Khyad 'phags 'char sgo ngos 'dzin

From Shangpa Resource Center








Resource ID SCv7p321
Title khyad 'phags 'char sgo ngos 'dzin
Alt. title 'od gsal 'char sgo ngos 'dzin
Topics Clear Light
Author Nenyingpa Aï Sengé
Associated Person Sangyé Tönpa
Link BDRC W23922
BDRC W3CN18508 (v.2 p.126)
BDRC W8LS32725 (p.201)
BDRC W8LS36545 (p.155)
BUDA MW22103 (p.295, alt. version)
BDRC W1KG4284
Notes For another version, see khyad 'phags 'od gsal 'char sgo ngos 'dzin

༄༅། །ཁྱད་འཕགས་འཆར་སྒོ་ངོས་འཛིན་བཞུགས་སོ།།

སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །གསལ་སྟོང་སྤྲོས་བྲལ་བདེ་ཆེན་ངང་། །གདུལ་བྱའི་རི་འདོད་སྐོང་མཛད་པའི། །བཀའ་དྲིན་ཅན་གྱི་ཞབས་བཏུད་ནས། །རང་བཞིན་གསལ་འདེབས་དོན་དུ་ཡང་། །ཁྱད་འཕགས་འཆར་སྒོ་ངོས་འཛིན་བྲིས།
།འོད་གསལ་ལ་བཞི་སྟེ། གསལ་བའི་འཆར་སྒོ་དང་། མི་རྟོག་པའི་དང་། བདེ་བའི་དང་། ཟུང་དུ་འཇུག་པའི་འཆར་སྒོའོ།

།དང་པོ་ནི། གཉིད་དུ་སོང་བ་ཡིན་བྱས་པས་རང་གི་མདུན་ཕར་གྱི་དངོས་པོ་ཐམས་ཅད་གསལ་སིང་ངེ་བ་གསལ་བ་དང་།
ཡང་ཟླ་བ་གཅིག་ཤར་འདུག་སྙམ་པ་དཀར་ལམ་མེ་བ་དང་། ཡང་ཟླ་བ་ཤར་འདུག་པ་ལ་དཀར་ཞིང་དྭངས་པ་དང་། ཡང་ཉི་ཟླ་ཤར་བྱུང་སྙམ་པ་ལ་འོད་ཟེར་གསལ་སིང་བ། མིག་ལྟར་མི་བཟོད་པ། ཡང་རང་གི་སྙིང་ཁ་ནས་མར་མེ་འབར་བ་ལྟ་བུ་དང་། ཡང་དམར་སྐྱེམ་མེ་བ། འོད་དེས་མི་གསལ་བ་སྲིན་བུ་མེ་ཁྱེར་ལྟ་བུ་དང་། ཡང་རང་གི་ཁང་པ་ན་མར་མེ་གསལ་པོ་སྟོང་འདུག་སྙམ་པ་དང་། ཡང་མེ་ལྕེ་ལྷབ་ལྷབ་འབར་གྱིན་འདུག་སྙམ་པ་དང་། སྔས་ཁ་ན་ཕར་མར་མེ་གསལ་པོ་ཀོང་བུ་དང་། སྣུམ་དང་སྡོང་བུར་བཅས་པ་གསལ་སིང་སིང་མཐོང་བ་དང་། ཡང་ཉིན་པར་དུས་སུ་དངོས་པོ་ཕྲན་ཚེགས་གཏོར་བ་ལ་བརྟེན་ནས་རྨི་ལམ་གྱི་དུས་སུ་ཞེས་སྡང་སྐྱེས་པ་ལ་བརྟེན་ནས། རྟོག་པ་གསལ་ལ་རགས་པ་དང་། ཡང་གཉིད་ཅིག་ཀྱང་མེད་པར་ཁམས་དྭངས་པ་དང་། ཤ་རྩ་དཀར་ལ་དྭངས་པ་འོངས་པས། དེ་ལ་རླུང་དུ་འཛིན་པ་འོད་གསལ་ཁམས་འདུས་སུ་འཛིན་པ་ཡོད།
ངོ་མ་ཤེས་ན་གང་དུ་བཟུང་པ་དེར་འགྱུར་ནས་འགྲོའོ། བླ་མ་དམ་པས་ཟིན་ནས་འོད་གསལ་དུ་བསྒྱུར་ན་འགྱུར་གསུངས་སོ།

།གཉིས་པ་ལ་བཞི་སྟེ། རླུང་སེམས་དབུ་མར་འཛུད་པ་དང་། རྩ་མདུད་གྲོལ་བ་དང་། རྣམ་ཤེས་མཐའ་ཡས་པ་དང་། མི་རྟོག་པར་སོང་པའོ།
།དང་པོ་ནི། གཉིད་དུ་འགྲོ་བའམ། སོང་ཙ་ན་རྣ་བ་ཟི་རོང་རོང་པའམ། ཐིབས་ཐིབས་སོང་བ་དང་། ནག་ཡོར་ཡོར་འབྱུང་བ་དང་། རྩིར་རྩིར་ནོན་པ་དེ་ལ་ང་འདྲེས་ནོན་འདུག་སྙམ་ནས་སྔགས་བཟླས། ལྷ་བསྒོམ་ཀྱང་ཐུར་འགྲོ་བ་འོངས་པས། དེ་ལ་བླ་མས་ངོ་སྤྲད་པའི་འོད་གསལ་དེར་འདུག་སྙམ་པ་བྱས་ལ་སྟེང་རླུང་བཟུང་། མི་རྟོག་པ་ལ་བཞག་པས་རླུང་དབུ་མར་ཚུད་ནས་འོད་གསལ་འབའ་ཞིག་ཏུ་འགྲོ་བ་ཡིན་གསུངས་སོ།
།གཉིས་པ་ནི། གཉིད་དུ་ལྷན་སོང་བ་དང་འདར་ཡེད་ཡེད་ལ་ཡན་ལག་ཕྲས་སོང་ནས་འདོམ་གང་ཙམ་འཕར་ནས་འགྲོ། དར་གཅིག་བརྒྱལ་སོང་བས། དེའི་དུས་སུ་མི་འགུལ་བ་དར་གཅིག་བཞག་པས་རྩ་མདུད་གྲོལ་ནས་དེང་ཕྱིན་ཆད་བསྒོམ་མི་དགོས་པར་འོད་གསལ་འབའ་ཞིག་ཏུ་འགྲོ། དོན་འགྲུབ་པ་ཡིན་གསུངས་སོ། །དེའང་དྲང་སྲོང་ངམ། བརྒྱལ་ན་ནོར་ནས་འགྲོ་བས་བྱེ་བྲག་ཕྱེད་པ་གལ་ཆེ་གསུངས་སོ།
།གསུམ་པ་ནི། རང་གི་རྣམ་ཤེས་འདི་ནམ་མཁའ་ལ་སྐྲ་ཡས་གྱེས་པ་དང་། སེམས་ཉིད་ནང་དུ་བསྡུས་པས་མི་འདུས་པ་འབྱུང་བས། དེ་ལ་གཅོད་ཀྱི་དབྱིངས་རིག་བསྲེས། ཆོས་སྐུ་མི་རྟོག་པའི་ངང་ལ་བཞག་པས་འོད་གསལ་འབའ་ཞིག་ཏུ་འགྲོ་གསུངས་སོ།
།བཞི་པ་ནི། ཐོ་རངས་སམ་ནམ་ཞོག་སྔངས་པ་དང་གསལ་བ་འདྲེས་པ་འདར་ཡེད་ཡེད་པ་ཡོད་པས། དེ་ལ་གླང་པོ་ཆེའི་ལྟ་སྟངས་ཀྱིས་མིག་ཅེར་བལྟས་ནས་བཞག་པས། གསལ་སྟོང་སྤྲོས་པ་ཐམས་ཅད་དང་བྲལ་བར་ལྷན་གྱིས་རྟོགས་པར་འགྱུར་རོ།

།གསུམ་པ་ལ་གཉིས་ཏེ། ཟག་བཅས་ཟག་མེད་དོ།
།དང་པོ་ཐོ་རངས་ལྟ་བུ་ལུས་བདེ་ཕྲིལ་ལེ་བ་ལ་ཤེས་པ་གསལ་བའོ།
།གཉིས་པ་ནི། མཚན་མོ་གཉིད་ཀྱི་དུས་སུ་ཡང་འཛིན་མེད་ཀྱི་བདེ་གསལ་འབའ་ཞིག་ཏུ་འཆར་ལ། ཉིན་པར་ཡང་འཛིན་མེད་ཀྱི་བདེ་གསལ་འབའ་ཞིག་ཏུ་འཆར་རོ།

།བཞི་པ་ནི། ཉིན་མཚན་ཐམས་ཅད་གསལ་སྟོང་བདེ་ཆེན་ཟུང་འཇུག་རྒྱུན་ཆད་མེད་པར་འཆར་བར་འགྱུར། །དེ་ལྟར་ཉིན་མཚན་ཐམས་ཅད་དུ་གསལ་ལ་མི་རྟོག་པའི་ངང་དུ་མ་ཡེངས་པར་བསྒོམས་པས། ལོའམ་ཟླ་བ་ཙམ་གྱི་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པ་ཡིན་གསུངས་སོ།
།ཁྱད་འཕགས་འཆར་སྒོ་ངོས་འཛིན་ནི། །སངས་རྒྱས་སྟོན་པའི་གསུང་བཞིན་བཀོད། །དགེ་བ་འདི་ཡིས་སེམས་ཅན་རྣམས། །རྡོ་རྗེ་འཛིན་པའི་ས་ཐོབ་ཤོག
༼སངས་རྒྱས་སྟོན་པའི་གསུང་བཞིན་དུ། ཨ་ཡི་སེང་གེས་བཀོད་པའོ།༽
།འོད་གསལ་འཆར་སྒོ་ངོས་འཛིན་ཞེས་བྱ་བ་འདི་རེ་ཞིག་རྫོགས་སོ། །མངྒ་ལཾ།། །།