Mgon po'i sbyin bsreg gsal ba gsum ldan

From Shangpa Resource Center








Resource ID SCv11p727
Title mgon po'i sbyin bsreg gsal ba gsum ldan sangs rgyas ston pas mdzad pa
Topics Chadrupa
Sub-Topics Fire offering
Author Sangyé Tönpa
Associated Person Rahula
Sangyé Nyentön
Link BDRC W23922

༈ མགོན་པོའི་སྦྱིན་བསྲེག་གསལ་བ་གསུམ་ལྡན་སངས་རྒྱས་སྟོན་པས་མཛད་པ་བཞུགས་སོ།།
༈ ༼ཇུ༽ བླ་མ་རཱ་ཧུ་ལས་མཛད་པའི་སྦྱིན་སྲེག་གི་ཞལ་གདམས་འདི་ལ་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་དང་གསུམ་མོ།
།དང་པོ་ནི། ཚེས་གྲངས་བཟང་པོ་ལ་མཚམས་ཅི་རིགས་པར་བཅད་ལ། ཐོད་ངན་གྱི་ནང་དུ་དུག་ཆུ་དང་ཁྲག་སྣས་ལིངྒ་བྱ། དགྲ་བོ་དུ་ཡོད་ཀྱི་མིང་རུས་བྲིས་ལ་གཞུག དེ་ཡང་སྙིང་གར་ལས་རུས་པ་བསྐྱེད། ཏྲི་ལས་འདྲེ་བསྐྱེད། དཔྲལ་བ་ནས་དགྲའི་མིང་རུས་དང་བཅས་པའི་ཡང་ན་དགྲ་བགེགས་མཱ་ར་ཡ་ཛཿཛཿ ཞེས་པ་སྟེ་སྐབས་དང་སྦྱར་ལ། རྐང་པ་ཡན་ཆོད་དུ་ཤོང་ཚད་བྲི། དགུག་གཞུག་ཡང་ཡང་བྱའོ། །དེ་ནས་རང་ཡིད་ཆེས་པ་དང་སྦྱིན་བསྲེག་བྱ་སྟེ། ཐབ་ནི་དཔེའུ་ཆུང་ལྟར་བྱ། གྲུ་གསུམ་རྩེ་མོའི་ངོས་སུ་ཧཱུྃ་ཡིག་བྲིས་ནས། ཤིང་བྱུག་པའམ་གདུག་པ་ཅན་གྱི་གྲུ་གསུམ་དུ་གཅིག་པ་ལ། དེའི་དཀྱིལ་དུ་ཐོད་པ་བཞག་པར་བྱའོ། །དེ་ནས་གཏོར་མ་གཉིས་བཤམས་ལ་གཅིག་ཡུལ་བདག་དང་། གཅིག་གཞི་བདག་ལ་ཕུལ་ལ། རུ་ང་དང་། ཕྲག་དོག སྒྲུབ་པ་པོ་བདག་གི་མ་ལེན་མ་ཉེས་པ་ཡིན་པས་གཟུ་དང་དཔང་པོ་མཛོད་ཅིག བདག་གི་སྡོང་གྲོགས་མཛོད་ཅིག བྱས་ལ་བདེན་པའི་བཀའ་བསྒོའོ། །ཤ་ཁྲག་གིས་བརྒྱན་པའི་དཔལ་བཤོས་གཅིག་བྱས་ལ། འདི་མགོན་པོ་འཁོར་བཅས་ལ་འབུལ་བ་ཡིན་པས་བདག་གི་ལས་འདི་སྒྲུབས་ཤིག་བྱས་ལ་གཏར་གཟུང་ངོ་། །དེ་ནས་བདག་ཉིད་ལྷ་ཡི་ང་རྒྱལ་དང་ལྡན་པས། བག་ཟན་གྱི་ལིངྒ་དེ་རྣམས་མདུན་དུ་བཞག་ལ་དགུག་གཞུག་གསལ་བར་བྱ་ཞིང་། གྲི་ལྕགས་ཀྱིས་ལིངྒ་དུམ་བུར་གཏུབ་ཅིང་སྔགས་དྲག་ཏུ་བཟླས་སོ། །སྔར་གྱི་ཐབ་ཁུང་གི་ཧཱུྃ་དེ་ཆོ་ག་གསུམ་ལས་མེ་ལྷའི་མགོན་པོར་བསྐྱེད། ཡེ་ཤེས་སེམས་དཔའ་དགུག་གཞུག་བྱའོ།
།གཉིས་པ་དངོས་གཞི་ནི། གསལ་བ་གསུམ་དང་ལྡན་པར་བྱ་སྟེ། དེ་ཡང་བདག་ཉིད་ཡི་དམ་གྱི་ལྷར་གསལ་ཞིང་སྔགས་དྲག་ཏུ་བཟླས་པ་དང་། མེ་སྦར་ཞིང་སྤོས་སྦྱོར་སྲེག་ནས་མེ་དེ་མེ་ལྷའི་མགོན་པོ་ཞལ་གསུམ་ཕྱག་དྲུག་པ་ཞལ་གདངས་པ། མཆེ་བ་གཙིགས་པ། སྐུ་མདོག་དམར་ཞིང་འཚེར་བར་གསལ་བ་དང་། ལིངྒ་རྣམས་དགྲ་བགེགས་ཀྱི་ཤ་ཁྲག་དང་དོན་སྙིང་དུ་བསམ་ལ། མགོན་པོའི་ཞལ་དམར་དང་ངེ་བ་དེར་སིབ་སིབ་སོང་ནས་དམར་ཙིར་ཙིར་གསོལ་བར་བསམ། དེའི་དུས་སུ་བཏུན་ཚད་ཀྱིས་མེ་མི་སྒུལ་བ་དང་། རྩ་སྔགས་དང་སྔགས་རིང་དྲག་ཏུ་བཟླས་པ་དང་། མ་ཡེངས་པ་གལ་ཆེའོ། །དེ་ནས་མེ་ཚིག་རིང་ལ་སྦུད་པ་དྲག་ཏུ་བརྡེག་གོ །དམ་ཚིག་པ་དང་ཡེ་ཤེས་པའི་མེ་ལྷ་གཏོར་མ་ལྟར་བཟུང་བ་དེ་བཏང་རག་གི་ཚུལ་དུ་བཏང་བར་བྱའོ། །དེ་ནས་མགོན་པོ་ལ་མཆོད་བསྟོད་བྱའོ། །ཐབས་ནང་གི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུས་ནས། དེའི་སྟེང་དུ་སླ་ང་ཁ་སྤུབ། དེའི་སྟེང་དུ་གཏོར་མ་བཞག་ནས་མནན་པ་བྱ། སྔགས་དྲག་ཏུ་བཟླས་ལ། རྩ་སྔགས་གཤམ་ལ། དགྲ་བགེགས་མཱ་ར་ནན། སྟྭཾ་བྷ་ཡ་ནན། ཞེས་བརྗོད། བྷྱོ་བཟློག་དྲག་ཏུ་བྱ། གཏོར་མ་དགྲ་ཕྱོགས་སུ་གཏང་ངོ་། །ཐལ་བ་རྣམས་ཀྱང་བསྡུས་ལ་དགྲ་བགེགས་ཕྱོགས་སུ་འཕྱར་རོ། །བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཡང་བརྗོད་པར་བྱའོ།
།མགོན་པོའི་སྦྱིན་སྲེགས་གསལ་བ་གསུམ་ལྡན་བྱ་བ་སངས་རྒྱས་གཉན་སྟོན་གྱི་གསུངས་པ་རྫོགས་སོ། །