Ga'u ma'am rang 'bab rnam gsum gyi khrid dmigs

From Shangpa Resource Center








Resource ID SCv9p83
Title phyag rgya chen po ga'u ma'am rang 'bab rnam gsum gyi khrid dmigs
Topics Mahamudra Gauma
Sub-Topics Instructions
Author Jampa Ngawang Namgyel
Associated Person Könchok Samdrup
Ngawang Püntsok
Link BDRC W23922
BDRC W1KG4284

༄༅། །ཕྱག་རྒྱ་ཆེན་པོ་གའུ་མའམ་རང་འབབ་རྣམ་གསུམ་གྱི་ཁྲིད་དམིགས་བཞུགས་སོ།།

སྤྲོས་བྲལ་ཆོས་དབྱིངས་ནམ་མཁའི་ཁྱོན་ཡངས་པར། །འགགས་མེད་གཟུགས་སྐུའི་སྣང་བརྙན་ཅིར་ཡང་སྟོན། །གང་ལ་གང་འདུལ་འགྲོ་དོན་རྒྱུན་མི་འཆད། །སྐྱབས་མཆོག་བླ་མ་དམ་པར་ཕྱག་བགྱིའོ།
།འདིར་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མས། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་གདམས་པ་རྒྱ་མཚོ་ལྟ་བུ་གནང་བ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཕྱག་རྒྱ་ཆེན་པོ་གའུ་མ་ཞེས་ཡོངས་སུ་གྲགས་པ་འདི་ལ་དོན་གསུམ་སྟེ།
སྔོན་འགྲོ་ དངོས་གཞི་ རྗེས་སོ།
།དང་པོ་ལ་ཐུན་མོང་པ་དང་ཐུན་མོང་མ་ཡིན་པ་གཉིས།
དང་པོ་ལ། སྐྱབས་འགྲོ་ སེམས་བསྐྱེད་ རྡོ་རྗེ་སེམས་དཔའི་སྒོམ་བཟླས། བླ་མའི་རྣལ་འབྱོར་དང་བཞི།
དང་པོ་ནི། རང་གི་མདུན་དུ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་པདྨ་ཟླ་བའི་གདན་གྱི་སྟེང་དུ་རྩ་བའི་བླ་མ་འཁོར་ལོ་བདེ་མཆོག་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་ཐལ་སྦྱར་བསྣོལ་ནས་འཛིན་པ། རུས་པ་དང་རིན་པོ་ཆེའི་རྒྱན་གྱི་བརྒྱན་པ་རལ་པའི་ཐོར་ཅོག་ཅན། ཞབས་གཡས་བརྐྱང་ཞིང་གཡོན་ཅུང་ཟད་བསྐུམ་པའི་སྟབས་ཀྱིས་བཞུགས་པ་བསམ་ལ་སྐྱབས་གནས་ཀུན་འདུས་སུ་མོས་པ་བྱས་ལ། བདག་དང་མ་རྒན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་བསྒྲལ་དུ་གསོལ། བསྐྱབ་ཏུ་གསོལ་སྙམ་པའི་བློ་སྙིང་བྲང་གསུམ་བླ་མ་དེ་ལ་གཏད་དེ་སེམས་མ་ཡེངས་པར། བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །ཞེས་ཉེར་གཅིག་སོགས་བརྗོད། བླ་མ་རང་ལ་བསྟིམ། ཡང་བླ་མའི་རྣལ་འབྱོར་འདི་ཀ་ལ་བྱེད་ཚེ་མི་བསྟིམ།
གཉིས་པ་སེམས་བསྐྱེད་ནི། སེམས་ཅན་ཐམས་ཅད་ལ་བསམ་པས། ཕ་མ་མ་བྱས་པ་གཅིག་ཀྱང་མེད། ཕ་མ་བྱས་རེས་ཀྱི་ཕན་དཔག་ཏུ་མེད་པ་བཏགས་ཤིང་གནོད་པ་དཔག་ཏུ་མེད་པ་ལས་སྐྱབས་པ་ཡིན་ཀྱང་། ད་ལྟ་སྡུག་བསྔལ་འབའ་ཞིག་ལ་ལོངས་སྤྱོད་པར་འདུག་པས། འདི་རྣམས་སྡུག་བསྔལ་ལས་བསྒྲལ་བའི་ཕྱིར་བདག་གིས་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་ཕྱག་རྒྱ་ཆེན་པོ་རྩེ་གཅིག་ཏུ་སྒོམ་སྙམ་པས། ངག་ཏུ་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཟབ་ལམ་ཕྱག་རྒྱ་ཆེན་པོ་ཉམས་སུ་བླང་བར་བྱའོ། །ལན་གསུམ།
གསུམ་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཁྲིད་སྐབས་སུ་ངེས་པར་དགོས་ལ། རྒྱུན་དུ་མ་བྱས་ཀྱང་སྐྱོན་མེད།
བཞི་པ་བླ་མའི་རྣལ་འབྱོར་སྐྱབས་འགྲོའི་སྐབས་བཞིན་སྒོམ་པའམ། ཡང་ན་རང་གི་སྤྱི་བོར་སེང་ཁྲི་པད་ཟླའི་སྟེང་དུ། རྩ་བའི་བླ་མ་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་ཐལ་སྦྱར་བསྣོལ་ནས་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། མཚན་དཔེའི་གཟི་འོད་འབར་བ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། དེའི་དཔྲལ་བར་ཨོཾ་སོགས་གནས་གསུམ་བྱིན་གྱིས་རླབས། ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས་ལ་བསྟིམ་པས། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་གྱུར་པར་བསམ་ལ། བློ་སྙིང་བྲང་གསུམ་གཏད་དེ། སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་རེ་ལྟོས་གཞན་མེད་པས། བླ་མ་ཁྱེད་རང་མཁྱེན་ནོ་སྙམ་པས། བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ།
།བདག་འཛིན་བློས་ཐོང་པར་བྱིན་གྱིས་རློབས། །དགོས༴༼མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས།༽ འོད་གསལ་ཕྱག་ཆེན་རྟོགས༴༼པར་བྱིན་གྱིས་རློབས།༽ ད་ལྟ་ཉིད་དུ་བྱིན་གྱིས་རློབས། །མྱུར་བ་ཉིད་དུ༴༼བྱིན་གྱིས་རློབས།༽ འདུག་ས་འདི་ཉིད་དུ༴༼བྱིན་གྱིས་རློབས།༽ ཞེས་པ་ཉེར་གཅིག་སོགས་ཀྱིས་གསོལ་བ་རྩེ་གཅིག་ཏུ་བཏབ་པས། བླ་མའི་སྐུ་ལས་བདུད་རྩི་བབས། རང་གི་ལུས་གང་སྡིག་སྒྲིབ་དག ཡང་བདུད་རྩི་བབས། སྨིན་མཚམས་ཡན་ཆད་གང་། བུམ་པའི་དབང་སོགས་ནས་རྐང་མཐིལ་ཡན་ཆད་གང་། སྒྲིབ་པ་ཐམས་ཅད་དག །དབང་བཞི་ཐོབ། བླ་མ་ལ་བསྟིམ། རང་གིས་སེམས་དང་བསྲེས་ཏེ། གཤིས་སྐྱེ་མེད་དུ་སྟོང་སིང་ངེ་བ། གདངས་མོས་གུས་སུ་དུང་ངེ་བའི་ངང་ལ་འཛིན་མེད་དུ་མཉམ་པར་བཞག་གོ
།གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ། ལུས་རང་བབ། ངག་རང་བབ། ཡིད་རང་བབ་གསུམ།
དང་པོ་ནི། ལུས་གནད་ལ་མ་བཅོས་ན་ཏིང་ངེ་འཛིན་མི་སྐྱེ་བས་ལུས་རྣམ་སྣང་ཆོས་བདུན་དང་ལྡན་པར་བྱས། དེ་ནས་ལུས་ལ་བཟའ་བཟོ་བཅས་བཅོས་གང་ཡང་མི་བྱ་བར་ཉྭ་གཞི་ལྷོད་ཀྱི་གློད་ནས་ལུས་རང་བབས་སུ་བཞག
གཉིས་པ་ནི། གཏམ་སྣ་ཚོགས་སྨྲ་བ་དང་། མདོ་འདོན་པ་ལ་སོགས་པ་ངག་གི་ལས་ཐམས་ཅད་བཞག །ལྕེ་དང་མཆུ་ལ་སོགས་ཀྱང་རང་བབས་སུ་ལྷུག་པར་བཞག་གོ།
གསུམ་པ་ནི། སེམས་འདི་ཡང་འདས་པའི་རྗེས་མི་བཅད། མ་འོངས་པ་སྡུན་མི་བསུ། ད་ལྟར་བའི་ཤེས་པ་ལ་བཟའ་བཟོ་བཅས་བཅོས་གང་ཡང་མི་བྱ་བར་རང་བབས་སུ་ལྷུག་པར་བཞག་གོ །འདི་ཡང་མ་གཅིག་གིས། ལུས་ནི་ཉྭ་བཞི་གློད་པ་གཅེས། །ངག་གནད་ལྐུག་པར་སྡོད་པ་གཅེས། །སེམས་གནད་འདུ་ཤེས་བཤིག་པ་གཅེས། །ཞེས་པ་ལྟར་ཡུལ་རྗེས་སུ་མི་སྙེག་པར་ལྟ་སྟོང་གི་ཚུལ་དུ་ཧ་རེ་བཞག །སེམས་བཅས་བཅོས་ཀྱི་འདུ་ཤེས་ཐམས་ཅད་བཤིག་སྟེ། གཟོ་མེད་ལྷུག་པར་ཧད་དེ་ཆད་དེ་བཞག །དེ་ལ་ཐ་མལ་གྱི་ཤེས་པའམ། གཉུག་མའི་ཤེས་པ་ཞེས་ཀྱང་བྱ། དེ་རང་སོ་ནམ་ཟིན་པར་གནད་དུ་བསྣུན་ནས་སྒོམ་པ་གལ་ཆེའོ།
།གཉིས་པ་དངོས་གཞི་ལ། སྐྱོན་བཞི་རང་གྲོལ་དང་། ཡོན་ཏན་བཞི་གྲུབ་པ་གཉིས་ལས།
དང་པོ་ནི་ཉེ་དྲགས་པས་མ་མཐོང་། སླ་དྲགས་པས་ཡིད་མ་ཆེས། ཕྲ་དྲགས་པས་མ་རྟོགས། བཟང་དྲགས་པས་བློར་མ་ཤོང་བ་སྟེ། སྐྱོན་བཞི་རང་གྲོལ་དུ་བྱ་བ་སྟེ་དང་པའོ།
།ཉེ་གྲགས་པས་མ་མཐོང་བའི་སྐྱོན་མེད་དེ། ཉེ་ཤོས་རང་གི་སེམས་ཐོག་ཏུ་བྱར་མེད་ཀྱི་ཚུལ་དུ་སྒོམས་ལ་མཐོང་མ་མཐོང་གི་དབྱེད་གཞི་མ་དགོས་པས་སོ།
།སླ་དྲགས་པས་ཡིད་མི་ཆེས་མི་དགོས། རླབས་དང་འཁྲིག་དུས་སྐད་ཅིག་བཞིན། ཞེས་པ་ལྟར་ལོངས་སྤྱོད་རླབས་དང་། འཁྲིག་པ་གཅོད་པ་དང་། ཐང་ཤིན་ཏུ་ཆད་པའི་ཚེ་འཆར་བར་སངས་རྒྱས་ཀྱིས་གསུངས་ལ། འཆར་རྒྱུ་དེ་ཡང་སྣང་བྱའི་ཡུལ་སྣང་བ་དང་། འཛིན་བྱའི་བློར་བྲལ་བའི་གསལ་སིང་ངེ་བ་ལ་ལྷན་ནེ་གནས་པ་དེ་ཁ་ཐ་མལ་གྱི་ཤེས་པ་ལ་གཟོ་མ་ཞུགས་པ་ཡིན་ཞིང་། དེ་ཀ་བསྒོམ་བྱ་གཙོ་བོ་ཡིན་པར། ཐ་མལ་ཤེས་པ་སྙིང་གི་དབུས་སུ་སད། །ཞེས་པ་བསྟན་པའི་ཕྱིར་རོ།
།ཕྲ་དྲགས་པས་མ་རྟོགས་པའི་སྐྱོན་མེད་དེ། མ་མཐོང་བ་དེ་མཐོང་བའི་མཆོག །ཞེས་པ་ལྟར། མཐོང་རྒྱུའི་རྟོགས་རྒྱུ་མེད་པར་ཤེས་ནས་དེའི་སྟེང་དུ་གཟོ་མེད་དུ་བཞག་པས་ཆོག་པའི་ཕྱིར། བཟང་དྲགས་པས་བློར་མི་ཤོང་མི་དགོས་ཏེ། ན་མོ་བདེ་གཤེགས་སྙིང་པོ་འགྲོ་ཀུན་ཡོངས་ལ་ཁྱབ། ཞེས་བདེ་བར་གཤེགས་པའི་སྙིང་པོ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་དེ། སེམས་ཅན་ཐམས་ཅད་ལ་ཡོད་པར་སངས་རྒྱས་རང་གི་གསུངས་པའི་ཕྱིར། དེ་ལ་སྐྱོན་བཞི་ལ་གྲོལ་ནས།
གཉིས་པ་ཡོན་ཏན་བཞི་གྲུབ་པ་ལ།
དང་པོ་དྲན་འདུན་དྲག་པོས་བཅུན་ཏེ་ཞི་གནས་བཙལ་བ། བར་དུ་དྲན་འདུན་རང་སར་བཤིག་སྟེ་ལྷག་མཐོང་སྒོམ་པ། ཐ་མལ་གཟོ་མེད་ལྷུག་པའི་ངང་དུ་ཟུང་གི་རྒྱུན་བསྐྱང་བ། དེ་ཡང་སྒོམ་མེད་ཡེངས་མེད་དུ་འབྱོང་པས་སྤྲོས་བྲལ་དུ་ཐག་བཅད་པའོ།
།དང་པོ་ཉིན་མཚན་འཁོར་ཡུག་ཏུ་འདུན་པ་དྲག་པོས་རྒྱུན་དུ་བཅུན་ནས། གནད་དུ་བསྣུན་ནས་ཡེངས་མེད་དུ་སྒོམ་དགོས་ཀྱི། འཕྲན་ཙམ་རེ་བསྒོམས་ཀྱང་ཡར་བསྐྱེད་མེད་པའི་ཁར་ལ་ཤོར་གྱི་རྒྱུན་བསྲིངས་ནས་སྒོམ་མི་ནུས་སོ།
།དེ་ཡང་སྒོམ་ཚུལ་ནི། འཇོག་དང་རྒྱུན་འཇོག་སླན་ནས་འཇོག །ཞེས་གསུངས་པ་ལྟར། རྣམ་རྟོག་གཞན་གྱི་འཁྲི་བ་རྦད་བཅད་དེ། རང་སེམས་ཀྱི་སྟེང་དུ་ལྷན་གྱིས་བཞག །ཡེངས་པའི་གྲབས་བྱེད་ཚེ་འདུན་པ་དྲག་པོས་ཡང་ཡང་བཅུན་ཏེ་ཡེངས་སུ་མི་འཇུག །དེ་ནས་ཀྱང་མི་ཐུབ་པར་ཡེངས་ན། དམིགས་པ་ལ་སེམས་གཏད་དེ། དེ་རྒྱུན་རྣམ་པར་གཡེང་མི་བྱ། །རྣམ་གཡེང་མྱུར་དུ་བརྟག་བྱས་ཏེ། །དེ་ལ་སླར་ཡང་བསླན་པར་བྱ། །ཞེས་གསུངས་པ་ལྟར། དེ་མ་ཐག་ཡེངས་པ་ངོས་བཟུང་ལ། དགག་སྒྲུབ་མེད་པར་ལྷན་གྱིས་མཉམ་པར་བཞག་གོ །དེ་ལྟ་བུའི་སྒོམ་ཚུལ་ཤེས་པར་བྱས་ལ། ཉིན་མཚན་འཁོར་ཡུག་ཏུ་བརྩོན་འགྲུས་དྲག་པོས་སྒོམ་དགོས་ཀྱིས། ཐུན་གྱི་གནས་སྐབས་ཡུད་ཙམ་སྒོམ་པ་སོགས། བྱས་བློ་གྱུར་བློས་སྒོམ་པ་ནི། རྗེས་ཏིལ་འབྲུ་ཙམ་ཡང་མི་འབྱུང་བས་སྙུགས་བསྲིང་སྟེ་འབད་པས་སྒོམ་པ་གལ་ཆེའོ།
།གཉིས་པ་བར་དུ་དྲན་འདུན་རང་སར་བཤིག་སྟེ་ལྷག་མཐོང་སྒོམ་པ་ནི། སྔར་གྱི་དེ་ནན་ཐུར་བྱས་བསྒོམས་པས། ཐོག་མར་རྣམ་རྟོག་མང་དུ་སོང་བ་སྙམ་བྱེད་ཀྱང་། དེ་རྣམ་རྟོག་ངོས་ཟིན་པ་ཡིན་པས་སྐྱོན་ཆེར་མེད། དེ་ནས་སྒྱིད་ལུག་པར་མི་བྱ་བར་འབད་དེ་བསྒོམས་པས་རྣམ་རྟོག་ཉུང་བ་དང་། གནས་ཆ་ཇེ་ཆེར་འགྲོ་སྟེ་དེ་ཙམ་ན་ཧྲིལ་གྱི་སྒྲིམས་ལ་ལྷོད་ཀྱིས་གློད་སྒོམ་པའི་གནད་གཅིག་དེ་ན་འདུག །ཞེས་པའམ། འཇུར་པོས་བཅིངས་པའི་སེམས་འདི་ནི། །གློད་ན་གྲོལ་བར་ཐེ་ཚོམ་མེད། །ཞེས་གསུངས་པ་ལྟར་ཐོག་མར་སེམས་ཀྱི་ངོ་བོ་ལ་ཆེར་གྱིས་བལྟས་ཏེ། དེ་ནས་བཟོ་མེད་ལྷུག་པར་ལྷོད་ཀྱིས་གློད་ལ་བཞག །དེ་ལྟ་བུ་གཡེང་བའི་བར་མ་ཞུགས་པར་རྒྱུན་ལྡན་དུ་བསྒོམས་པས་རེ་ཞིག་ན་ནམ་བཞག་ཀྱང་ཞན་ནེ་གནས་པ་འབྱུང་ངོ་།
།གསུམ་པ་ཐ་མལ་བཟོ་མེད་ལྷུག་པའི་ངང་དུ་ཟུང་གི་རྒྱུན་བསྐྱང་པ་ནི། དེ་ཡང་མཉམ་རྗེས་ཐམས་ཅད་དུ་རྩལ་སྦྱང་དགོས་ཏེ། ཐོག་མར་རང་གི་སེམས་ཐོག་ཏུ་ཡུལ་སྣང་གང་ཤར་ཀྱང་ངོ་བོ་ལ་ཆེར་གྱིས་བལྟས་ལ་གཟོ་མེད་ལྷུག་པར་ཆད་ཀྱིས་བཞག །དེ་བཞིན་དུ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་བསྟེན་གསུང་བ་ལྟར། ཡུལ་སྣ་ཚོགས་འཆར་དུ་བཅུག་ལ། གང་ཤར་བ་དེའི་ངོ་བོ་ལ་ཆེར་གྱིས་བལྟས་བཟོ་མེད་དུ་བཞག །དེ་བཞིན་དུ་སྟེང་དུ་རྒྱང་རིང་པོར་ཆད་ཀྱིས་བཏང་ནས་འོག་དང་། ཨོ་རྒྱན་དང་། རྡོ་རྗེ་གདན་སོགས་རྒྱང་རིང་པོར་ཆད་ཀྱིས་བར་བཏང་ནས་བཟོ་མེད་དུ་བཞག །རེས་འགའ་སེམས་ཐོག་ཏུ་འདོད་ཆགས་ཞེ་སྡང་། ང་རྒྱལ་ཕྲག་དོག་སོགས་ཉོན་མོངས་པ་གང་སྐྱེས་ཀྱང་ངོ་བོ་ལ་ཆེར་གྱིས་བལྟས་ཏེ། བཟོ་མེད་དུ་བཤིག་ལ་ལྷོད་ཀྱིས་འཇོག །དེ་བཞིན་དུ་བསྐྱེད་རིམས་སྒོམ་པ། རླུང་སྒོམ་པ་སོགས་ལ་ཡང་བསྲེས་ཏེ་བསྒོམ་པ་སོགས་བར་མཚམས་ཅུང་ཟད་ཙམ་ཡང་མ་ཆད་པར་ཆིག་སྒྲིལ་དུ་ཉམས་སུ་ལེན་པ་ལ་འབད་པར་བྱ་དགོས་ཏེ། མདོར་ན་རྐྱེན་དབང་དུ་མི་འགྲོ་བའི་བསྟན་པ་ཐོབ་པ་ཞིག་ནམ་བྱུང་བར་དུ་སྒོམ་པ་ཡིན་ནོ།
།རེས་འགའ་པྱིང་རྒོད་དང་མི་ནུས་པ་སོགས་ཀྱི་གེགས་བྱུང་སྟེ། སྤྱི་བོར་བླ་མ་སྒོམ་ལ་གསོལ་བ་དྲག་ཏུ་བཏབ་བླ་མ་བསྟིམ་པ་རྣམས་སྔར་བཞིན་བྱས་ལ་མོས་གུས་བསྐྱེད། སེམས་ཅན་ལ་སྙིང་རྗེ་ཡང་ཡང་སྒོམ། ཡང་བྲེལ་རིངས་ཆེས་པས་སྒོམ་རྒྱུ་མི་ཡོང་སྙམ་བྱེད་ན། ཚོགས་ལ་འགྲོ་བ་ན་ཡང་། རང་གི་གྲྭ་ཁང་ནས་ཆས་ཏེ་ཚོགས་སུ་ནམ་སླེབས་བར་ལ་ཅུང་ཟད་ཙམ་ཡང་མ་བརྗེད་པར་བྱས་སྒོམ། དེ་ནས་འགྲོ་འདུག་གཞན་ལ་ཡང་སྦྱར། དེ་ནས་བཟའ་བཏུང་སོགས་ལ་ཡང་གོམས་སུ་བཅུག་སྟེ། མཉམ་རྗེས་ཐམས་ཅད་ལ་བསྲེ་བར་བྱའོ།
།བཞི་པ་ནི། དེ་ལྟ་བུ་ལས་ལོགས་སུ་གྱུར་པའི་ཕྱག་ཆེན་ནམ་རྫོགས་ཆེན་ནམ། འཁོར་འདས་དབྱེར་མེད་ཞེས་གཞན་ནས་བཙལ་དགོས་མེད་པས། ལྟ་བ་སྤྲོས་བྲལ་དེ་ཁར་ཐག་གཅད་དོ།
།གསུམ་པ་རྗེས་སམ་འབྲས་བུ་ནི། སྐུ་གསུམ་རང་ཤར་ཏེ། གསལ་བ་སྤྲུལ་སྐུ་ སྟོང་པ་ཆོས་ཀྱི་སྐུ་ ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཏེ། ཞེས་གསུངས་པ་ལྟར་མཐའ་བྲལ་གྱི་ལྟ་བ་དེ་ཁ་ལ། གསལ་བའི་ཆ་སྤྲུལ་སྐུ། སྟོང་པའི་ཆ་ཆོས་སྐུ། ཟུང་འཇུག་ལ་ལོངས་སྐུར་བཞག་པས་སྐུ་གསུམ་གཞན་ནས་བཙལ་མི་དགོས་པར་གསལ་སྟོང་ཟུང་འཇུག་དེ་ཀའི་རྒྱུན་བསྐྱང་པས་སྐུ་གསུམ་མངོན་དུ་གྱུར་བ་ནི་གདོན་མི་ཟ་བ་ཡིན་ནོ།
།དེ་སྐད་གསང་མཐའི་ཟབ་ལ་སྙིང་པོའི་དོན། །འཁྲུལ་མེད་རང་གཟུགས་རྗེན་པར་སྟོན་ན་ཡང་། །འབད་མེད་གཡེང་བའི་ལམ་ལ་མི་ཚེ་བསྐྱལ། །ནོར་བུའི་གླིང་ནས་སྟོང་ལོག་མ་བྱས་སམ།
།ཀྱཻ་ རང་ཡང་སྙོམ་ལས་ལེ་ལོས་དུས་འདས་ནས། །གཞན་ལ་ཁ་ལྟ་འཇུག་པའི་ཁྲམ་ཚིག་ཅན། །རང་ལ་རང་ཞེས་མ་ཁྲེལ་གཞན་དག་ལ། །སྙིང་གཏམ་སྨྲ་བའི་དམ་པའི་ལུགས་སྲོལ་ཡིན། །འོན་ཀྱང་གཞན་ཕན་བསམ་པའི་བློ་དག་པས། །འདི་སྐད་བརྗོད་ལ་དགེ་ཚོགས་གང་ཐོབ་པ། །བདག་དང་གདུལ་བྱའི་རྒྱུད་ལ་བདེ་ཆེན་གྱི། །ཡེ་ཤེས་མྱུར་དུ་སྐྱེ་བའི་མཐུ་ལྡན་ཤོག
།ཅེས་པ་འདི་ཡང་དགེ་སློང་དཀོན་མཆོག་བསམ་འགྲུབ་ཀྱི་བསྐུལ་ངོརབྱམས་པ་ངག་དབང་རྣམ་རྒྱལ་གྱིས་དབེན་གནས་ཞེ་དགོན་དུ་སྦྱར་བ་འདིས་ཀྱང་བསྟན་པ་དང་སེམས་ཅན་མང་པོ་ལ་ཕན་ཐོགས་པར་གྱུར་ཅིག །ཡི་གེ་པ་ནི་ངག་དབང་ཕུན་ཚོགས་ཀྱིས་བགྱིས་པའོ།།