Mgon po lcam dral 'khor bcas thugs dam skong tshul

From Shangpa Resource Center








Resource ID SCv4p463
Title dpal ye shes kyi mgon po lcam dral 'khor dan bcas pa thugs dam skong ba'i tshul mnyes pa sum ldan
Topics Chadrupa
Sub-Topics Fulfilling offering
Author Jamgön Kongtrül Lodrö Thayé
Link BDRC W23922

༄༅། །དཔལ་ཡེ་ཤེས་ཀྱི་མགོན་པོ་ལྕམ་དྲལ་འཁོར་དན་བཅས་པ་ཐུགས་དམ་སྐོང་བའི་ཚུལ་མཉེས་པ་སུམ་ལྡན་ཅེས་བྱ་བ་བཞུགས་སོ།།

ན་མོ་གུ་རུ་མ་ཧཱ་ཀཱ་ལཱ་ཡ།
བདུད་འདུལ་སྟོབས་བཅུའི་ཕྲིན་ལས་ཀུན། །གཅིག་བསྡུས་རྡོ་རྗེ་ནག་པོ་ཆེ། །པདྨ་དབང་ཆེན་སྐུར་སྣང་བས། །འབྲལ་མེད་བྱང་ཆུབ་བར་དུ་སྐྱོངས། །ཉམས་ཆགས་སྐོང་ཞིང་ཕྲིན་ལས་བཅོལ། །འདོད་པའི་དོན་ཀུན་སྒྲུབ་པ་ལ། །སྐོང་བ་ཡིད་བཞིན་ནོར་མཚུངས་ཏེ། །རྒྱུད་ལུང་མན་ངག་ཀུན་ཏུ་བསྔགས། །སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་གཙོ་བོར་བརྟེན་པའི་ཡེ་ཤེས་དང་འཇིག་རྟེན་གྱི་སྲུང་མའི་དབང་པོ་ཁྱད་པར་ཅན་དག་ལྷན་ཅིག་ཏུ་ཐུགས་དམ་སྐོང་བའི་རིམ་པ་བྱ་བར་འདོད་པས། རིན་པོ་ཆེའི་སྣོད་དུ་སྐོང་བའི་གཏོར་མ་སྙིང་ལ་ཟུར་གཏོད་པ་ལྟ་བུ་མཐེབ་ཀྱུས་བསྐོར་བ་ལ་དར་ཟབ་ཀྱི་འཕན་དང་ཤ་ཁྲག་སོགས་ཁ་ཟས་བཟང་དགུས་བརྒྱན། རྒྱས་པར་སྤྲོ་ན་གླིང་བཞི་རི་རབ་ཀྱི་སྟེང་དུ་དཔལ་གཏོར་གྲུ་གསུམ་བརྗིད་ལྡན། མདུན་ནས་བརྩམས་ཏེ་རང་བྱུང་མ། ཕྱག་བཞི་པ། དུད་སོལ་མ། ཕྱག་དྲུག་པ། དུར་བདག་རྣམས་ལ་རང་མཐུན་བཤོས་བུ། །བང་རིམ་རྣམས་སུ་འཁོར་ལྔ་སོགས་ལ་བཤོས་བུ་དཀར་དམར་གྲངས་ཇི་ལྟར་རིགས་པ་དང་། སྐོང་རྫས་སྣ་ཚོགས་སྤར་དུ་བཏབ་པ་བཀོད། དར་ཟབ། རིན་ཆེན། འབྲུ་སྨན། ཁ་ཟས་སྣ་ཚོགས། འབྱོར་ན་ཁྱད་པར་གྱི་སྐོང་རྫས་རྣམས་དངོས་སམ་རི་མོར་བྲིས་པས་བརྒྱན་ལ། ནག་པོ་ཆེན་པོའི་ཕྲིན་ལས་ཀྱི་སྐོང་བའི་སྐབས་སུ་བབས་པའམ། ཡི་དམ་གཞན་དང་སྤྲེལ་ཡང་རུང་སྟེ། ལས་སྔགས་ཀྱིས་བསང་།
སྭ་བྷཱ་ཝས་སྦྱང་།
སྟོང་པའི་ངང་ལས་བྷྲཱུཾ་ལས་གནས་ཁང་རབ་འཇིགས་དུར་ཁྲོད་འབར་བའི་གཞལ་ཡས་ཁང་རྒྱན་དང་བཀོད་པ་ཚད་མེད་པ་དང་ལྡན་པའི་ཕྱོགས་ཀུན་ཏུ་ཧཱུྃ་ཡིག་འབར་བ་ཉི་ཟེར་གྱི་རྡུལ་ལྟ་བུ་འོད་དུ་ཞུ་བ་ལས་བྱུང་བའི་རྟེན་སྒྲུབ་སྐོང་མཆོད་མཐུན་པའི་ཡོ་བྱད་ལ་སོགས་པ་རོལ་པ་ཆེན་པོའི་དམ་ཚིག་གི་རྫས། ཟག་པ་མེད་པའི་བདེ་བ་བསྐྱེད་ནུས་པ། རྒྱ་ནམ་མཁའི་མཐར་ཁྱབ་ཅིང་དུས་འཁོར་བ་ཇི་སྲིད་རྒྱུན་མི་ཆད་འབྱུང་བར་གྱུར། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ། ཨོཾ་བཛྲ་སྥ་ར་ཎ་ཁཾ། ཞེས་པའམ། ཡང་ན་དེ་དག་གི་ཚབ་ཏུ་ཕྲིན་ལས་རྒྱ་མཚོའི་རྒྱུད་ལས་གསུངས་པ།
ཨོཾ་སརྦ་དྷརྨ་པཱུ་ཛ་པཉྩ་རཏྣ་ཀཱ་ཡ་ཀོ་ཏི་བྷི་གྷཱ་བ་ཀ་སྭ་བྷཱ་བ་ཤུདྷོ྅་ཧཾ། ཞེས་པས་སྤེལ། ཨོཾ་སརྦ་དྷརྨ་ཨ་བྷི་ག་ཏེ་ཧི་ཀོ་ཧཾ་ཡ་ན་གྷཱ་མི་སྭ་བྷཱ་བ་ཤུདྷོ྅་ཧཾ། ཞེས་པས་བྱིན་རླབས། ཨོཾ་སརྦདུཥྚ་གྲྀཧྣ་གརྫ་ཧཱུྃ་ཕཊ། ཅེས་པས་ནུས་པ་བསམ་གྱིས་མི་ཁྱབ་པར་བྱས་ལ་འདི་སྐད་དོ།
།ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་རྩ་གསུམ་ཆོས་སྐྱོང་དང་། །བཀའ་སྡོད་དམ་ཅན་རྒྱ་མཚོ་རྣམས། །ཐུགས་དམ་བསྐང་ཕྱིར་གཤེགས་སུ་གསོལ། །མཚན་ཉིད་ལྡན་པའི་གནས་མཆོག་འདིར། །དམ་ཚིག་ལྡན་པའི་སྒྲུབ་པ་པོས། །དངོས་འབྱོར་ཡིད་སྤྲུལ་མཆོད་ཚོགས་ལ། །དགྱེས་པས་དགོངས་ཏེ་བཞུགས་སུ་གསོལ། །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་བཞུགས་པ། །ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་ནི། །ཆོས་དབྱིངས་ཀུན་ཏུ་ཁྱབ་པ་ཡི། །རྡོ་རྗེ་འཆང་ཆེན་ཨརྞ་པ། །པད་འབྱུང་ཏེ་ལོ་ནཱ་རོ་དང་། །མར་མི་དྭགས་པོ་དུས་གསུམ་མཁྱེན། །གྲུབ་ཆེན་ཆོས་ཀྱི་བླ་མ་སོགས། །བཀའ་གཏེར་དག་སྣང་སྲོལ་འཛིན་པའི། །བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོ་རྣམས། །དད་གུས་མོས་པའི་གདུང་ཤུགས་དང་། །ལྟ་སྒོམ་སྤྱོད་པའི་དམ་ཚིག་གིས། །ཐུགས་དམ་གཉན་པོ་དབྱིངས་སུ་བསྐང་། །ལུས་ངག་ཡིད་ལ་བྱིན་གྱིས་རློབས། །བདེ་དགྱེས་མཱ་ཡཱ་གདན་བཞི་པ། །དུས་འཁོར་གསང་འདུས་འཇིགས་བྱེད་སོགས། །བླ་མེད་རྡོ་རྗེའི་དཀྱིལ་འཁོར་དང་། །བྱ་སྤྱོད་རྣལ་འབྱོར་རྒྱུད་སྡེ་ཡི། །ཡི་དམ་ལྷ་ཚོགས་རབ་འབྱམས་ཀུན། །ཕྱི་ནང་གསང་བའི་མཆོད་སྤྲིན་དང་། །རིམ་གཉིས་རྣལ་འབྱོར་ཟབ་མོ་ཡིས། །ཐུགས་དམ་གཉན་པོ་དབྱིངས་སུ་བསྐང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །རིགས་ལྔའི་མཁའ་འགྲོ་ལ་སོགས་པ། །ཡུལ་ཆེན་ཉེར་བཞི་དུར་ཁྲོད་བརྒྱད། །གནས་མཆོག་སོ་གཉིས་ལ་བཞུགས་པའི། །དཔའ་བོ་མཁའ་འགྲོ་རྒྱ་མཚོ་རྣམས། །སྦྱོར་སྒྲོལ་ཚོགས་ཀྱི་འཁོར་ལོ་དང་། །རྨད་བྱུང་རིག་པའི་བརྟུལ་ཞུགས་ཀྱིས། །ཐུགས་དམ་གཉན་པོ་དབྱིངས་སུ་བསྐང་། །ལས་བཞིའི་ཕྲིན་ལས་མྱུར་འགྲུབ་མཛོད།
ཧཱུྃ། །རང་བཞིན་རྣམ་དག་དབྱིངས་ཉིད་ལས། །ཐུགས་རྗེ་ཆེན་པོའི་སྐུར་སྤྲུལ་པ། །སྐྱེ་མེད་ངང་ལས་འཇིགས་ཆེན་སྐུ། །བསྟན་པ་བསྲུང་ཕྱིར་ཐུགས་བརྩེ་བ། །དཔལ་ལྡན་མགོན་པོའི་ཐུགས་དམ་བསྐང་། །གར་དགུའི་ཉམས་ལྡན་གཏུམ་པའི་སྐུ། །གསལ་ཞིང་བརྟན་པར་སྒོམ་པ་དང་། །ཆོ་ག་བཞིན་ཏུ་བསྒྲུབས་པ་ཡི། དམ་ཚིག་བྲིས་སྐུ་འབུར་སྐུའི་རིགས། །ཐོད་སྐམ་དབུ་རྒྱན་མགོ་བོའི་ཕྲེང་། །རིན་ཆེན་རུས་པ་སྦྲུལ་གྱི་རྒྱན། །ཁྲག་ཞག་ཐལ་བ་བྱུག་པའི་རྫས། །དར་ནག་བེར་ཆེན་སྟག་ཤམ་གྱིས། །མགོན་པོའི་སྐུ་ཡི་ཐུགས་དམ་བསྐང་། །བདུད་སྡེ་ཟིལ་གནོན་གསུང་གི་སྒྲ། །བསྙེན་སྒྲུབ་བཟླས་པ་ཚད་དུ་སྐྱོལ། །གསུང་རབ་མདོ་རྒྱུད་འབྲི་དང་ཀློག །སྙན་བརྗིད་བསྟོད་དབྱངས་དུ་མ་དང་། །རྔ་ཆེན་དུང་གླིང་ཆ་ལང་དྲིལ། །པི་ཝཾ་ཅང་ཏེའུ་རྐང་གླིང་སོགས། །སྣ་ཚོགས་རོལ་མོའི་བྱེ་བྲག་གིས། །མགོན་པོའི་གསུང་གི༴ །སྙིང་རྗེ་རབ་ཁྲོས་རྣམ་གྲོལ་ཐུགས། །ཟུང་འཇུག་ཏིང་འཛིན་སྒོམ་པ་དང་། །དམ་ཚིག་རྡོ་རྗེ་རྩེ་དགུ་པ། །གནམ་ལྕགས་གྲི་གུག་ཙནྡན་བིང་། །ཐོད་པ་ཁྲག་བཀང་འཆིང་བའི་རྒྱ། །ལས་སོགས་ཕྱག་རྒྱ་རྣམ་པ་བཞིས། །མགོན་པོའི་ཐུགས་ཀྱི༴ །སྤངས་དང་རྟོགས་པའི་ཡོན་ཏན་ནི། །བསམ་མི་ཁྱབ་ལ་ཡིད་ཆེས་ཤིང་། །རྡོ་རྗེ་དབང་སྔོན་པད་རཱཀ་ཤེལ། །གསེར་གཡུ་དངུལ་སོགས་རིན།ཆེན་རིགས། །དར་ཆེན་ཁ་དོག་སྣ་ཚོགས་པ། །ཟ་འོག་ཡུགས་ཆེན་རི་མོ་བཀྲ། །ལྔ་ཕྲག་ལྔ་ཡི་རྫས་མཆོག་དང་། །ལྕགས་ཀྱུ་ལྔ་དང་སྒྲོན་མ་ལྔས། །མགོན་པོའི་ཡོན་ཏན༴ །གདུག་པ་འདུལ་ཞིང་སངས་རྒྱས་ཀྱི། །བསྟན་སྲུང་ཕྲིན་ལས་སྤེལ་བ་དང་། །ཁྲབ་རྨོག་ཕུབ་སོགས་སྲ་བའི་གོ། །རལ་གྲི་མདའ་གཞུ་ཐོ་བ་མདུང་། །དགྲ་སྟྭ་གཏུན་ཤིང་ཞགས་པ་སོགས། །རྣོ་གཅོད་མཚོན་ཆའི་རིགས་རྣམས་དང་། །ཆས་ཞུགས་དྲག་པོའི་ཟློས་གར་སྒྱུར། །སྲུང་ཟློག་བསད་པའི་འཕྲུལ་འཁོར་གྱིས། །མགོན་པོའི་ཕྲིན་ལས༴ །རྟ་ནག་རླུང་གི་ཤུགས་ལྡན་དང་། །གཡག་ནག་རི་ལྟར་འགྱིང་བ་དང་། །ལུག་ནག་ཆར་སྤྲིན་འཐིབ་འདྲ་སོགས། །ཕྱི་ཡི་རྟེན་གྱིས་ཐུགས་དམ་བསྐང་། །བྱ་རྒོད་མདའ་ལ་དར་སྣས་སྤྲས། །མགུལ་དུ་གྲི་རྒོད་ཙིཏྟ་སྦུབས། །དམ་རྫས་སྲོག་གི་སྙིང་པོས་བཀང་། །ནང་གི་རྟེན་གྱིས་ཐུགས༴ །ལུག་ནག་དོམ་ནག་ཁྱི་ནག་སྙིང་། །མ་ཉམས་སྔགས་དང་རྫས་ཀྱིས་གཏམས། །ཙན་དན་བླ་ཡི་ཕུར་བུ་བཅས། །གསང་བའི་རྟེན་གྱིས༴ །དར་ནག་གཡབ་མོ་སྦྱར་བའི་སྤོས། །མ་རལ་རུས་རྒྱན་དུར་ཁྲོད་ཆས། །ཞྭ་ནག་གོས་ནག་ཐོད་པའི་ཕྲེང་། །མི་འབྲལ་བླ་རྡོ་སྲོག་འཁོར་སོགས། །སྒྲུབ་པའི་རྫས་ཀྱིས༴ །གཅེས་པའི་གནས་མཆོག་བཅུ་གཉིས་ཀྱིས། །ལེགས་བསྒྲུབས་བརྟེན་པའི་གཏོར་མ་དང་། །མཆོད་གཏོར་སྐོང་གཏོར་ཐུན་གཏོར་སོགས། །དམ་རྫས་གཏོར་མས༴ །ལྷ་མིའི་བདེ་བའི་དཔལ་འབྱོར་གྱིས། །འཇིག་རྟེན་ཁམས་ཀུན་གཏམས་པ་དང་། །ཉེར་སྤྱོད་ལྔ་དང་རྒྱལ་སྲིད་བདུན། །བཀྲ་ཤིས་རྫས་རྟགས་འདོད་ཡོན་ལྔ། །འབྲུ་སྣ་སྨན་སྣ་མེ་ཏོག་སོགས། །ཕྱི་ཡི་མཆོད་པས༴ །དུར་ཁྲོད་རོལ་པའི་ཉེར་སྤྱོད་དང་། །རོ་ལྡན་སྤོད་དང་སྦྱར་བ་ཡི། །འབྲས་ཆན་ཤིང་ཏོག་ཁུར་བ་དང་། །དུར་གྱི་ལ་དུ་ལ་ཕུག་སོགས། །།དཀའ་ཐུབ་ཟས་སྣས་གཏམས་པ་ཡི། །ལྕགས་ཀྱི་ལྷུང་བཟེད་བརྗིད་པ་དང་། །སྙིང་སྣ་ཤ་སྣ་སྒོག་རིགས་བདུན། །ནང་གྲོལ་རྣམ་པ་སྣ་ཚོགས་པ། །བཙོས་བསྲེགས་ཤས་བཀང་བནྡྷ་དང་། །སྨན་མཆོག་སྦྱར་བའི་རིལ་བུ་དང་། །ཛམྦུ་དྭཱི་པའི་ཞལ་ཟས་སོགས། །ནང་གི་མཆོད་པས༴ །དམ་ཡེ་གཉིས་མེད་བདུད་རྩིའི་མཚོ། །སྙིང་ཁྲག་བཅུད་བསྡུས་རཀྟའི་རྒྱུན། །ཕྱི་ནང་གསང་བའི་དཀར་མངར་བཅུད། །དགའ་བཞི་སྐྱེད་བྱེད་དྲག་པོའི་ཡུམ། །གདུག་པ་བསྒྲལ་བའི་ཚོགས་འཁོར་སོགས། །གསང་བའི་མཆོད་པས༴ །སྲོག་ཆགས་སྣ་ཚོགས་ཉམས་རྩལ་ལྡན། །དཀོར་ནོར་ཁ་ཟས་རི་ལྟར་སྤུངས། །ཞིང་དང་གཅན་གཟན་ལྤགས་པའི་རིགས། །འཕན་གདུགས་རྒྱལ་མཚན་བ་དན་སོགས། །སྤྱན་གཟིགས་རྣམས་ཀྱིས༴ །རྨད་བྱུང་དགྱེས་པ་སྐོང་བའི་རྫས། །མ་དག་འཁྲུལ་པའི་དྲི་མ་སྦྱངས། །ཡེ་ཤེས་ཆེན་པོའི་རོལ་པར་རྟོགས། མཁའ་མཉམ་ཁྱབ་པར་སྤར་བ་འདིས། །ཡབ་ཅིག་ལེགས་ལྡན་ནག་པོ་སོགས། །ཡེ་ཤེས་མགོན་པོའི༴ །སྲས་མཆོག་རྡོ་རྗེ་བེར་ཅན་སོགས། །ལས་ཀྱི་མགོན་པོའི༴ །བདུད་པོ་གཟི་བརྗིད་ཆེན་པོ་སོགས། །འཇིག་རྟེན་མགོན་པོའི༴ །ནག་པོ་འགུགས་བྱེད་ཆེན་པོ་སོགས། །དབུགས་ལེན་ཡབ་ཡུམ༴ །དཔལ་འབར་འཆང་དང་རྣམ་སྲས་སོགས། །ཕྱོགས་བཅུའི་མགོན་པོའི༴ །དབང་ཕྱུག་ཡ་མ་རཱ་ཛ་སོགས། །དྲེགས་པ་དོན་གཉིས༴ །བདུད་བཙན་ཀླུ་ཡི་མགོན་པོ་སྟེ། །དྲེགས་པ་རྐྱ་གསུམ༴ །མཐུ་སྟོབས་དྲག་རྩལ་ཆེ་ལྡན་པའི། བཀའ་ཉན་ཕོ་ཉའི༴ །རྣམ་འགྱུར་བསམ་གྱིས་མི་ཁྱབ་པའི། །ལས་བྱེད་དམ་ཅན༴ །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །འགལ་རྐྱེན་བར་ཆད་ཀུན་ཞི་ཞིང་། །མཐུན་རྐྱེན་བསམ་པ་ཡིད་བཞིན་འགྲུབ། །སྒྲུབ་བརྒྱུད་བསྟན་པ་རྒྱས་པར་མཛོད།
།བྷྱོ། མཁའ་བཞིའི་བདེ་ཀློང་འཁྱིལ་བ་ནས། །རྟག་པའི་རྒྱལ་མོ་རང་བྱུང་མ། །སྣང་སྲིད་མ་མོའི་ལྷ་ཚོགས་རྣམས། །ཐུགས་དམ་གཉན་པོ་བདག་གིས་བསྐང་། །གཡབ་དར་གསུར་དུད་འབོད་པའི་རྫས། །ལུག་དྲེལ་བྱ་ནག་མདའ་དར་དང་། །གསང་བའི་སྐུ་འབག་བནྡྷ་དང་། །རྐང་འཐུང་འདབ་མ་རླུང་བསྐྱོད་དང་། །མི་དབང་ཤ་དང་མཚལ་གྱི་འབྲས། །ཕྱི་ནང་གསང་བའི་རྟེན་རྫས་དང་། །རྨ་བྱ་སེང་གེའི་རྒྱལ་མཚན་དང་། །གཡང་གཞི་རེ་ལྡེ་ཤ་ཁྲག་སོགས། །སྨན་སྣ་ཆང་ཕུད་ཨ་མྲྀ་ཏ། །བ་ལིཾ་བརྒྱན་པའི་གཏོར་མ་སོགས། །མཆོད་པའི་རྫས་གྱུར་ཐམས་ཅད་དང་། །བདུད་རྩི་དམ་ཚིག་བསྲེ་བའི་རྫས། །བདུག་སྤོས་དྲི་ལྡན་སྐུལ་བའི་རྫས། །ན་ཆུང་དྲི་མེད་གསུང་དབྱངས་སོགས། །དགྱེས་རྫས་མ་ཚང་མེད་པ་འདིས། །རྟག་པའི་རྒྱལ་མོ་རིགས་ལྔ་སོགས། །ཡེ་ཤེས་མ་མོའི༴ །རང་བྱུང་སྲིད་པའི་རྒྱལ་མོ་སོགས། །ལས་ཀྱི་མ་མོའི༴ །རེ་ཏི་མཆེད་བཞི་ལ་སོགས་པ། །འཇིག་རྟེན་མ་མོའི༴ །མ་མོ་བདུན་དང་སྲིང་མོ་བཞི། །འབར་མ་དགུ་ཡི༴ །དུས་བཞི་ལྷ་མོ་དམག་གི་རྒྱལ། །དབང་ཕྱུག་ཉེར་བརྒྱད༴ །བརྟན་སྐྱོང་ཡ་མ་བཅུ་གཉིས་སོགས། །སྣང་སྲིད་མོ་རྒྱུད་ཐུགས་དམ་བསྐང་། །མ་མོའི་འཁྲུགས་པ་ཀུན་ཞི་ཞིང་། །སྣོད་བཅུད་དགེ་ལེགས་དཔལ་འབྱོར་རྒྱས། རྣམ་བཞིའི་ཕྲིན་ལས་ཀུན་འགྲུབ་མཛོད།
ཧཱུྃ། །བཅོམ་ལྡན་འཁོར་ལོ་སྡོམ་པ་ཡི། །ཕྲིན་ལས་དྲག་པོའི་ཚུལ་སྟོན་པ། །ཁྲག་འཐུང་རྒྱལ་པོ་ཕྱག་བཞི་པ། །འཁོར་དང་བཅས་པའི་ཐུགས་དམ་བསྐང་། །ཀུན་བཟང་རྣམ་ཐར་ལས་བྱུང་བ། །མཆོད་པའི་བྱེ་བྲག་དཔག་ཏུ་མེད། །རྡོ་རྗེ་དབང་པོ་ཚིམ་བྱེད་པའི། །ཡུལ་སྣང་འདོད་ཡོན་རོལ་པའི་རྒྱན། །བཅུ་དྲུག་དགའ་བའི་མཆོག་སྟེར་མ། །རིགས་ལྔའི་ཕོ་ཉ་སྒྱུ་རྩལ་ལྡན། །ཁྲག་གི་རྒྱ་མཚོ་དུག་ཆུའི་རྒྱུན། །དབང་ལྔའི་གསུར་དུད་ཞུན་ཆེན་མེ། །མཁྲིས་ཆེན་དྲི་དང་ཤ་རུས་ཟས། །དུར་ཁྲོད་དྲག་པོའི་སྒྲ་ཆེན་དང་། །སྨན་གཏོར་རཀྟ་ཚོགས་ཀྱི་རྫས། །སྐུ་རྟེན་ཞྭ་གོས་ནག་པོ་དང་། །ཕྱག་མཚན་གོ་ཆ་རྣོ་བའི་མཚོན། །རྟ་ལུག་གཡག་རྒོད་ཁྱི་ནག་སོགས། །རྟེན་མདའ་གྲི་སྙིང་བླ་ཡི་རྡོ། །བསྐྱེད་སྔགས་རྫོགས་པའི་རྣལ་འབྱོར་བརྩོན། །མངོན་སྤྱོད་ལས་ཀྱི་སྦྱོར་བ་སོགས། །བརྟེན་སྒྲུབ་མཆོད་པའི་རྫས་རྣམས་ཀྱིས། །སྐུ་ལྔའི་མགོན་པོ་ཡབ་དང་ཡུམ། ལས་མགོན་བྱ་རོག་མཆེད་གསུམ་དང་། །ལེགས་ལྡན་ནག་པོ་རྩ་འཇིབས་དམར། །སེང་གདོང་མཁའ་འགྲོ་བརྒྱད་དྲུག་ཚོགས། །ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བ་གནོད་སྦྱིན་ཁྲི། །སྤྲུལ་པ་འཁོར་བཅས་ཐུགས་དམ་བསྐང་། །བསྟན་ལ་འཚེ་བའི་འབྱུང་པོ་སོགས། །ཕྱི་ནང་བར་གཅོད་ཀུན་ཞི་ཞིང་། །ལས་དང་དངོས་གྲུབ་ཐོགས་མེད་འགྲུབ། །འགྲོ་ཀུན་སྨིན་ཅིང་གྲོལ་བར་མཛོད།
བྷྱོ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བསྟན་པ་སྲུང་བའི་མཐུ་སྟོབས་ཅན། །དཔལ་ལྡན་ལྷ་མོ་དུད་སོལ་མ། །འཁོར་བཅས་ཐུགས་དམ་གཉན་པོ་བསྐང་། །བདུད་རྩི་སྨན་དང་བ་ལིཾ་ཏ། །ནལ་བུའི་ཤ་སོགས་མཱཾ་སའི་རིགས། །ར་ནག་བྱ་ནག་དགྲ་བགེགས་ཀྱི། །སྙིང་ཁྲག་ལ་སོགས་རཀྟའི་མཚོ། །ཉེར་སྤྱོད་འདོད་ཡོན་ཚོགས་ཀྱི་རྫས། །དར་ནག་བནླ་མ་རལ་དང་། །བོང་བུ་གྭ་དམར་ཆས་ཀྱིས་བརྒྱན། །རྨ་བྱ་ནལ་བུའི་རྒྱལ་མཚན་བསྒྲེང་། །གྲི་རྒོད་ནལ་བུ་སྲོག་ཆགས་ཀྱི། །ཙིཏྟ་སྣ་ཚོགས་རི་ལྟར་སྤུངས། །སྐུ་རྟེན་རོལ་མོ་གདུང་བའི་དབྱངས། །གསང་བའི་རྡེའུ་ཆུང་ལ་སོགས་པ། །རྟེན་སྐོང་མཆོད་པའི་རྫས་རྣམས་ཀྱིས། །འདོད་ཁམས་དབང་ཕྱུག་དུད་སོལ་མ། །སྙིང་འཕྲོག།མ་གསུམ་རིགས་བཞིའི་ལྷ། །དུར་ཁྲོད་མ་བརྒྱད་ཕྲ་མེན་བརྒྱད། །སྒོ་མ་རྣམ་བཞི་སྤྲུལ་པའི་འཁོར། །དཀར་སེར་དམར་ལྗང་ནག་སྨུག་ཚོགས། །ཤ་ཟ་ནམ་གྲུ་གནོད་སྦྱིན་ཁྲི། །མ་མོ་འབུམ་སྡེའི་ཐུགས་དམ་བསྐང་། །དལ་ཡམས་རིམས་ནད་དབྱིངས་སུ་སྒྱུར། །བཀའ་ཆད་རྩུབ་འཁྲུགས་དགྲ་ལ་ཕོབ། །བདག་འཁོར་ཡོན་བདག་བུ་བཞིན་སྐྱོངས། །འདོད་པའི་དོན་ཀུན་བསྒྲུབ་པར་མཛོད། ཧཱུྃ་ཐུགས་རྗེ་མྱུར་མཛད་སྤྱན་རས་གཟིགས། །ནག་པོ་ཆེན་པོ་ཕྱག་དྲུག་པ། །བྱིན་རླབས་མགོན་པོ་འཁོར་དང་བཅས། །ཐུགས་དམ་གཉན་པོ་དབྱིངས་སུ་བསྐང་། །ཕྱི་སྣོད་ནང་བཅུད་དཔལ་འབྱོར་ཀུན། །ངོ་མཚར་མཆོད་སྤྲིན་ལྷུན་གྱིས་གྲུབ། །གདུག་པའི་རུ་དྲ་བསྒྲལ་བ་ལས། །དུར་ཁྲོད་དྲག་པོའི་རྒྱན་མཆོག་བཀོད། །གསང་ཆེན་རོལ་པའི་དམ་ཚིག་རྫས། །རྣལ་འབྱོར་མོས་པའི་སྟོབས་ཀྱིས་སྤེལ། །ཁྱུང་ལྟར་ལྡིང་བའི་བྱ་རོག་དང་། །མགྱོགས་འགྲོའི་རྟ་དང་བརྗིད་ལྡན་གཡག མཛེས་པའི་ལུག་དང་གཏུམ་པོའི་ཁྱི། །ནག་པོ་བཅུ་གསུམ་རྒྱན་གྱིས་སྤྲས། །རྟེན་མདའ་མེ་ལོང་དར་སྣས་སྤྲས། །གྲི་སྙིང་བླ་རྡོ་ཙ་ཀྲས་བཏུམས། །བདུད་རྩི་སྨན་དང་རཀྟའི་མཚོ། བ་ལིཾ་ཚོགས་མཆོད་རི་ལྟར་སྤུངས། །ཁྱད་པར་སེམས་ཉིད་སྤྲོས་བྲལ་ངང་། །བླ་མ་མགོན་པོ་དབྱེར་མེད་པར། །ཡིད་ཆེས་མོས་གུས་རྩེ་གཅིག་པས། །ཡེ་ཤེས་མགོན་པོ་ཡིད་བཞིན་ནོར། །རིགས་ཀྱི་རྣམས་འགྱུར་སྣ་ཚོགས་དང་། །ལྕམ་གཅིག་དཔལ་ལྡན་རེ་མ་ཏི། །གནོད་སྦྱིན་དབང་ཕྱུག་གཤིན་རྗེ་བདུད། །དཔལ་མགོན་བདུན་ཅུ་རྩ་ལྔ་སོགས། །སྲིད་གསུམ་དབང་བྱེད་དྲེགས་པའི་འཁོར། །བསམ་མི་ཁྱབ་པའི་ཐུགས་དམ་བསྐང་། །འདི་ཕྱིའི་བར་དོའི་འཇིགས་ལས་སྐྱོབས། །ཟས་ནོར་ཆོས་ཀྱི་འདུ་བ་སྤེལ། །བཤད་སྒྲུབ་བསྟན་པ་རྒྱས་པ་དང་། །འགྲོ་ཀུན་སངས་རྒྱས་སར་སྒྲོལ་ཅིག
།ཧཱུྃ། དུར་ཁྲོད་ཆེན་པོའི་གནས་བརྒྱད་དང་། །སོ་ས་གླིང་གི་ཞིང་སྐྱོང་བ། །དཔལ་ལྡན་དུར་ཁྲོད་བདག་པོ་ནི། །ཡབ་ཡུམ་འཁོར་བཅས་ཐུགས་དམ་བསྐང་། །དུར་ཁྲོད་རོ་གདན་བཞུགས་པའི་གནས། །ཕྱི་ནང་གསང་བ་ཆགས་པའི་རྟེན། །རོ་ལྡན་བཟའ་བཏུང་ཚིམ་པའི་བཅུད། །གཏོར་ཚོགས་རཀྟ་དམ་ཚིག་རྫས། །རིན་ཆེན་སྣ་ལྔ་འབྲུ་སྨན་དང་། །གཅན་གཟན་སྣ་ཚོགས་བཞེད་པའི་དཀོར། །དཀར་དམར་ཤ་ཁྲག་རྐང་ཚིལ་དང་། །ཁུར་བ་ཆང་སོགས་སྤྱན་གཟིགས་རྟེན། །དགྱེས་པའི་མཆོད་རྫས་རྒྱ་ཆེན་པོས། །དུར་ཁྲོད་བདག་པོ་ཡབ་དང་ཡུམ། །ཤ་ཟ་ཁྲག་འཐུང་དབུགས་ལེན་ཚོགས། །སྤྲུལ་པ་འབུམ་སྡེའི་ཐུགས་དམ་བསྐང་། །ལྷ་སྲིན་སྡེ་བརྒྱད་དྲེགས་པའི་ཚོགས། །སྟོང་ཕྲག་བརྒྱད་ཅུ་ཡང་འཁོར་བཅས། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །སྲུང་བའི་འཁོར་ལོ་སྐྱབས་མ་ཆུང་། །དགྲ་ཇག་ཆོམ་ཀུན་གཟིར་ཞིང་ཆིངས། །ཐུགས་དམ་བཞིན་ཏུ་ཕྲིན་ལས་མཛོད། བཻ། ས་བརྒྱད་དབང་ཕྱུག་ངལ་བསོས་པོ། །འཁོར་བཅས་དགྱེས་པ་སྐོང་བའི་རྫས། །ལྷ་མིའི་དཔལ་འབྱོར་རྒྱལ་སྲིད་བདུན། །གཏེར་བུམ་དཔག་བསམ་འདོད་འཇོའི་བ། །མ་རྨོས་ལོ་ཏོག་རིན་ཆེན་རི། །ཅང་ཤེས་རྟ་དང་དཀོར་ཆ་མཆོག །ནོར་བུ་བླ་རྟེན་གོ་དང་མཚོན། །གོས་སྔོན་ལུང་ཏང་ཕྲེང་བ་སོགས། །རྫོགས་ལྡན་སྤྲིན་གྱི་བླ་བྲེ་བཞིན། །འདོད་དགུ་ནམ་མཁའི་མཛོད་ཆར་གྱིས། །རྣམ་མང་ཐོས་སྲས་རིགས་ཆེན་བརྒྱད། །བཙུན་མོ་སྲས་བཞི་རྟ་བདག་བརྒྱད། །ཛམ་ལྷ་རིགས་ལྔ་མཛོད་འཛིན་དང་། །སྡེ་དཔོན་ཡུལ་ལྗོངས་གནས་ཡུལ་སྐྱོངས། །འཁོར་དང་བཅས་པའི་ཐུགས་དམ་བསྐང་། །དབུལ་ཕོངས་སྡུག་བསྔལ་ཀུན་ཞི་ཞིང་། །འཛད་མེད་དཔལ་འབྱོར་རྒྱས་པར་མཛོད།
ཧཱུྃ། །རྡོ་རྗེ་འཛིན་པའི་དམ་ཚིག་ཅན། །སྐྱེས་བུ་འཁོར་བཅས་སྐོང་བའི་རྫས། །ཉེར་སྤྱོད་འདོད་ཡོན་རྒྱལ་སྲིད་བདུན། །མཁར་ཐབས་བཤོས་བུ་སྨན་རཀ་སྐྱེམས། །རུ་མཚོན་དར་དམར་ར་ཡི་གསུར། །ར་ཤ་ར་ཁྲག་དབང་པོ་ལྔ། །སྐུ་གཟུགས་སྲོག་འཁོར་ཕ་ཝཾ་རྡོ། །ར་ལྤགས་རྒྱལ་མཚན་རིན་ཆེན་དབྱིག །ར་སྐྱེས་སེང་གེ་རྒྱན་དང་ལྡན། །གོ་མཚོན་གཡང་གཞི་དམར་ནག་བེར། །སྨྱུག་རྒོད་ཁྲབ་བྱང་རྔ་ཁྲབ་དང་། །སྟག་རས་གཟིག་རས་དར་སྣ་སོགས། །འབོད་རྟེན་སྒྲུབ་མཆོད་རྫས་རྣམས་ཀྱིས། དམ་ཚིག་ལྡན་པའི་དགེ་བསྙེན་ཆེ། །མགར་བ་དཀར་སེར་དམར་ནག་དང་། །མཆེད་འཁོར་སུམ་བརྒྱ་དྲུག་ཅུའི་ཚོགས། །འཛིན་གིང་བཞི་བཅུ་གིང་ཆེན་བཞི། །དགྱེས་སྡེ་བརྟན་མ་ཕོ་ཉའི་ཚོགས། །ལྷ་བཙན་གཤིན་རྗེ་བདུད་དང་ཀླུ། །གནོད་སྦྱིན་འཁོར་ཚོགས་ཐུགས་དམ་བསྐང་། །སྲུང་མ་མཛོད་ལ་བུ་བཞིན་སྐྱོངས། །མཐུན་པའི་ལས་ཀུན་མྱུར་འགྲུབ་མཛོད།
བྷྱོ། །གདུག་པ་འདུལ་བའི་མཐུ་སྟོབས་ཅན། །ནག་པོ་ཐོད་ཕྲེང་སྐོང་བའི་རྫས། །ཐུགས་ལ་བཞེད་དགུ་སྣ་ཚོགས་དང་། །ཁྱད་པར་མྱོས་བྱེད་དཔའ་བོའི་སྐྱེམས། །གདུག།པའི་སྙིང་ཁྲག་མཚོ་ལྟར་བསྐྱིལ། །ཤ་རུས་བ་ལིཾ་རི་ལྟར་བརྩེགས། །གཡང་གཞི་ལྷབ་ལྷུབ་རུ་མཚོན་གཡོབ། །རེག་གཅོད་མཚོན་ཆའི་ནགས་ཚལ་འཁྲིགས། །རྟེན་དང་མཆོད་པའི་སྤྲིན་ཆེན་གཏིབས། །སྤྱན་གཟིགས་དཀོར་ཆས་ས་གཞི་གང་། །དྲག་པོའི་རོལ་མོས་གནམ་ས་གཡོ། །ཟློག་མེད་མངོན་སྤྱོད་ཕྲིན་ལས་ཀྱིས། །སྲིན་མགོན་ཐོད་ཕྲེང་ཡབ་དང་ཡུམ། །ཞལ་བཞི་ཤ་ཟ་ནག་པོ་ཆེ། །སྲིན་པོ་བྱེ་བའི་འཁོར་ཚོགས་བཅས། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །བར་ཆད་དགྲ་བགེགས་ཐལ་བར་རློག །དཀོན་མཆོག་དབུ་འཕང་བསྟོད་པར་མཛོད།
ཧཱུྃ། །དཔལ་ལྡན་ཞིང་སྐྱོང་དབང་པོ་ནི། །ཡབ་ཡུམ་འཁོར་བཅས་བསྐང་བའི་རྫས། །གསང་བ་སྲོག་གི་འཁོར་ལོ་དང་། །དོམ་ནག་ཙིཏྟ་སྙིང་པོར་བཅས། །ཛ་གད་རཀྟ་མ་ཉམས་ཕུད། །བཙོས་པའི་ཤ་དང་བསྲེག་པའི་གསུར། །འབྲས་ཆན་དབང་པོ་ནང་གྲོལ་སོགས། །དམར་ཆེན་བརྒྱན་པའི་གཏོར་མ་དང་། །རིན་ཆེན་འབྲུ་སྨན་སྦྱར་བའི་སྤོས། །སྤྱན་གཟིགས་བཟའ་བཅའ་འདོད་ཡོན་ལྔ། །མྱུར་འགྲོ་དམར་ནག་གཡག་ལུག་ཁྱི། །གོ་མཚོན་བཤོས་བུ་དཀར་དམར་སོགས། །སོ་སོའི་བཞེད་དགུར་འཆར་བ་ཡིས། །ཀུན་དགའ་གཞོན་ནུ་ཡབ་དང་ཡུམ། །བམ་རོ་ཕོ་མོ་དྲེགས་ཆེན་བརྒྱད། །སྲས་ཡུམ་ཀེང་རུས་སྲིན་པོའི་ཚོགས། །ཡང་འཁོར་བདུད་དམག་སྟོང་སྡེ་སོགས། འཁོར་བཅས་ཐུགས་དམ་གཉན་པོ་བསྐང་། །ལས་དང་དངོས་གྲུབ་ཐོགས་མེད་སྒྲུབས། །གསང་ཆེན་བསྟན་པ་རྒྱས་པར་མཛོད།
ཧཱུྃ། །ཀླུ་རྒྱལ་སོག་མ་མེད་པ་དང་། །དགེ་བསྙེན་ཆེན་པོ་སྐོང་བའི་རྫས། །ཡན་ལག་བརྒྱད་ལྡན་རྒྱ་མཚོ་འཁྱིལ། །རིན་ཆེན་ཁང་བཟང་ནོར་བུས་གཏམས། །གསེར་བྱེ་གཡུ་ཡི་ནེའུ་གསེང་བཀོད། །རྟ་ལུག་འབྲི་གླང་ཉ་སྦལ་དུང་། དཀོར་ནོར་སྣ་ཚོགས་གྲམ་བུར་བརྡལ། །རིན་ཆེན་བང་མཛོད་ཟད་མི་ཤེས། །དཀར་གསུམ་མངར་གསུམ་བདུད་རྩིའི་བཅུད། །འབྲུ་གཙང་ཤིང་ཐོག་ཕུང་པོར་སྤུངས། །རྩི་སྨན་སྣ་ཚོགས་ཆར་དུ་འབེབས། །ཐུགས་ལ་དགྱེས་རྒུའི་མཆོད་ཚོགས་ཀྱིས། །ཇོ་བོ་སྔགས་བདག་ཀླུ་ཆེན་བརྒྱད། །རིགས་བཞི་ཀླུ་ཡི་འཁོར་ཚོགས་དང་། །དགེ་བསྙེན་ཆེན་པོ་རྡོ་རྗེ་རྒྱལ། །ཀླུ་ཡུམ་ན་ར་སྲིང་སྔོན་དང་། །ཀླུ་བཙན་མིང་སྲིང་བར་བློན་ཆེ། །ས་བདག་གནས་བདག་ཐུགས་དམ་བསྐང་། །སྣོད་བཅུད་དཔལ་འབྱོར་རྒྱས་པ་དང་། །ཅི་བཅོལ་ཕྲིན་ལས།བསྒྲུབ་པར་མཛོད།
ཧྲཱིཿ །དབྱིངས་ཕྱུག་ཨ་ཕྱི་ཆོས་ཀྱི་སྒྲོན། །མཆེད་ལྔ་འཁོར་བཅས་སྐོང་བའི་རྫས། །ཕྱི་མཆོད་ལྷ་མིའི་དཔལ་འབྱོར་དང་། །ནང་མཆོད་སྨན་རཀ་བ་ལིཾ་ཏ། །ཚོགས་གཏོར་ཤ་ལྔ་བདུད་རྩི་ལྔ། །རྟེན་གཏོར་མདའ་དར་རྒྱན་གྱིས་སྤྲས། །ཕུན་ཚོགས་ལོངས་སྤྱོད་ནོར་གྱི་དབྱིབས། །ཟ་ལེ་ཤེལ་སྐྲང་ཅང་ཤེས་འབྲང་། །ཁྲུང་ཁྲུང་རྒྱལ་མཚན་མཚན་ལྡན་སྣོད། །སྐུ་འབག་སྦ་ལྕག་རྡོ་རྗེའི་ཀླུ། །ཛབ་དབྱངས་དངུལ་དཀར་མེ་ལོང་དང་། །སྨན་སྤོས་སྣ་ཚོགས་རོལ་མོའི་སྒྲ། །ཤེལ་སྣོད་གསེར་སྐྱེམས་ཕུད་ཀྱིས་གཏམས། །ཟག་མེད་དགྱེས་པ་སྐྱེད་རྣམས་ཀྱིས། །ཆོས་དང་ཡེ་ཤེས་དམ་ཚིག་ལྷ། །དབང་དང་ལས་ཀྱི་མཁའ་འགྲོ་ཆེ། །ཕྱག་བརྙན་ཤན་པ་ཤ་ཟ་སོགས། །ཡེ་ཤེས་ལས་དང་འཇིག་རྟེན་ཚུལ། །ཞིང་སྔགས་ལྷན་ཅིག་སྐྱེས་རྣམས་ཀྱི། །ཐུགས་དམ་གཉན་པོ་བསྐངས་གྱུར་ནས། །རྣམ་བཞིའི་ཕྲིན་ལས་ཐོགས་མེད་སྒྲུབས། །བཀའ་བརྒྱུད་བསྟན་པ་རྒྱས་པར་མཛོད།
།ཧྲཱིཿ །བཀྲ་ཤིས་ཚེ་ཡི་དབང་ཕྱུག་མ། །མཆེད་ལྔ་འཁོར་བཅས་སྐོང་བའི་རྫས། །གངས་རིའི་གཟུགས་དང་དར་དཀར་གུར། །མདའ་དར་རཏྣའི་ཟ་མ་ཏོག །དམ་རྫས་གཏོར་མ་འབྲང་རྒྱས་སྨན། །གསེར་སྐྱེམས་ཉེར་སྤྱོད་འདོད་ཡོན་ལྔ། །ལྷ་སྔགས་ཏིང་འཛིན་དགའ་བཞིའི་འགྲོས། །མཆོད་བསྟོད་ཛབ་ཀྱི་འཁྲུལ་འཁོར་དང་། །ལས་ཆོས་དམ་ཚིག་ཕྱག་རྒྱ་རྣམས། །འོད་གསལ་ཕྱག་རྒྱ་ཆེར་སྦྱོར་སོགས། །བསྟེན་མཆོད་དམ་ཚིག་ཕྲིན་ལས་དང་། །མི་འབྲལ་འགྲོགས་པའི་རྫས་རྣམས་ནི། །ཐུགས་ལ་དགྱེས་རྒུར་འཆར་བ་ཡིས། མཁའ་དབྱིངས་རྒྱས་པར་གང་བ་འདིས། །སངས་རྒྱས་རྡོ་རྗེ་རིན་པོ་ཆེ། །པདྨ་ལས་ཀྱི་རིགས་མཆོག་ལྔ། །ཡབ་ཡུམ་མིང་པོ་མཆེད་བདུན་དང་། །སྨན་མོ་འབུམ་སྡེ་ཡང་འཁོར་བཅས། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་ཕྱོར། །ཕྱི་ནང་གསང་བའི་དངོས་གྲུབ་སྩོལ།
ཧཱུྃ། །ལྷ་ཆེན་རྡོ་རྗེ་འབར་བ་རྩལ། །འཁོར་བཅས་དགྱེས་པ་སྐོང་བའི་རྫས། །གཙང་མའི་ཁྲུས་ཆབ་མེ་ཏོག་ཕྲེང་། །སྤོས་དཀར་བསང་དུད་དཀར་མངར་རྫས། །སིལ་སྙན་གླིང་བུ་དུང་གི་སྒྲ། །རཏྣའི་སྐུ་འབག་རྒྱན་དང་ལྡན། དམ་རྫས་གཏོར་མ་ཤེལ་མཁར་དབྱིབས། །མེན་ཤེལ་འོད་འཕྲོ་སྦ་ལྕག་དང་། །དར་དཀར་བ་དན་ཤེལ་དཀར་ཕྲེང་། །དུང་རྟ་ལྷ་གཡག་གཙང་ལུག་འབྲས། །དུང་ཁྲབ་གོ་མཚོན།རིན་ཆེན་ལྔ། །སྲོག་སྔགས་སྨྱུག་རྒོད་དར་སྣས་བརྒྱན། །ཤེལ་ཕོར་ཛ་གད་སྦྱར་བ་སོགས། །དགྱེས་སྐྱེད་མ་ཚང་མེད་རྣམས་ཀྱིས། །ཐང་ལྷ་གཉན་པོ་ཡབ་ཡུམ་སྲས། །མཆེད་ཟླ་ལྕམ་དང་སྤྲུལ་པའི་ཚོགས། །རུ་འདྲེན་བཞི་དང་ཕྱི་ནང་བློན། །ཕྱག་བརྙན་སྒོ་སྲུང་འཁོར་དང་གཡོག །ཐུགས་དམ་གཉན་པོ་དགྱེས་བསྐངས་ཏེ། །རྒྱལ་འགོང་དམ་སྲིའི་འཚེ་བ་ཟློག །དགེ་ལེགས་བཀྲ་ཤིས་འཕེལ་བར་མཛོད།
ཧཱུྃ། །གཉན་ཆེན་གཡུང་དྲུང་གཟི་འབར་རྩལ། །འཁོར་བཅས་དགྱེས་པ་སྐོང་བའི་རྫས། །གསེར་སྐྱེམས་གཡུ་སྔོན་གཙང་མའི་ཆབ། །བཟང་ཞིང་སྤོས་དཀར་དུད་སྤྲིན་འཁྲིགས། །ལྗོན་བཟང་མེ་ཏོག་འབྲས་བུས་བརྒྱན། །རོ་ལྡན་བཟའ་བཏུང་བཅུད་ལྡན་འབྲུ། །གཡང་ཅན་ནོར་དང་བརྗིད་ཅན་གོས། །སྨན་སྣ་རིན་ཆེན་དར་ཟབ་སོགས། །རིན་ཆེན་སྒྲོམ་བུ་དཀོར་ཆས་གཏམས། །དཔལ་བཤོས་ནམ་རྒྱང་སྐུ་རྟེན་བཅས། །སྦ་ལྕག་མདུང་དར་གཏེར་གྱི་བུམ། །གླིང་བུ་སྨྱུག་རྒོད་དར་སྣས་བརྒྱན། །མདའ་དར་མེ་ལོང་སྟག་གཟིགས་རས། །ལྷ་རྟ་འབྲི་གཡག་ལུག་དང་ར། །མཁའ་ལྡིང་གཅན་གཟན་རི་དྭགས་རིགས། །སྲོག་ཆགས་སྣ་ཚོགས་ཉམས་རྩལ་ལྡན། །སྲ་བརྟན་གོ་ཆ་རྣོ་གཅོད་མཚོན། །མཛེས་བྱེད་རྒྱན་གྱི་ཁྱད་པར་སོགས། །དགྱེས་རྒུ་སྤྲིན་ལྟར་གཏིབས་པ་འདིས། །རྨ་རྒྱལ་སྤོམ་ར་ཡབ་དང་ཡུམ། །རྩེ་བླ་བཅུ་གསུམ་ལྕམ་དྲལ་དགུ། །མཆེད་ཟླ་སུམ་བརྒྱ་དྲུག་ཅུ་དང་། །ལྕམ་སྲིང་བཞི་བཅུ་རྩ་ལྔ་སོགས། །རྨ་རིགས་སུམ་སྟོང་དྲུག་བརྒྱ་ཡི། །ལྷ་འཁོར་གཉན་པོའི་ཐུགས་དམ་བསྐང་། །རྒྱ་འདྲེ་འབྱུང་པོའི་ལམ་འཕྲང་ཆོད། །རྨ་གཡང་དངོས་གྲུབ་ཆར་ལྟར་ཕོབ།
ཧཱུྃ། རྩ་གསུམ་དམ་ཅན་ཆོས་སྐྱོང་རྣམས། །ཐུགས་དམ་གཉན་པོ་བསྐངས་གྱུར་ཏེ། །ཇི་ལྟར་གསོལ་བའི་ཕྲིན་ལས་དང་། །དངོས་གྲུབ་ཐོགས་པ་མེད་པར་སྩོལ། །རྒྱལ་བསྟན་སྤྱི་དང་སྒྲུབ་བརྒྱུད་མཆོག །དར་རྒྱས་ཡུན་རིང་གནས་པར་མཛོད། །བསྟན་འཛིན་སྐྱེས་བུའི་ཞབས་བརྟན་ཅིང་། བཞེད་དོན་ལྷུན་གྱིས་གྲུབ་པར་མཛོད། །དཀོན་མཆོག་དབུ་འཕང་དགུང་དུ་བསྟོད། །ཆོས་མིན་སྤྱོད་རྣམས་ཕམ་པར་མཛོད། །ནད་མཚོན་མུ་གེའི་བསྐལ་ངན་ཞི། །རྒྱལ་ཁམས་བདེ་ཞིང་ཆོས་འཕེལ་མཛོད། །བསྟན་ལ་གནོད་པའི་དགྲ་དང་བགེགས། །མིང་ཙམ་མེད་པར་ཚར་བཅད་མཛོད། །མཐའ་དམག་དམ་སྲི་རྒྱབ་བརྟེན་བཅས། །དྲག་པོའི་སྟོབས།ཀྱིས་གཞོམ་པར་མཛོད། །བདག་དང་རྒྱུ་སྦྱོར་སྦྱིན་བདག་གི། །མི་ནོར་རྟ་ཕྱུགས་བྲན་འཁོར་བཅས། །བཅོལ་ལོ་ལྟོས་སོ་མཐུ་མ་ཆུང་། །འཇིགས་བརྒྱད་ཉེར་འཚེ་མི་མཐུན་ཕྱོགས། །ལོ་ཟླ་ཞག་ཀག་བྱད་ཕུར་སོགས། །ཆགས་ཆེ་ཉམས་ང་བཟློག་པར་མཛོད། །ཚེ་བསོད་དཔལ་འབྱོར་མངའ་ཐང་རྒྱས། །འདོད་རྒུ་དབང་དུ་འདུ་བར་མཛོད། ཆོས་འཁོར་དབེན་གནས་རྟག་ཏུ་སྐྱོངས། །བཤད་སྒྲུབ་དབྱར་མཚོ་ལྟར་རྒྱས་མཛོད། །ཁྱད་པར་སྒྲུབ་པའི་བར་ཆད་ཞི། །མཐུན་རྐྱེན་འབད་མེད་ཚོགས་པར་མཛོད། །ཐུགས་དམ་གཉན་པོ་མ་གཡེལ་བར། །དད་ཅིང་ལྷག་པའི་བསམ་པ་ཡིས། །ཇི་ལྟར་གསོལ་བའི་ཕྲིན་ལས་ཀུན། །ཐོགས་མེད་ཡིད་བཞིན་འགྲུབ་པར་མཛོད། །དེ་ནས་བཤགས་པ་བྱ་བར་སྤྲོ་ན།
ཧོཿ ཐུགས་རྗེ་ཚད་མེད་དཀོན་མཆོག་རྩ་བ་གསུམ། །བསྟན་སྲུང་དམ་ཅན་རྒྱ་མཚོ་དགོངས་སུ་གསོལ། །བདག་ཅག་ཐོག་མེད་དུས་ནས་ད་ལྟའི་བར། །མ་རིག་སྒྲིབ་པས་མི་ཤེས་མ་གུས་དང་། །ཉོན་མོངས་བག་མེད་དབང་གྱུར་སྒོ་གསུམ་གྱིས། །མི་དགེའི་ལས་ལམ་བཅུ་དང་མཚམས་མེད་ལྔ། །ཉེ་བ་ལྔ་དང་ལྕི་བཞི་ལོག་པ་བརྒྱད། །སོ་སོ་ཐར་པ་རིས་བརྒྱད་སྡོམ་པ་དང་། །སྨོན་འཇུག་བྱང་ཆུབ་སེམས་ཀྱི་བསླབ་པ་དང་། །གསང་སྔགས་དམ་ཚིག་རྩ་བ་ཡན་ལག་ལ། །ཉམས་ཆགས་ཉེས་ལྟུང་འགལ་འཁྲུལ་གྱུར་པ་སོགས། །བཅས་དང་རང་བཞིན་ཁ་ན་མ་ཐོའི་ལས། །བགྱིས་དང་བགྱིད་སྩལ་རྗེས་སུ་ཡི་རང་བ། །ཚོར་དང་མ་ཚོར་ཐར་པའི་བགེགས་གྱུར་རྣམས། །སྙིང་ནས་གནོང་འགྱོད་དྲག་པོས་མཐོལ་ཞིང་བཤགས། །བླ་མ་མ་མཉེས་རྡོ་རྗེ་མཆེད་དང་འགལ། །ངེས་འབྱུང་མ་སྐྱེས་བྱང་སེམས་རྒྱུད་མ་བསྟེན། །བསྟན་དང་འགྲོ་དོན་མ་བསམ་རང་དོན་བསྒྲུབས། །ཕྱི་རུ་ཉན་ཐོས་སྤྱོད་པ་མ་བསྐྱངས་ཤིང་། །ནང་དུ་རྡོ་རྗེ་ཐེག་ལ་ཡི་དམ་དད། །འོག་མར་ཡིད་བརྟོན་གོང་མར་ཐེ་ཚོམ་ཟོས། །གོང་མར་ཞུགས་ནས་འོག་མ་ཁྱད་དུ་བསད། །ལྟ་བའི་གདིང་མེད་སྤྱོད་པ་འཆོལ་བར་སྤྱད། །སྒོམ་པའི་དྲོད་མེད་གསང་སྔགས་ཁྲོམ་དུ་བསྒྲགས། །བསྙེན་སྒྲུབ་ཚད་དུ་མ་འཁྱོལ་ལས་ལ་སྦྱར། །མཚན་ཉིད་མི་ལྡན་སློབ་དཔོན་གོ་ས་བཟུང་། །སྣོད་མེད་རྣམས་ལ་ནོར་ཕྱིར་དམ་ཆོས་བཙོང་། །སེམས་རྒྱུད་ཆོས་དང་མ་འདྲེས་ཆོས་བརྒྱད་བསྒྲུབས། །དཀོན་མཆོག་དཀོར་དང་ལོག་འཚོས་རང་རྒྱུད་བསྲེགས། །ལས་ངན་སྨིན་ཚེ་ལྷ་ལ།ཡི་ཆད་བསྒོམས། །རྐྱེན་ངན་བྱུང་ཚེ་མགོན་སྐྱབས་འདྲེ་ལ་བཅོལ། །ལྟས་རྒྱུད་དཀྲུགས་ཚེབསྟན་པ་རིས་སུ་བཅད། །སངས་རྒྱས་མི་བརྙེས་རྒྱལ་བའི་དགོངས་པ་དང་། །འགལ་བ་གང་བགྱིས་སྙིང་ནས་འགྱོད་པས་བཤགས། །ཁྱད་པར་དམ་ཅན་ལྕམ་དྲལ་འཁོར་བཅས་དང་། །དམ་ཚིག་བསྲེས་ནས་བརྟེན་པར་ཁས་བླངས་ཀྱང་། །ཕྱི་ནང་གསང་རྟེན་གཞུང་བཞིན་མ་ཚོགས་ཤིང་། །སྒྲུབ་པའི་དམ་ཚིག་བསྙེན་སྒྲུབ་མཐར་མ་ཕྱིན། །བསྲུང་བའི་དམ་ཉམས་སྤྱད་པའི་དམ་ཚིག་འབྲལ། །མཆོད་རྫས་རྒྱུ་ཆུང་ཕུད་ཉམས་ལྷག་མ་འདྲེས། །འབྱོར་བརྩོན་དམན་པས་ཐུགས་དམ་གནས་མ་བསྐོངས། །དམ་རྫས་མ་སྦས་རྟགས་མཚན་གཞན་ལ་བསྒྲགས། །དམ་ཉམས་ཟས་ནོར་བླངས་ཤིང་སྔགས་བཟློག་བྱས། །ལོ་ཟླ་དུས་ཀྱི་བསྙེན་སྒྲུབ་མཆོད་པ་ཆག །ཕྱག་རྒྱ་མ་གསལ་བཟླས་བརྗོད་ལྷག་ཆད་འཁྲུལ། །ཏིང་འཛིན་མ་བསྒོམ་རང་འདོད་ཕྲིན་ལས་བཅོལ། །བརྟེན་རྒྱུན་དུས་གཏོར་ཚུལ་བཞིན་མ་བཤམས་ཤིང་། །སེམས་བསྐྱེད་མི་ལྡན་མངོན་སྤྱོད་དྲག་ལས་བརྩམས། །ཕྲིན་ལས་གྲུབ་ཀྱང་གཏང་རག་མ་བགྱིས་སོགས། །མདོར་ན་ཡེ་ཤེས་ལས་དང་འཇིག་རྟེན་པའི། །དམ་ཅན་སྲུང་མའི་ཐུགས་དང་འགལ་བའི་ལས། །གང་བྱས་གནོང་ཞིང་འགྱོད་པས་མཐོལ་བཤགས་ཤིང་། །ཕྱིན་ཆད་མི་བགྱིད་བསྡམ་པར་འཚལ་ལགས་ན། །འདི་ཕྱི་ཀུན་ཏུ་སྒྲིབ་པར་མི་འགྱུར་བར། །དག་ཚངས་མཆོག་གི་དངོས་གྲུབ་སྩལ་དུ་གསོལ།
།ཅེས་དང་ཡི་གེ་བརྒྱ་པ་མང་དུ་བརྗོད་པར་བྱའོ། །མཆོད་ཕྲེང་མཎྜལ་སྐོང་བ་རྣམས། །དོན་གཅིག་ཕན་ཡོན་ཁྱད་མེད་ཅེས། །གྲུབ་ཆེན་ཆོས་ཀྱི་བླ་མས་གསུངས། །ཁྱད་པར་ཆོས་སྐྱོང་མཉེས་པའི་ཐབས། །སྐོང་བ་ཟབ་པར་ལུང་གིས་བསྔགས། །མོས་དང་ཏིང་འཛིན་སྟོབས་མཆིས་ན། །རྡོ་རྗེའི་ཚིག་ཕྲེང་མ་ཡིན་ཀྱང་། །གང་འདོད་འགྲུབ་ཕྱིར་མོས་པའི་བློ། སྙིང་པོར་བཟུང་སྟེ་སྦྱར་བ་འདིས། །དུས་ཞབས་གསང་བ་སྤྱོད་རྣམས་ཀྱིས། །དམ་བསྐངས་དངོས་གྲུབ་མཆོག་ཐོབ་ཅིང་། །སྙིང་པོའི་བསྟན་པ་རྒྱས་བྱེད་ཤོག
།ཅེས་པ་འདིའང་སྒྲུབ་བརྩོན་བླ་མ་ཀརྨ་རབ་འཕེལ་གྱིས་རིང་མོ་ནས་བསྐུལ་བ་དང་། རྡོར་སློབ་ཀརྨ་ཤེས་རབ་ནས་གསལ་འདེབས་བྱུང་བར་རྟེན། བླ་མ་ཡེ་ཤེས་ཀྱི་མགོན་པོ་པདྨ་དབང་ཆེན་གྱི་གསང་བ་གསུམ་གྱི་བྱིན་རླབས་ཐོབ་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེས་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་སྦྱར་བ་སྒྲུབ་བརྒྱུད་བསྟན་པ་རྒྱས་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ། །