྐོར་ལ། དབུས་སུ་མགོན་པོ་བསྐྱེད། མགོན་པོའི་སྤྱི་བོར་ཡི་དམ་ཡབ་ཡུམ། ཡི་དམ་གྱི་སྤྱི་བོར་བླ་མ་ཡབ་ཡུམ། མགོན་པོའི་ཐུགས་ཁ་ནས་འོད་ཟེར་འཕྲོས། ཡི་དམ་ཡབ་ཡུམ་ལ་ཕོག །བདེ་བའི་རང་བཞིན་བཀྲག་མདངས་གཟི་མདངས་བསྐྱེད། ཡི་དམ་གྱི་ཐུགས་ཁ་ནས་འོད་ཟེར་འཕྲོས་བླ་མ་ཡབ་ཡུམ་ལ་ཕོག །བདེའི་རང་བཞིན་གཟི་མདངས་བསྐྱེད། བླ་མའི་ཐུགས་ཁ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས། ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་བསྲུང་མ་རྣམས་སྤྱན་དྲངས། བླ་མ་ཡི་དམ་ལ་བསྟིམ། བླ་མ་ཡི་དམ་གྱི་གནས་གསུམ་ནས་འོད་ཟེར་འཕྲོས། རང་དང་སློབ་མའི་གནས་གསུམ་དུ་ཕོག་པས། དབང་བཞི་ལེན་པ་འདི་ཤིན་ཏུ་དམ་པས་ཆིག་བརྒྱུད་ཡིན། །གར་དགར་བྱིན་ན་མགོན་པོས་ཆད་པས་སྡིགས། །ལན་གཅིག་ཐོབ་པས་ཚེ་གཅིག་སངས་རྒྱའོ།། ཨྀཐི།།