Gtum mo skom du 'thung ba bde drod zhal sbyor

From Shangpa Resource Center








Resource ID SCv9p15
Title gtum mo skom du 'thung ba bde drod kyis zhal sbyor
Topics Chandali
Sub-Topics Instructions
Link BDRC W23922
BDRC W23922

༄༅། །གཏུམ་མོ་སྐོམ་དུ་འཐུང་བ་བདེ་དྲོད་ཞལ་སྦྱོར་བཞུགས་སོ།།

ན་མོ་གུ་རུ།
དངོས་གཞི་ལ་གཏུམ་མོ་སྐོམ་དུ་འཐུང་བ་བདེ་དྲོད་ཀྱིས་ཞལ་སྦྱོར་ལ། དེ་ལ་བཞི་སྟེ།
གསོལ་བ་གདབ་པ། རླུང་བཟུང་བ། འཁྲུལ་འཁོར་བྱ་བ། དམིགས་པ་བསྒོམ་པའོ།
དང་པོ་གསོལ་བ་གདབ་པ་ནི། རང་གི་སྤྱི་བོར་བླ་མ་རི་རྣལ་འབྱོར་བསྒོམ་ལ། བླ་མ་རིན་པོ་ཆེ་བདག་ལ་བདེ་དྲོད་ཀྱི་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། །བདེ་སྟོང་གི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་བཏབ་ལ་མོས་གུས་བྱའོ།
།གཉིས་པ་ནི། ངག་གི་ལས་སུ་རླུང་བཟུང་། ཞེས་གསུངས་པས་རླུང་རོ་ལན་གསུམ་མམ་དགུ་ཕྲུགས་སུ་གསལ་ལ། ་་སྟེ་རླུང་འཇམ་པོས་མནན་ལ། རྔུབས་ནས་སྟེང་རླུང་འོག་ཏུ་བསྐྱུར། དེ་དང་དུས་མཉམ་དུ་འོག་རླུང་ཡང་ཅུང་ཟད་འཐེན་ལ་རླུང་ཁ་སྦྱར་ཏེ་བསྒོམ།
གསུམ་པ་ལུས་ཀྱི་ལས་སུ་འཁྲུལ་འཁོར་བྱ། ཞེས་གསུངས་པས། རྩུབ་ཤིང་མ་དད་འཕོ་བ་སྐོར་བ་ལ་སོགས་པ་བྱའོ།
།བཞི་པ་ཡི་ཀྱི་ལས་སུ་དམིགས་པ་བསྒོམ། ཞེས་གསུངས་པ། རང་ཉིད་ཕྱི་རྗེ་བཙུན་མའི་རྣམ་པ་ལ། ནང་སྟོང་ར་ཕྲུ་མ་ཕུས་བཏབ་པ་ལྟ་བུ་སྲབ་སིང་ངེ་བ། ཁ་དོག་དམར་བ་རེག་བྱ་ཚ་བ། ཟངས་གཞོང་མེས་ཚིག་པ་ལྟ་བུ་བསྒོམ།
དེའི་དཀྱིལ་ནས་ཡར་ལ་རྩ་དབུ་མ་ཡར་རྩེ་ཚངས་བུག་ཏུ་ཟུག་པ། མར་སྣེ་ལྟེ་འོག་སོར་བཞི་སླེབ་པ། ཆོས་བཞི་དང་ལྡན་པ་ཅིག་བསམ་མོ། །དེའི་ཁྲིས་ན་ཡར་ལ་གཡས་རོ་མ་དང་གཡོན་རྐྱང་མ་གཉིས་ཡར་རྩེ་སྣ་བུག་གཉིས་དང་། མས་སྣ་ལྟེ་འོག་སོར་བཞི་ནས་དབུ་མའི་ཁར་ཚུད་ཙམ་ཅིག་བསྒོམ། དབུ་མའི་ནང་རྩ་གསུམ་གྱི་འདོམ་པ་རུ། ཨ་ཐུང་ཤད་ཀྱིས་རྣམ་པ་སྐྱེ་ཚེར་བཅད་པ་ལྟ་བུ་གདེངས་ཁ་ཆེ་བ་གྱེན་དུ་བསྟན་པ། ཕྲ་བ་ཐུར་དུ་ཟུག་པ་ཁ་དོག་དམར་བ་རེག་བྱ་ཚ་བ་འབར་བར་བསམ། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་གཉིས་གདུགས་ཀྱི་རྩིབ་མ་ལྟ་བུ་ཁ་གྱེན་དུ་ཕྱོགས་པ། དེའི་དབུས་སུ་དབུ་མའི་ནང་དུ་ཨ་དམར་པོ་ཅིག་བསྒོམ། །དེ་བཞིན་དུ་སྙིང་ཁ་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་ཁ་ཅུང་ཟད་མཐུར་དུ་ཕྱོགས་པ། དེའི་དབུས་སུ་ཧཱུྃ་སྔོན་པོ་ཅིག་བསྒོམ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་ཁ་ཅུང་ཟད་གྱེན་དུ་ཕྱོགས་པ། དེའི་དབུས་སུ་ཨོཾ་ཡིག་སེར་པོ། སྤྱི་བོར་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སུམ་ཅུ་སོ་གཉིས་པ་ཁ་ཅུང་ཟད་མཐུར་དུ་ཕྱོགས་པ། དེའི་དབུས་སུ་ཧཾ་ཡིག་དཀར་པོ་མགོ་མཐུར་དུ་བལྟ་བ་གཅིག་གིས་ཚངས་བུག་བཀག་པར་བསམ་མོ། །སུམ་མདོ་རི་དང་། གཤང་ལམ་དུ་ཡཾ་ཡིག་བསམ་མོ།
དེ་ནས་རླུང་རོ་ལེགས་པར་བསལ་ལ། རླུང་གི་ཤུགས་རྫོགས་པ་དང་། སྣ་བུག་གཉིས་ནས་དལ་བུས་རྔུབས་ནས། །རོ་རྐྱང་གཉིས་ན་མར་ལུག་གི་རྒྱུ་མ་བུས་པ་བཞིན་དུ་སོང་ནས། དབུ་མའི་ནང་ནས་ཡར་བྱུང་། ཨ་ཐུང་ལ་རྩུབ་པས་ཨ་ཐུང་མེའི་རང་བཞིན་དུ་དམར་ལྷང་ངེ་མེ་འབར་ལ་ཁད་པ་ལ་སེམས་གཏད་དོ། །དེ་ལ་དམིགས་བསྐོར་གཅིག་བྱའོ།
།དེ་ནས་སྲིན་ཞལ་བསྡམ་ནས་འོག་རླུང་འཐེན་པས་ཡཾ་ཡིག་ལས་རླུང་གཡོས། རླུང་དེ་སུམ་མདོའི་རཾ་ཡིག་ལ་རྩུབ་པས། རཾ་ཡིག་ལས་མེ་འབར། ཨ་ཐུང་ལ་ཕོག་པས་ཨ་ཐུང་ལ་མེ་འབར་བ་རྩེ་མོ་དང་རྩ་བ་ཕྲ་བ། རྐེད་པ་ལྡིར་བ་བཟུང་མོ་བྱི་ཐུར་གྱི་རྣམ་པ་དམར་ན་རེ་བྱུང་བ་ལ་རིག་པ་གཏད་དོ། །དེ་ལ་དམིགས་བསྐོར་གཅིག །དེ་ནས་མེ་ལྕེ་ཡར་བྱུང་། ལྟེ་བར་སླེབ་པ་ལ་དམིགས་བསྐོར་གཅིག །དེ་ནས་ལྟེ་བའི་ཨ་ཡིག་དེ་བསྲེགས། ལྟེ་བའི་རྩ་འདབ་ཐམས་ཅད་མེས་དམར་ཤིག་ཤིག་ཁེངས། རྩ་ནང་གི་བག་ཆགས་ངན་པ་ཐམས་ཅད་སྦྱངས་པར་བསམ་མོ། །དེ་ལ་དམིགས་བསྐོར་གཅིག །དེས་རིགས་འགྲེའོ།
དེ་ནས་སྙིང་གར་སླེབས་པ་ལ་གཅིག །སྙིང་གའི་ཧཱུྃ་ཡིག་བསྲེགས། རྩ་ནང་མེས་ཁེངས་བག་ཆགས་སྦྱངས་པར་བསམ། དེ་ལ་གཅིག །ཡང་མགྲིན་པར་སླེབ་པ་ལ་གཅིག །ཨོཾ་ཡིག་སེར་པོ་བསྲེགས། རྩ་ནང་མེས་ཁེངས་བག་ཆགས་སྦྱངས་པར་བསམ། དེ་ལ་གཅིག །ཡང་སྤྱི་བོར་སླེབས་པས་རྩ་ནང་ཐམས་ཅད་མེས་ཁེངས་བག་ཆགས་སྦྱངས། དེ་ལ་གཅིག །དེ་ནས་མེ་ལྕེ་སྤྱི་གཙུག་གི་ཧཾ་ཡིག་ལ་རེག་ནས་ཧཾ་ཡིག་སྣུམ་ཆེམ་མེ་ཞུ་ལ་ཁད་པ་ལ་གཅིག །དེ་ནས་ཧཾ་ལས་བྱང་ཆུབ་ཀྱི་སེམས་དཀར་པོ་སྐྱ་ནར་རེ་བྱུང་། སྤྱི་བོར་སླེབས་པ་ལ་གཅིག །དེ་ནས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་རྩ་འདབ་ཐམས་ཅད་བདུད་རྩི་དཀར་པོས་ཁྲིགས་མེར་ཁེངས། སེམས་བདེ་སྟོང་གི་ངོ་བོར་སྐྱེས་པར་བསམ། དེ་ལ་གཅིག །དེ་བཞིན་དུ་མགྲིན་པར་སླེབ་པ་ལ་གཅིག །མགྲིན་པའི་རྩ་ནང་ཁེངས་ཨ་ཡིག་སོས་པ་ལ་གཅིག །དམིགས་བསྐོར་དེ་རྣམས་ལ་དམིགས་རྟེན་མ་རྙེད་བར་ལ་དམིགས་པ་མི་སྤོ་བར་བསྒོམ་པའི་ལུགས་སོ། །དེ་ལྟར་བསྒོམ་པས་བདེ་བ་ཆེ་ཞིང་འཛག་པ་ལ་སོགས་པའི་གེགས་བྱུང་ན། ཡང་མེ་ལྕེ་ཡར་སྲིངས་ནས་ལྟེ་བར་སླེབས། རྩ་ནང་ཐམས་ཅད་གང་ཨ་སྲེགས། བྱང་ཆུབ་ཀྱི་སེམས་དཀར་པོ་ཡར་ཐུང་ཧྲིལ་སོང་། དེ་བཞིན་དུ་སྤྱི་བོར་གོང་བཞིན་བསྒོམ་བདེ་བ་ཆུང་ན་མེ་བཏུད་ལ། དྲོད་ཆུང་ན་མེ་ལྕེ་སྲིང་བ་ལ་ཡས་བབས་ཀྱི་དགའ་བ་བཞི་དང་། མས་བརྟེན་གྱི་དགའ་བཞི་ཡང་ངོས་བཟུང་པར་བྱའོ། །དེ་ནི་སྐོམ་དུ་འཐུང་བ་བདེ་དྲོད་ཀྱི་ཞལ་སྦྱོར་རོ།།
Amplifications
༈ བོགས་འདོན་གྱི་སྐབས་སུ་ཡང་།
རྗེ་བཙུན་མུ་ཏིག་གི་ཕྲེང་བ་ལ་བརྟེན་ནས་བོགས་འདོན་པ་དང་། བླ་མ་ལ་རྟེན་ནས་བོགས་འདོན་པ་དང་། ལྷ་སྐུ་ལ་བརྟེན་ནས་བོགས་འདོན་པ་རྣམས་ཡོད་པ་ལས།
དང་པོ་ནི་རང་ཉིད་འཁོར་ལོ་བདེ་མཆོག་གམ། རྗེ་བཙུན་མར་གསལ་བའི་ངང་ནས་རྩ་གསུམ་གསལ་བཏབ། ལྟེ་བ་སྤྲུལ་པའི་འཁོར་ལོའི་དབུ་མའི་ནང་དུ། ཆོས་འབྱུང་ཕྱི་དཀར་ལ། ནང་དམར་བ། བདེ་བར་འཆར་ཞིང་བདེ་བར་རྒྱུ་བ་གཅིག་བསྒོམ། དེ་ནས་རླུང་རྔུབས་པ་དང་དུས་མཉམ་དུ། ཨ་ལི་བཅུ་དྲུག་གི་ངོ་བོ་བྱང་ཆུབ་ཀྱི་སེམས་ཡིན་པ་ལ། རྣམ་པ་ཡིག་འབྲུའི་རྣམ་པ། དུང་གི་འཕྲེང་བ་བཞིན་དུ། སྐྱ་ནར་གྱི་རྩ་གཡས་རོ་མའི་ནང་དུ་སོང་། ཀ་ལི་སོ་བཞི་པོའི་ངོ་བོ་བྱང་ཆུབ་ཀྱི་སེམས་དམར་པོ་ཡིན་པ། རྣམ་པ་ཡིག་འབྲུའི་རྣམ་པ་ཁ་དོག་དམར་པོ་བྱེ་རུའི་ཕྲེང་བ་བཞིན་དུ། གཡོན་རྐྱང་མའི་ནང་ནས་མར་ནར་ཏེ་སོང་། དབུ་མ་ནས་མར་བྱུང་། ཆོས་འབྱུང་གི་ནང་དུ་འབྲོས་འདེད་ཀྱི་ཚུལ་དུ་སྐོར་རོ་རོ་འཁོར་བ་ལ་རིག་པ་གཏད། སེམས་བདེ་བའི་ངོ་བོར་རྩེན་གྱིས་བཞག །དེ་ནི་བདེ་བའི་བོགས་འདོན་ཡིན་ནོ།།
༈ གཉིས་པ་བླ་མ་ལ་རྟེན་ནས་བོགས་འདོན་པ་ནི། རང་ཡི་དམ་དུ་གསལ་བའི་སྙིང་ཁར་ཟླ་བའི་གདན་ལ་བླ་མ་བསྒོམ། བླ་མའི་ཐུགས་ཀར་ཧཱུྃ་དཀར་པོ་འོད་ཀྱི་རང་བཞིན་ཅན་གཅིག་བསྒོམ། ཧཱུྃ་དེ་ལས་འོད་ཟེར་འཕྲོས་བླ་མ་གསལ་བར་བྱས། བླ་མ་ལས་འོད་ཟེར་འཕྲོས་རང་ཉིད་གསལ་བ་བྱས། དེ་ཐམས་ཅད་འོད་དང་འོད་ཟེར་གྱི་རང་བཞིན། འཇའ་འོད་ལས་གྲུབ་པའི་གསལ་སྟོང་གི་ངོ་བོར་བཞག་པར་བྱའོ།།
༈ གསུམ་པ་ལྷ་སྐུ་ལ་བརྟེན་ནས་བོགས་འདོན་པ་ནི། རང་ཉིད་འཁོར་ལོ་བདེ་མཆོག་ཏུ་བསྒོམ། གསང་གནས་རྡོ་རྗེ་ནོར་བུའི་ནང་དུ་ཐིག་ལེ་སྔོན་པོ་འོད་ཟེར་འཕྲོ་བ་གཅིག་བསྒོམ། གསང་གནས་རྡོ་རྗེ་ནོར་བུའི་ནང་དུ་ཐིག་ལེ་སྔོན་པོ་འོད་ཟེར་འཕྲོ་བ་གཅིག་བསྒོམ། དེ་ལས་འོད་ཟེར་འཕྲོས་པས་ལུས་ཀྱི་ནང་ཐམས་ཅད་འོད་ཟེར་གྱིས་གང་བས། རང་ཉིད་བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་འོད་དང་འོད་ཟེར་གྱི་རང་བཞིན་ཅན། འཇའ་འོད་ལས་གྲུབ་པ་ཆུ་ནང་གི་ཟླ་བ་འམ། མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་སྣང་ལ་རང་བཞིན་མེད་པ། གསལ་སྟོང་གི་ངང་ལ་བཞག་པ་བྱའོ། ཡང་རང་ཉིད་འཁོར་ལོ་བདེ་མཆོག་ཏུ་གསལ་བའི་གསང་གནས་རྡོ་རྗེ་ནོར་བུའི་བུ་གར་ཐིག་ལེ་ནག་པོ་གཅིག་བསྒོམས་ལ། ཐིག་ལེ་དེ་ལས་འོད་ཟེར་འཕྲོས་པས། རང་གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཐིག་ལེ་ནག་པོ་དེ་ལ་འུབ་རིལ་གྱིས་འདུས་ནས་ཐིག་ལེ་དང་བཅས་པ་དབང་ཆེན་གསེར་གྱིས་གཞི་ལ་ལྷན་གྱིས་སོང་ནས། མཐར་མི་དམིགས་པའི་ངང་དུ་བཞག་པར་བྱའོ། །དེ་ནི་གེགས་སེལ་ཡིན་ནོ། །མངྒ་ལཾ།།