Lha bzhi'i lo rgyus

From Shangpa Resource Center








Resource ID SCv9p697
Title lha bzhi'i lo rgyus gnyis
Topics Combined Accomplishment of the Four Deities
Sub-Topics Story
Link BDRC W23922
BDRC W3CN18508 (v2p.290)

༄༅། །ལྷ་བཞིའི་ལོ་རྒྱུས་གཉིས་བཞུགས་སོ།།

༼ལྷ་བཞིའི་ལོ་རྒྱུས་ཡིན་༽སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།
།ལྷོ་ཕྱོགས་ཨེ་ལ་བྷ་ཤ་འི་ཡུལ། །བྷི་རོ་ཇི་ཞེས་གྲོང་ཁྱེར་ཏེ། །རྡོ་རྗེ་མཁའ་འགྲོའི་ས་གཞི་དེར། །ཡབ་ནི་ཨུ་ན་ཡ་དྷ་བྷ་དང་། །མ་ནི་པཱུ་ཙ་ན་མི་ལས། །བདག་ཀྱང་རྒྱལ་རིགས་༼དེ་དུས་ཀྱང་ལྷ་བའི་མཐང་ནས།༽མཐོ་གྱུར་ཏེ། །སྒྲ་དང་འོད་དང་དྲི་བཟང་བྱུང་། །དེ་ཚེ་ཡབ་ཡུམ་རྒྱལ་རིགས་ཏེ། །མིང་ཡང་དེ་ཝ་ས་ཏར་༼ལྷའི་སེམས་དཔའ་་་་་་ར༽བཏགས། །རང་ གིས་ཕྱིས་མཐོང་དང་མཚུངས་པར། །༼འཁྲུངས་དུས་དེར་ ནག་པོ་ཆེན་པོ་༽ཀ་ལ་༼འཇིག་རྟེན་དབང་ཕྱུག་༽ལོ་ཀེ་ཤྭ་རི་དང་། །༼སྒྲོལ་མ་༽ཏཱ་ར་༼རྡོ་རྗེ་རྣལ་འབྱོར་མ་༽བཛ་ཡོ་གི་མཐོང་། །ཉི་༼ལོ་༽ཤུ་བར་དུ་༼ཏིནྟ་ཙིཎྜ་མ་ཎི་ལ་༽དམ་ཆོས་བསླབས། ཉི་ཤུ་གཅིག་ལ་འབྲུམ་ནག་ན། །ཐམས་ཅད་བསྐོར་ནས་ངུ་བ་ལས། །ལེགས་སྨིན་གཅིག་གིས་པང་མཁྱུད་ནས། །ང་ནི་རྣལ་འབྱོར་དབང་ཕྱུག་སྟེ། །ང་ཡི་བྱིན་རླབས་འགྲོ་དེན་བྱེད། །ནད་འདིས་སྔོན་༼གྱི་༽ལས་༼ངན་ཐམས་ཅད་༽སྦྱངས་ཟད་༼པར་བྱས་༽ནས། །འདི་ནི་མཁའ་སྤྱོད་གནས་སུ་འགྲོ་༼གསུང་༽། །མ་༼ར་ཧུ་ལ་༽ལས་༼འཁྲུངས་ཚེ་ལྷ་བཞི་ཞལ་༽མཐོང་བའི་དུས་དང་ནི། །ད་ལྟ་༼ཡང་༽ཞལ་མཐོང་༼གཉིས་སོ་༽མཚུངས་པར་ནི། །ཀ་ལ་ལོ་ཀ་ཤྭ་ར་དང་། །ཏཱ་ར་བཛྲ་ཡོ་གི་མཐོང་། །དེ་ཚེ་སྒྲ་འོད་དྲི་བཟང་བྱུང་། །གསུངས་པས་ཐམས་ཅད་སླར་དུ་མོས། །དེ་རུ་ཙ་རི་ཏ་པྲ་ཏར། །རང་བྱུང་སྒྲོལ་མའི་སྤྱན་སྔ་རུ། །གྲོགས་པོ་ཅིག་དང་གྲོས་བྱས་ནས། །ཞག་ལྔ་བར་དུ་བསྙུང་བ་བྱས། །དེ་ཚེ་རྟགས་ནི་མང་བྱུང་ནས། །རང་གི་ལྕེ་ནི་བཅད་པ་ལས། །ཇོ་མོས་སྦྱར་ནས་ལུང་བསྟན་ཏེ། །བྷ་ར་ཏའི་ལྗགས་ཀྱང་གསོས། །དྷ་༼ཟླ་བོས་༽མས་སྙུང་བ་མ་ནུས་ནས། །ཞག་གཉིས་དག་ན་བྲོས་པར་གྱུར། །དེ་ནས་ཕ་མས་༼རྙེད་དེ་འཁྲིད་ ཕ་མས་༽ལྕགས་སུ་བཅུག་པ་ལས། །རྡོ་རྗེ་རྣལ་འབྱོར་མས་ཕྱེ་སྟེ། །བོ་དྷི་ན་མ་པཎྜི་ཏ། །དེ་ལ་དབང་ལུང་བརྒྱུད་རྣམས་ཉོན། །ཁྱོད་ལ་བྱིན་རླབས་ད་ལྟ་ལྡོང་། །གསུང་ནས་དེ་དུས་དེར་ཕྱིན་ནས། །བོ་དྷི་ན་མ་པཎྜི་ཏ། །དེ་ལ་དབང་བླངས་རྒྱུད་རྣམས་ཉོན། །དེ་ནས། །ཀ་ལ་ལོ་ཀི་ཤྭ་ར་དང་། །བཛྲ་ཛོ་ཀི་ཏཱ་རུ་མཐོང་། །དེ་ནས་ཨཱ་ནུ་ཨཱ་ཀ་ར། །གུ་ཎ་ས་ཀ་ར་ཞེས་དང་། །བཛྲ་ཨ་གྷུ་ར་དང་ནི། །ཀན་ཏ་པ་དང་ལི་ལི་ཡི། །བཛྲ་བི་ལས་དང་བཛྲ། །རྣམས་ལས་དབང་བླངས་རྒྱུད་རྣམས་ཉོན། །ང་རྒྱལ་ལོ་བཅུ་དེ་ལྟར་གྱིས། །༼དེ་ནས་༽རྡོ་རྗེ་རྣལ་འབྱོར་མ་བྱོན་ནས། །འཕགས་པས་བསྟན་པའི་རྗེ་བཙུན་ནི། །གྷུ་ན་ས་ཀ་ར་ཞེས་པས། །ད་ལྟ་ཁྱོད་ལ་བྱིན་རླབས་ལྡོང་། །བརྗོད་ནས་ཧ་རི་ཀེ་ལར་ཕྱིན། །བྱིན་རླབས་བླ་མ་བརྒྱུད་པའི་དོན། །མཎྜལ་མཆོད་པ་ལོ་གཅིག་བསྙེན། །དེ་ཉིད་དེས་བསྟན་དེས་སྤྱད་དེ། །ཟླ་དྲུག་བསྒོམས་པས་རྟགས་རྣམས་འབྱུང་། །རང་ཡང་སྤྲོ་ལ་རྗེ་ཡང་དགྱེས། །ང་རྒྱལ་དབང་གི་མེ་ཕོ་དྲན། །དྲིས་ཏེ་ཞུས་ལེན་ལོ་གཙིག་ཏུ། །སོ་མ་པུ་རིར་བསྒོམས་པ་ལས། །རྟགས་བྱུང་ཙམ་ན་རྒྱལ་པོ་འདས། །གྲོགས་པོ་གཅིག་དང་གྲོས་བྱས་ནས། །ལྷོ་ཕྱོགས་ཤྲཱི་ན་དྷ་ན་ཡི། །རྡོ་རྗེ་མཁའ་འགྲོའི་ས་གཞི་དེར། །རྡོ་རྗེ་རྣལ་འབྱོན་མ་དང་མཇལ།
།ན་མོ་བུད་དྷ་ཡ། ན་མོ་གུ་རུ། ཧེ་བཛྲ། བྷཻ་ར་ཝ། ར་ན་ཤྲཱི་ཡེ། ཌཱ་ཀ་ཌཱ་ཀི་ནཱི་ཡེ། ཛོ་ཀ་ཛོ་ཀི་ནི་ཡེ། སརྦ་བུདྡྷ། བོ་དྷི་སཏྭ། ཤྭ་ར་ཎཾ་གཙྪ་མི།
དེ་ལྟར་གསོལ་བ་བཏབ་པ་ཡིས། །མི་དཔུང་ཆེན་པོ་འདིའ་མཆོངས་ཟེར། །གཅིག་གིས་འཕྱོངས་པས་ཕྱག་་་ཆེན་་་ཐོབ། །གཉིས་ཀྱིས་གསོལ་བ་བཏབ་པ་ཡི། །རྡོ་རྗེ་རྣལ་འབྱོར་མ་བྱོན་ནས། །རྒྱ་མཚོ་ཆེན་པོ་གཅིག་ཏུ་ནི། །རྣལ་འབྱོན་པ་ཁྱེད་འདིར་མཆོངས་ཟེར། །གཅིག་གིས་མཆོངས་པས་ཕྱག་་་ཆེན་་་ཐོབ། །ཡང་ནི་༼གཅིག་གིས་༽གསོལ་བ་བཏབ་པ་ལས། །རྡོ་རྗེ་རྣལ་འབྱོན་མ་བྱོན་ནས། །༼ར་ཧུ་ལ་༽དུས་འདིན་མཆོག་ཉིད་ལ་ཐོབ་ཀྱང་། །ཚེ་འདི་ཉིད་ལ་མཆོག་ཐོབ་ཀྱི། །རྒྱལ་བས་༼ལུང་༽བསྟན་པའི་རྗེ་བཙུན་ནི། །རཏྣ་ས་ཀ་ར་ཞེས་པས། །ད་ལྟ་ཁྱོད་ལ་བྱིན་རླབས་ལྡོང་། །བརྗོད་ནས་སོ་མ་པུ་རིར་ཕྱིན། །དེ་ཡི་བྱིན་རླབས་བསྒོམས་པ་ལས། །རྟགས་བྱུང་ཙམ་ན་རྒྱལ་པོ་འདས། །ལས་མེད་སྙམ་ནས་ཕྱོགས་ཀུན་ཏུ། །སྤྱོད་པ་བྱས་པས་བཅུད་ལེན་དང་། །གསེར་འགྱུར་རྩི་ལ་སོགས་པ་སྤྱད། །དེ་ནས་སླར་ཡང་ལོག་པ་ལས། །གུ་ཎ་ས་ཀ་ར་དང་ནི། །བུདྡྷ་ཨཱ་ཀ་ར་ཡི་རྩར། །ཕྱིན་ནས་སྒྲུབ་པ་བྱས་པ་ལས། །གུ་ཎ་ས་ཀ་ར་དང་ནི། །རཏྣ་ས་ཀ་ར་ཞེས་དང་། །ཨ་བྷི་ཡུཀྟ་ལ་དང་ནི། །བུདྡྷ་ཨ་ཀ་ར་ན་རེ། །བོད་དུ་གཤེགས་དང་རྣལ་འབྱོར་པ། །གཅིག་ལ་དགོས་པ་ཆེ་ཡི་གསུངས། །འོངས་པས་ཁྱོད་དང་འཕྲད་པ་ཡིན། །ང་ནི་བོད་དུ་འོངས་ནས་སུ། །ལོ་ཙ་བ་དང་གཞན་བརྟགས་པས། །ལེགས་པར་གོ་སྟེ་སྐྱོན་དུ་མཐོང་། །བྱང་ཕྱོགས་རྡོ་རྗེའི་ས་གཞི་མེད། །སྐྱོན་ཡོན་བྱེ་བྲག་མི་ཤེས་པས། །བླ་མ་མི་བསྟེན་དམ་ཚིག་མེད། །ཆོས་ནི་རྣ་བར་ལམ་བྱུང་ཙམ༼སྒྲུབ་མི་ནུས་༽། །༼ཕྱི་རོལ་པའི་ལྷ་མོ་༽ཙན་ཏིས་༼ཀས་༽བྱིན་རླབས་གཏོང་བར་འདོད། །ལས་འབྲས་མི་ཤེས་དགེ་༼མེད༽སྡིག་༼མེད་ཡིན་ཞེས་༽སྙོམས། །༼ཚེ་༽སྔ་ཕྱི་མི་ཤེས་འདི་ལ་ཆགས། །ངེས་པར་དམྱལ་བར་འགྲོ་བར་མཐོང་། །སྤྱིར་ཙམ་འདི་ཡི་བྱེ་བྲག་ཏུ། །ལེགས་པར་དཔྱད་ཅིང་བརྟགས་པ་ལ། །གསང་སྔགས་གདམས་ངག་བོད་ན་མེད། །ཕལ་ཆེན་དམྱལ་བར་འགྲོ་བ་མཐོང་། །སྣོད་མ་དག་པས་མཐའ་འཁོབ་ཕྲད། །འོན་ཀྱང་གནས་༼ཉེར་བཞིའི་སོ་གཉིས་ཀྱི་༽གཅིག་གངས་རི་ཡིན། །རྒྱལ་བའི་རྒྱུད་༼ཀྱི་ཟབ་༽དོན་གྲུབ་ཐོབ་རིམ༼པར་༽། །༼རྒྱུད་པའི་ཕ་རྒྱུད༽རིམ་ལྔ་ཕྱག་རྒྱ་བཞི་༼མ་རྒྱུད་ཀྱི་༽ཡི་དོན། ༼ལྷ་སྔགས་ཡེ་ཤེས་འཕོ་བའི་༽དེ་ཉིད་བཞི་ཤེས་འཁོར་ལོ་བཅིངས། །༼བསྐྱེད་རིམ་༽དལ་རིམ་༼རྫོགས་རིམ་༽བསམ་གྱིས་མི་ཁྱབ་པ། ༼ལ་ལ་ན་༽ཨཱ་ལི་༼ར་ས་ན་༽ཀཱ་ལི་བདུན་པ་སོགས། །ཕྲ་ཐིག་༼གི་རྣལ་འབྱོར་༽དག་ལ་༼ཐིག་ལེ་ཉུངས་ཀར་ཙམ་ན།༽བློ་གནས་ན། །ཕྱག་རྒྱ་བཞི་༼དང་༽དོན་རིམ་པ་ལྡ༼དང་༽། །༼ཚོགས་ལམ་སོགས།༽ལམ་ལྔ་སྐད་ཅིག་དག་ལ་བསྒོམས། །༼རྡོར་བཟླས་ནི་རླུང་༽གནས་པ་ཨཱ་ཡི་རང་བཞིན་དང་། །༼ཕྱིར་༽ལྡང་བ་ཧཱུྃ་གིས་མཚན་པ་དང་། །༼ནང་དུ་༽འཇུག་པ་ཨོཾ་དུ་ཤེས་པར་བྱ། །དེ་ནི་རྡོ་རྗེའི་བཟླས་པ་ཡིན། །ལྷ་༼དཾ་ཡེ་༽ལ་ལྷ་འཇུག་བླ་མར་གསལ། །ཕྲ་ཐིག་དེ་ལ་བློ་གནས་ན། །༼ཐིག་ལེ་ཡུངས་ཀར་༽ཕྲ་དམིགས་དེ་ལ་རྟགས་རྣམས་འབྱུང་། །༼འཇིག་རྟེན་གྱི་༽བྱ་བ་སྤུངས་ན་༼ཟླ་བ་གསུམ་ན་༽ངེས་པར་འགྲུབ། །ཧཱུྃ་བསྐྱེད་༼རིམ་༽ཨོཾ་ཡིག་རྫོགས་༼རིམ་༽ཨ་ཡི་༼ཟུང་འཇུག་ཏུ་༽བསྲེ། །བཅུ་༼དེ་ལྟར་ཉམས་སུ་ལེན་པ་དེ་༽བཞིའི་ས་ལ་དེས་འགྲོ་ངེས། །༼གནས་༽ལྷོ་ཕྱོགལ་བླ་༼མཚན་༽མ་ཨ་དྭ་ཡ་ན་བཛྲ་གསུང་ངོ་། །བྱིན་གྱིས་བརླབས་པའི་༼ལྷ་བཞིའི་༽རྒྱུས་སོ། །༼ཁོང་གི་ལྟ་བ་ནི་མ་བཅོས། བསྒོམ་པ་མི་རྟོག །ཐོགས་གསལ། ཐབས་མ་ཡེངས་པ་ཡིན་གསུངས།༽རཏྣ་ས་ཀ་ར་དང་ནི། །གྷུ་ན་ས་ཀ་ར་ན་རེ། །བོད་དུ་སོང་དང་རྣལ་འབྱོར་པ། །གཅིག་ལ་དགོས་པ་ཆེ་ཞེས་ཟེར། །འོངས་པས་ཁྱོད་དང་ཕྲད་པ་ཡིན། །སྨོན་ལམ་ས་དག་མཐའ་འཁོབ་ཕྲད། །འོན་ཀྱང་གནས་གཅིག་གངས་རི་ཡིན། །ཁྱོད་ལ་གནས་ལོགས་སུ་འགལ་བ་ཡོད་དམ་གསུངས་ནས། །དབུས་ཀྱི་འཆད་ཀར་སྤྱན་དྲངས་ནས་གདམས་ངག་ཞུས་པས། །ཕག་མོ་ཁྲོ་མོར་བསྟན་པ་དང་། །འཁོར་ལོར་བཅིངས་གྲོལ་དང་། །རླུངཤིང་རྟ་ཅན། །འཕོ་བ་ཡེ་ཤེས་སྐར་ཁུང་མ། །ཕྱག་ན་རྡོ་རྗེ་ཛ་ལི་མ་གནང་། །བླ་མ་དེའི་གདམས་ངག་ཚར་ནས། །ཁོང་བཞུད་ཁར་༼ཉི་ཟླ་གནས་ཀྱི་བར་མི་འཆི་བའི་གདམས་ངག་ཡོད་ཀྱི། རྒྱ་གར་དུ་འདོང་གསུང་སྐད། ང་གྲུབ་མཐའ་འདིས་བདོ་ལ་ཕན་ཐོགས་སུ་རེ་བས་མ་བྱོན་ཏེ། འགྱོད་གསུང་སྐད་དོ།༽༼ལུས་ལས་མར་བྱུང་ནས་༽བཀུ་མཉེའི་སར་ཕྱིན་འདོང་གསུང་དུས་སུ། །ཁོང་གི་ཞལ་ནས་བོད་ཀྱི་གྲུབ་མཐའ་ལ་ཁྲེལ་ནས། །བླ་མ་ར་ཧུ་ལ་ཕར་བཞུད་དུས་སུ་འདི་གསུང་། །བྱང་ཕྱོགས་རྡོ་རྗེའི་ས་གཞི་པ། །ལས་འབྲས་མིཤེས་དགེ་སྡིག་སྙོམས། །ཙཎྜི་བྱིན་རླབས་ཆད་པར་འདོད། །བླ་མ་མི་བསྟེན་དམ་ཚིག་མེད། །ཆོས་ནི་རྣ་བར་ལམ་བྱུང་ཙམ། །ངེས་པར་བརྟགས་ཤིང་བཤད་པ་ན། །ཕལ་ཆེར་དམྱལ་བར་འགྲོ་བར་འདུག །གསུངས་ནས་བཤུམས་སྐད། །ཁྱོད་རང་འོར་ཆེ་བསམ་པ་བཟང་གསུངས་ནས་བཞུད་དོ།
བལ་ཡུལ་ན་གྷ་ན་ཙཀྲ་བསྐོར་བ་གཅིག་དེར་སྙེགས་གསུངས་ནས་འཕུར་ནས་བཞུད་དོ། མངྒ་ལཾ།། །།