Ni gu'i nyams len gyi snying po rgyun khyer

From Shangpa Resource Center








Resource ID scv7p157
Title ni gu'i nyams len gyi snying po rgyun khyer
Topics Integration
Sub-Topics Instructions
Associated Person Rinchen Sönam Gönpo
Link BDRC W23922

༈ ནི་གུའི་ཉམས་ལེན་གྱི་སྙིང་པོ་རྒྱུན་ཁྱེར་བཞུགས་སོ།

།ན་མཿཤྲཱི་བཛྲ་གུ་ར་ཝེ།
།འདིར་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཤངས་པ་གདུ་བུ་བར་གྲགས་པ་དེ་ཉིད་རྒྱ་གར་དུ་ལན་གསུམ་བལ་པོར་ལན་བཞི་སྟེ། །རྒྱ་དང་བལ་པོའི་ཡུལ་དུ་ལན་བདུན་བྱོན་ནས། མཁས་གྲུབ་ཀྱི་བླ་མ་བརྒྱ་དང་ལྔ་བཅུ། རྩ་བའི་བླ་མ་བཞི། འགྲན་གྱི་དོ་མེད་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམ་པ་གཉིས་རིན་ཆེན་གསེར་གྱི་ཕྱེ་མ་དང་དཀའ་སྤྱད་མོས་གུས་ཀྱིས་མཉེས་པར་བྱས་ནས། གདམས་པ་རྒྱ་མཚོ་ལྟ་བུ་སྤྱན་དྲངས་པའི་ཉིང་ཁུ་ནི། རྩ་བ་ཕྱག་རྒྱ་ཆེན་པོ། སྡོང་པོ་ནི་གུའི་ཆོས་དྲུག །ཡལ་ག་ལམ་ཁྱེར་རྣམ་གསུམ། མེ་ཏོག་མཁའ་སྤྱོད་དཀར་དམར། འབྲས་བུ་འཆི་མེད་རང་གྲོལ་རྣམས་ཡིན།
།དེའི་དང་པོ་ཕྱག་རྒྱ་ཆེན་པོ་རང་བབས་གསུམ་པའམ། མཁས་གྲུབ་ཁྱུང་པོས་གདམས་པ་འདི་ལ་ཤིན་ཏུ་ཐུགས་ཙིས་ཆེ་བས་གདམས་པ་རྣམས་ཏ་ལའི་ལོ་མ་ལ་བྲིས་ཏེ། བལ་བོའི་གའུ་སྙིང་འདྲ་བ་ཅིག་ཏུ་བཅུག་ནས་སྐུའི་དྲོད་དང་མ་བྲལ་བར་བཅངས་པས་ཕྱག་རྒྱ་ཆེན་པོ་གའུ་མ་ཞེས་ཡོངས་སུ་གྲགས་པ་འདིའི་རྒྱུན་གྱི་ཉམས་ལེན་ནི་སྟན་བདེ་བ་ལ་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་འདུག་སྟེ། ནམ་མཁའི་ཁམས་ཐམས་ཅད་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་སྐྱབས་གནས་དཀོན་མཆོག་ཐམས་ཅད་ཀྱིས་གང་བར་བསམ། དེ་རྣམས་ལ་བདག་དང་སེམས་ཅན་ཐམས་ཅད་སྐྱབས་མགོན་ཞུ་བའི་བསམ་པས། ངག་ཏུ། བདག་དང་འགྲོ་བ་ཁམས་གསུམ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བླ་མ་ལ། སངས་རྒྱས་ལ། ཆོས་ལ། དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་བརྗོད། སེམས་ཅན་ཐམས་ཅད་ཀྱི་དོན་དུ། སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ། །ཞེས་ལན་གསུམ་བརྗོད། རང་ཉིད་སྐད་ཅིག་གིས་དཔལ་འཁོར་ལོ་སྡོམ་པ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ་ཞིག་ཏུ་ལམ་གྱིས་བསྒོམ་པའི་མདུན་གྱི་ནམ་མཁར་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་མ་ཟླ་བའི་གདན་ལ། རང་གི་རྩ་བའི་བླ་མ་སྐུའི་རྣམ་པ་ཇི་ལྟ་བ་དགེས་པའི་ཞལ་འཛུམ་བག་དང་ལྡན་པ། མཚན་ཐོས་པ་ཙམ་གྱིས་ཕྱིར་མི་ལྡོག་པའི་ས་སྩོལ་ན་གསོལ་བ་བཏབ་ན་སྨོས་མི་དགོས་པ་དེའི་ཐུགས་ཀ་ནས་འོད་འཕྲོས་ཕྱོགས་བཅུའི་བླ་མ་ཡི་དམ་སྐྱབས་གནས་དཀོན་མཆོག་ཐམས་ཅད་སྤྱན་དྲངས་གཉིས་སུ་མེད་པར་ཐིམ་པས་སྐྱབས་གནས་ཀུན་འདུས་སུ་བསམ་ལ། སྙིད་དཀྱིལ་རུས་པའི་ཁོང་ནས། བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །བླ་མ་རིན་པོ་ཆེ་བདག་གི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་འཛིན་བློས་ཐོངས་པར། དགོས་མེད་རྒྱུད་ལ་སྐྱེ་བར། སྒྱུ་ལུས་རྨི་ལམ་འབྱོངས་པར། འོད་གསལ་ཕྱག་རྒྱ་ཆེན་པོ་ད་ལྟ་ཉིད་དུ། མྱུར་བ་ཉིད་དུ། གདན་ཐོག་འདི་ཉིད་དུ་རྟོགས་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ལན་བརྒྱ་སྟོང་གི་བར་དུ་བརྗོད། དེའི་ཚེ་སེམས་ཅན་ཐམས་ཅད་ཀྱང་གསོལ་བ་འདེབས། སྣོད་བཅུད་བརྟན་གཡོ་ཐམས་ཅད་ཀྱང་ཚུགས་མི་ཐུབ་པར་གཡོན་བསྐོར་དུ་བསྐོར་ཞིང་གསོལ་འདེབས་ཀྱི་སྒྲ་འུ་རུ་རུ་སྒྲོག་པར་བསམ་ལ་ལུས་སེམས་དུས་མཆད་ཀྱི་བར་དུ་གསོལ་བ་འདེབས། སྤྲོ་ན་བརྒྱུད་པའི་གསོལ་འདེབས་ཀྱང་བྱ། མཐར་བླ་མའི་སྐུ་ལས་བདུད་རྩི་འི་རྒྱུན་སྐྱ་ཆི་ལི་ལི་བབས། ལུས་ཐམས་ཅད་ཁེངས། དབང་བཞི་རྫོགས་པར་ཐོབ། བླ་མ་འོད་དུ་ཞུ་རང་ལ་ཐིམ་པས་བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་འདྲེས་སོང་སྙམ་དུ་རྟོགས་པ་རགས་པ་མ་ཞི་བར་ཧྲིལ་གྱིས་སྒྲིམ། དེ་ནས་དེ་ཙམ་དུའང་མི་འཛིན་པར་རང་བབས་སུ་ཆད་དེ་འཇོག །དེ་ལྟར་བཞག་པའི་ཚེ་ན། སེམས་ཀྱི་གསལ་བ་མདངས་མ་འགགས་པར་སྣ་ཚོགས་སུ་འཆར་བ་ནི། བླ་མ་སྤྲུལ་པའི་སྐུ། གསལ་བུ་དེའི་ངོ་བོ་ལ་བལྟས་པས་གང་དུའང་མ་གྲུབ་ཅིང་བཙལ་བས་མ་རྙེད་པའི་སྟོང་སང་ངེ་བ་ནི་བླ་མ་ཆོས་སྐུ། སྟོང་པ་འཚོལ་མཁན་ནི་གསལ་བ། གསལ་བ་བརྩལ་བས་མ་རྙེད་པ་ནི་སྟོང་པ་དེ་གཉིས་མེ་དང་མེའི་ཚ་བ་བཞིན་དབྱེར་མེད་པའི་ཟུང་འཇུག་ནི་བླ་མ་ལོངས་སྐུ། དེ་ལྟ་བུའི་དོན་ཉམས་སུ་མྱོང་དུ་ཡོད་ལ། འདིའོ་ཞེས་བརྗོད་མི་ཤེས་པའི་བརྗོད་བྲལ་བློ་འདས་ནི། བླ་མ་ངོ་བོ་ཉིད་ཀྱི་སྐུ་སྟེ། སེམས་རིག་པ་སྐད་ཅིག་མ་གཅིག་ཉིད་བླ་མ་སྐུ་བཞིའི་ངོ་བོར་བཞུགས་པར་རང་ངོ་ཤེས་པར་བྱས་ལ་འཛིན་མེད་དུ་བསྐྱངས། རྣམ་རྟོག་ཐོལ་སྐྱེས་བྱུང་ན་རྗེས་སུ་འབྲང་བའི་འོག་འགྱུ་རྒྱ་འབྱམས་ལ་མི་གཏོང་། སྤོང་ཡང་མི་སྤོང་། རྣམ་རྟོག་ཁོ་རངགི་སྟེང་དུ་ཆད་དེ་བཞག་པས་བརྗོད་བྲལ་བློ་འདས་སུ་ཤིག་གེ་སོང་བ་སྐུ་བཞིའི་རང་ཞལ་མཇལ་བ་ཡིན་པས་དེ་ཁོ་ན་རྒྱུན་བསྐྱངས། རང་སེམས་བླ་མ་སྐུ་བཞིར་བཞུགས་པ་ངོ་ཤེས་པས་ཉེ་དྲགས་ངོ་མ་ཤེས་པའི་སྐྱོན་ལས་གྲོལ། སེམས་དེ་ཉིད་སྐུ་བཞིའི་ངོ་བོར་བཞུགས་པ་ལུང་རིག་མན་ངག་གིས་དེས་ཤེས་སྐྱེས་པས་བཟང་དྲགས་བློར་མ་ཆུད་པའི་སྐྱོན་ལས་གྲོལ། བཞག་ཐབས་དང་རང་བབ་གསུམ་ལ་བརྟེན་ནས། གནས་ལུགས་ཀྱི་རད་ངོ་སྤྲིན་བར་གྱི་ཉིཤར་བཞིན་རྗེན་ལྷང་གིས་མཐོང་བས་ཟབ་དྲགས་ངོས་མ་ཟིན་པའི་སྐྱོན་ལས་གྲོལ། བརྗོད་བྲལ་བློ་འདས་དེ་བླ་མའི་མན་ངག་གིས་རང་ངོ་ཤེས། ཐག་ཆོད་ངེས་ཤེས་སྐྱེས་པས་སླ་དྲགས་ཡིད་མ་ཆེས་པའི་སྐྱོན་ལས་གྲོལ་བ་བྱས་ཏེ་དུས་ཐམས་ཅད་དུ་རྟོག་པ་གང་ཤར་གྱི་ངོ་བོ་ལ་འཛིན་མེད་ཆེས་ཆེར་བལྟ་ཞིང་འཇོག །དེའི་ཚེ་བྱིང་འཐིབ་ན་ལུས་སེམས་ཧུར་ཕྱུང་། ལྟ་སྟངས་སོར་བཅུ་དྲུག་ཙམ་གྱི་ནམ་མཁའ་ལ་གཏད་རྒོད་ཅིད་འཕྲོ་ན་ལུས་སེམས་ཁོང་གློད། ལྟ་སྟངས་མདུན་གྱི་ས་ལ་ཕབ་ནས་སྤང་སྨད་རང་བབས་སུ་འདུག་ནས། ཐད་ཀར་ལྟ་བ་ནི་གེགས་སེལ་ཡིན། མཉམ་བཞག་དེ་ལས་ལངས་ནས། རྗེས་ཐོབ་ཐམས་ཅད་དུ་ཚོགས་དྲུག་གི་སྣང་བ་གང་ཤར་ཀྱང་སྤུ་རིས་མི་འབྱེད། གང་ཤར་དེ་ཐོག་ཏུ་འཛིན་པ་མ་ཞུགས་པ་བྱས། ཆམ་ཆམ་འཇོག །རྟོག་པ་གང་སྐྱེས་ཀྱང་དེ་ཀའི་ངོ་བོ་ལ་བལྟ་ཞིང་། འཛིན་མེད་དུ་སྐྱོང་བ་ནི་རྗེས་ཐོབ་སྣང་བ་ལམ་བྱེད་དང་། རྟོག་པ་ལམ་བྱེད་ཀྱི་ཉམས་ལེན་ཡིན་པས། དུས་རྒྱུན་དུ་མ་ཡེངས་དྲན་པའི་རྒྱལ་པོ་དང་བཅས་ཏེ་ཉམས་སུ་བླང་བར་བྱའོ།
།གཉིས་པ་སྡོང་པོ་ནི་གུ་ཆོས་དྲུག་གི་ཉམས་ལེན་གྱི་སྙིང་པོ་རྒྱུན་ཁྱེར་ནི་ཐོ་རངས་ཀྱི་ཐུན་ལ་སྐྱབས་འགྲོ་སེམས་སྐྱེད་གོང་ལྟར་དང་། རང་ཐ་མལ་པའི་མདུན་གྱི་ནམ་མཁར་བླ་མ་གོང་བཞིན་བསམ་ལ། བླ་མ་རིན་པོ་ཆེ་བདག་གི་སྡིག་སྒྲིབ་དག་པར་མཛད་དུ་གསོལ། །ནད་གདོན་བར་ཆད་ཐམས་ཅད་ཞི་བར༴ །ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། །ཞེས་གསོལ་བ་ཅི་ནུས་བཏབ། བླ་མ་འོད་དུ་ཞུ་རད་ལ་ཐིམ། རང་གི་མགོ་བོའི་ནང་དུ་ཆོས་འབྱུང་དཀར་པོ་ཕྱི་གསལ་ནང་གསལ་འོད་ཀྱི་རང་བཞིན་ཟུར་གསུམ་པ། རྩ་བ་ཕྲ་བ་ལྕེ་ཆུང་ལ་ཟུག་པ། གདེང་ཁ་ཆེ་བ་མགོ་བོའི་སྟེང་དུ་སླེབས་པ། ཟུར་གཅིག་སྨིན་ཕྲག །ཟུར་གཉིས་རྣ་ལྟག་གཉིས་སུ་ཟུག་པའི་ནང་དུ་ཨ་དཀར་པོ་འོད་ཀྱི་རང་བཞིན་གཅིག་བསམ། དེ་ལ་སེམས་གཏད་དེ་ངག་ཏུ་ཨ་ཨ་ཞེས་དྲངས་པས་ཨ་ལས་བདུད་རྩི་དཀར་པོ་སྐྱ་ཆིལ་ཆིལ་བབས། ཆོས་འབྱུང་གི་ནང་ཐམས་ཅད་མེར་གྱིས་ཁེངས། རྩ་བ་ནས་རྡོལ་བ་ལྟ་བུའི་ཚུལ་དུ་བབས། ལུས་ཀྱི་ནང་ཐམས་ཅད་ཁེངས་པས་ནད་གདོན་སྡིག་སྒྲིབ་དཀོར་སྐུ་གླུད་ཐམས་ཅད་ནག་འདུ་རུ་རུ་ཕྱིར་བུད། བུད་མ་ཐག་ནམ་མཁའ་ལ་དུ་བ་ཡལ་བ་བཞིན་རྗེས་མེད་དུ་སངས་སངས་སོང་། འོ་མའི་ཐབ་ཀ་ལུད་པ་བཞིན་ཆོས་འབྱུང་གི་ཁ་ནས་ཕྱིར་ལུད། ལུས་ཀྱི་ཕྱི་ནད་ཐམས་ཅད་བཀྲུས་པས་འཁོན་གྲིབ་མི་གཙང་བ་ཐམས་ཅད་སངས་སངས་དག་པར་བསམ་ལ། ཨ་བརྒྱ་སྟོང་ཅི་ནུས་བཟླས། མཐར་ཆོས་འབྱུང་ཨ་དང་བཅས་པ་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ། དེའི་ངང་དུ་རང་གི་སྤྱི་བོར་བླ་མ་གོང་བཞིན་བསམ་ལ། བླ་མ་རིན་པོ་ཆེ་བདག་ལ་བདེ་དྲོད་ཀྱི་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར། བདག་ལ་བདེ་སྟོང་གི་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་བརྗོད་པའི་མཐར་བླ་མ་འོད་དུ་ཞུ་རང་ལ་ཐིམ་པའི་རྐྱེན་གྱིས་རང་ཉིད་སྐད་ཅིག་གིས་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། གྲི་གུག་དང་ཐོད་པ་འཛིན་པ། གར་སྟབས་སུ་བཞུགས་པ་ཅིག་ཏུ་ལམ་གྱིས་བསམ། དེའི་སྐུ་ལུས་ཀྱི་ནང་ཐམས་ཅད་མེ་མ་མུར་གྱི་འོབ་ལྟ་བུ་དམར་དེང་ངེ་བ་དེའི་ལྟེ་འོག་སོར་བཞིར་ཉི་མའི་དཀྱིལ་འཁོར་མེ་ལོད་ཆུང་དུ་ཙམ་དམར་སེར་འོད་ཀྱི་རང་བཞིན། དེའི་སྟེང་དུ་རྩ་བའི་བླ་མ་མེའི་རང་བཞིན་སངས་རྒྱས་འོད་དཔག་མེད་ཀྱི་རྣམ་པ་ཅན་ལྕགས་གོང་མེར་བསྲེགས་པ་ལྟ་བུ་དྲོད་ཀྱི་རང་བཞིན་ཅིག་སྒོམ། དེ་ལ་མོས་གུས་གདུང་པ་ཅིག་བྱས་པས། བླ་མའི་སྐུ་ལས་འོད་སྤོས་རིང་གི་དུ་བ་ལྟ་བུ་ཞིག་སྐྱ་ནར་གྱིས་གྱེན་དུ་སོང་། སྤྱི་བོ་ཚངས་པའི་བུ་ག་རྒྱ་མཐོང་ཁ་ཕྱེ་བ་ལྟ་བུ་ནས་ཐོན། འོད་དེ་ཕྱོགས་ཐམས་ཅད་དུ་འཕྲོས་པས། སངས་རྒྱས་རྡོ་རྗེ་འཆང་ནས། མཁན་ཆེན་ཐམས་ཅད་མཁྱེན་པའི་བར་གྱི་བླ་མ་ཐམས་ཅད་སྤྲིན་འཐིབས་པ་བཞིན་བཞུགས་པར་བསམ། ཡང་ལྟེ་བའི་བླ་མ་ལས་འོད་ཁ་དོག་སྣ་ཚོགས་འཕྲོས། སྤྱི་བོ་ཚངས་པའི་བུ་ག་ནས་ཐོགས་མེད་དུ་སོང་བའི་སྣེ་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་བསམ་གྱིས་མི་ཁྱབ་པ་འཕྲོས། ནམ་མཁའ་གང་བར་བཞུགས་པའི་བླ་མ་རྣམས་ལ་ཕུལ་བས། བཟང་ལན་གྱི་ཚུལ་དུ་སྐུ་ལས་བདུད་རྩི་ཁ་དོག་དམར་སེར་བཅུད་ཀྱི་རང་བཞིན་དཔག་ཏུ་མེད་པ་ཆར་བཞིན་ཏུ་བབས། རང་གི་སྤྱི་བོ་ནས་ཞུགས། ལྟེ་བའི་བླ་མའི་སྐུ་ལ་ཕོག་པས་མེ་ལ་མར་བླུགས་པ་བཞིན་ཚེག་སྒྲ་དང་བཅས་མེ་དམར་ཧུར་གྱིས་འབར། ལུས་ཀྱི་ནང་ཐམས་ཅད་མེར་གྱིས་ཁེངས་པ་ལ་སེམས་གཏད། རླུང་བུམ་པ་ཅན་ཅི་ཐུབ་འཛིན་པ་ལན་བདུན་ཙམ་མམ། ཡང་ན། རླུང་མི་འཛིན་པར་ལྟེ་བའི་བླ་མ་ལ་མོས་གུས་ཀྱི་གདུང་བ་དྲག་ཏུ་བྱས་པ་ཉིད་ཀྱིས་དྲོད་སྐྱེ་བ་ལ་ཐེ་ཚོམ་མེད་དེ། འདི་ནི་གཏུམ་མོ་ཐམས་ཅད་ཀྱི་མཐར་ཐུག་པ་བླ་མའི་གཏུམ་མོའོ། །དགོངས་མོའི་ཐུན་ལ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་བའི་ང་མྱུར་དུ་འཆི་ཤི་ཙན་དམ་པའི་ཆོས་མིན་པ་སུས་ཀྱང་ཕན་པར་མི་འདུག་པས། བླ་མ་ལ་གསོལ་བ་འདེབས་སོ་སྙམ་དུ་སྐྱོ་ཤས་དྲག་པོ་གདུངས་ཀྱིས་བྱས་ལ། རང་འཁོར་ལོ་སྡོམ་པ་ལྷན་ཅིག་སྐྱེས་པ་སྣང་བ་གཟུགས་སུ་གྲུབ་ལ་རེག་པ་གཟུགས་སུ་མ་གྲུབ་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་ལམ་གྱིས་གསལ་བའི་མདུན་གྱི་ནམ་མཁར་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་པདྨ་དང་ཉི་ཟླའི་གདན་ལ་བླ་མ་མངོན་སུམ་བཞིན་ཏུ་བཞུགས་པར་བསམ་ལ། རིགས་དྲུག་བར་དོ་དང་བཅས་པའི་སེམས་ཅན་ཐམས་ཅད་མགྲིན་གཅིག་ཏུ་གསོལ་བ་འདེབས་པར་བསམ་ལ། བླ་མ་རིན་པོ་ཆེས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ། བདག་འཛིན་བློ་ཡིས་ཐོངས་བར་དགོས་མེད་རྒྱུད་ལ་སྐྱེ་བར། སྒྱུ་ལུས་རྨི་ལམ་འབྱོངས་པར། འོད་གསལ་ཕྱག་ཆེན་རྟོགས་པར། ཞེས་ལན་བརྒྱ་ཕྲག་མང་པོར་གསོལ་བ་བཏབ། བླ་མ་འོད་དུ་ཞུ། རང་ལ་ཐིམ། རང་གི་ལྟེ་འོག་སོར་བཞིན་ཆོས་འབྱུང་གྲུ་གསུམ་ཕྱི་དཀར་ལ་ནང་དམར་བ། རྩ་བ་ཕྲ་བ་ཐུར་དུ་ཟུག་པ། གདེངས་ཀ་ཆེ་བ་གྱེན་དུ་ཕྱོགས་པ་ལྟེ་འོག་སོར་བཞིར་སླེབས་པ་འོད་ཀྱི་རང་བཞིན་ཅན། དེའི་ནང་དུ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཁྲ་ཤིག་ཤིག །གུ་དིར་དིར་ཡོད་པར་བསམ་སྟེ། རྐང་པ་གཉིས་བསྣོལ། ལག་པ་གཉིས་སྦོ་ཤ་སོ་སོ་ལ་འཇུས་ཏེ་གྲུ་མོ་པུས་མོའི་ཁར་བཞག་པའི་ལུས་གནད་བཅའ། སྟེང་རླུང་རང་སོར་བཞག །འོག་རླུང་ཅུང་ཟད་འཐེན་ལ། སེམས་གཞན་ཏུ་མ་ཡེངས་པར་རིགས་དྲུག་གི་སྣང་བ་འདི་ཐམས་ཅད་རྨིལམ་ཡིན། སྒྱུ་མ་ཡིན། སྣང་ནི་སྣང་། བདེན་ནི་མི་བདེན་སྙམ་དུ་རྨི་ལམ་སྒྱུ་མའི་དྲན་འདུན་དྲག་པོ་ཡུན་རིང་བ་བཏང་། མཐར་ཐམས་ཅད་འཇའ་ཡལ་བ་བཞིན་སོང་བར་བསམ། འདི་ཅིག་པུས་རྨི་ལམ་ཟིན་སྤེལ་ཐམས་ཅད་འབྱུང་མོད། ཆད་དུ་ཟིན་པར་འདོད་ན། ཉལ་ཁར་བླ་མའི་རྣལ་འབྱོར་སྔར་བཞིན་སྒོམ། རང་བདེ་མཆོག་ཏུ་གསལ་བའི་སྨིན་མཚམས་ཀྱི་ཧཾ་ལས་ཐིག་ལེ་དཀར་པོ་ཅིག་ཆད་སྙིང་གར་སླེབ་པ། གསང་གནས་ཀྱི་ཨ་ལས་ཐིག་ལེ་དམར་པོ་ཆད་སྙིང་གར་སླེབ་དཀར་པོ་འཕྲོས། དམར་པོས་དེད་པའི་ཚུལ་དུ་འབྲོས་འདེད་ལ་སེམས་གཏད་ལ་རྨི་ལམ་སྒྱུ་མའི་དྲན་འདུན་དྲག་ཏུ་བཏང་། ཐིག་ལེ་གཉིས་གཅིག་ལ་གཅིག་རེག་ཙམ་བྱེད་པ་སེམས་གཏད། རྨི་ལམ་གྱི་འདུན་པ་བྱ། ཐིག་ལེ་གཉིས་གཅིག་ཏུ་འདྲེས་ནས། ཐིག་ལེ་དམར་སྐྱ་ཧྲིལ་ལི་གནས་པ་ལ་སེམས་གཏད། རྨི་ལམ་གྱི་འདུན་པ་བཏང་། དེ་ནས་ཐིག་ལེ་དེ་ཡལ་གྱིས་སོང་ནས་སྟོང་པར་བསམ་ལ་དེའི་ངང་དུ་སེམས་མ་ཡེངས་པར་བྱས་གཉིད་ལོག་པས་མི་ཟིན་མི་སྲིད། ཟིན་མ་ཐག་སད་ན་མིག་མི་འབྱེད་པར་ཙུམ། རྨི་ལམ་གྱི་འདུན་པ་བྱས་འོག་རླུང་འཐེན་ཙམ་བྱས་པས་རྨི་ལམ་མུ་འབྱོར་བར་འགྱུར་རོ། །འཕོ་བ་སྒོམ་པར་འདོད་ན། བླ་མའི་རྣལ་འབྱོར་སྔར་བཞིན་སྒོམ། བདག་འཛིན་བློས་ཐོངས་པར། དགོས་མེད་རྒྱུད་ལ་སྐྱེ་བར། ལམ་མཆོག་འཕོ་བ་འབྱོངས་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ། རང་གི་ལུས་ཀྱི་དབུས་དྲང་པོར་རྩ་དབུ་མ་དཀར་གསལ་ཡས་སྣེ་ཇེ་སྦོམ་རྒྱ་གླིང་གི་བཤང་ཁ་ལྟ་བུ་སྤྱི་བོ་ཚངས་པའི་བུ་ག་ལ་ཟུག་པ། རྒྱ་མཐོང་ཕྱེ་བ་ལྟ་བུ་སྐྱ་ཧ་རེ་བ་མར་སྣ་མདའ་སྨྱུག་འབྲིང་པོ་ཙམ་ལྟེ་འོག་སོར་བཞིར་ཆོས་འབྱུང་གྲུ་གསུམ་དཀར་པོའི་ནང་དུ་ཟུག་པ། དེའི་ནང་དུ་རང་སེམས་ཨ་དཀར་པོ་འོད་ཀྱི་རང་བཞིན་བྱ་རྒོད་ལྟར་རང་རླུང་གིས་སེམས་ཡེམ་ཡེམ་འཕུར་ལ་ཁད་ཡོད་པར་བསམ་ལ། འོག་རླུང་དྲག་ཏུ་འཐེན། ལྟེ་འོག་རྒལ་པ་ལ་ཆར་གྱི་སྦྱོར་བ་དང་མཉམ་དུ། ཕཊ་དམ། ཧིཀ་དྲག་པོ་བརྗོད་པས་ཆོས་འབྱུང་ཁ་ལྟ་བ་ནས་ཨ་དེ་རྒྱངས་ཏེ་དབུ་མ་ནས་དོན། ཚངས་བུག་ནས་ཐོགས་མེད་དུ་སོང་ནམ་མཁའ་ལ་འཇའ་ཡལ་བ་ལྟར་བསམ་ལ་རིག་པ་བརྗོད་མེད་དུ་བཞག །ཡང་ཨ་མར་བབས་ལྟེ་བར་གནས་པ་ལ་སེམས་གཏད། ཡང་འོག་རླུང་འཐེན་པ་སོགས་གོང་ལྟར་ལན་བདུན་ནམ། ཉེར་གཅིག་སོགས་གོང་བཞིན་བྱས་པའི་རྗེས་མ་ལ་ཨ་ལྟེ་བར་བབས། འཆི་མེད་ཀྱི་བདུད་རྩིར་ལྟེམ་གྱི་ཞུ་བས་ལུས་ཐམས་ཅད་ཁེངས། སྤྱི་བོ་སྣ་ཚོགས་རྡོ་རྗེས་བཀག་པར་བསམ་ལ་རླུང་བུམ་པ་ཅན་གསུམ་ཙམའཛིན། དེ་ལྟ་བུའི་ཚུལ་གྱིས་རབ་སྤྱི་བོ་རྡོལ་བ། འབྲིང་ཁྲག་འཛག་པ་ལྟ་བུ་མ་བྱུང་གི་བར་དུ་སྦྱངས། རྟགས་བྱུང་ནས་མ་བརྗེད་པ་ཙམ་ལས་ཆེད་དུ་སྒོམ་མི་དགོས། ནམ་ཞིག་འཆི་རྟགས་ཐམས་ཅད་ཚང་ནས་ཟློག་མི་ཐུབ་པ་དེའི་ཚེ། དངོས་པོ་གང་ལའང་ཆགས་ཞེན་མེད་པར་བྱས་ལ། བླ་མའི་རྣལ་འབྱོར་ནས་བཟུང་སྟེ་ཕཊ་འདེབས་པའི་བར་གོང་བཞིན་ལ། རང་སེམས་ཨ་དཀར་པོར་གསལ་བ་དེ་སྤྱི་བོ་ཚངས་པའི་བུ་ག་ནས་ཐོགས་མེད་དུ་ཡུད་ཀྱིས་ཐོན། ནམ་མཁའི་མཐོངས་སུ་འཇའ་ཡལ་བ་ལྟར་བསམ་ལ། སེམས་སྟོང་ཉིད་དུ་བཞག་པས་འཕོ་བར་འགྱུར་ཏེ། འཕོ་བ་ཡེ་ཤེས་སྐར་ཁུང་མ་ཞེས་བྱ་བ་བླ་མ་ཁྱུང་པོའི་ཁྱད་ཆོས་རྟགས་ཐོན་པའི་གདམས་པའོ། །དེ་ལྟར་ན་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་ཡིན་ལ། དེས་གཏུམ་མོ་སྐྱེ་བའི་ཕྱིར་གཏུམ་མོ་ལམ་གྱི་གཞུང་ཤིང་ངམ། རྨང་རྡོ་ལྟ་བུ། སྣང་བ་ཐམས་ཅད་བདེན་མེད་དུ་གཏན་ལ་འབེབས་པ་ལམ་ཐམས་ཅད་ཀྱི་བོགས་འབྱིན་ཡིན་པས་སྒྱུ་ལུས་ལམ་གྱི་བོགས་འབྱིན། ད་ལྟར་གྱི་དགེ་སྦྱོར་བར་དོར་ཟིན་མི་ཟིན་གྱི་ཚོད་རྨི་ལམ་གྱིས་ཟིན་པས་རྨི་ལམ་ལམ་གྱི་ཚོད་འཛིན། གལ་ཏེ་ལམ་གོང་མ་གསུམ་པོ་དེ་ལ་ཉམས་ལེན་ཞན་པས་ཚེ་འདིར་གྲུབ་མཐའ་མ་སྙོགས་ན། འཆི་ཁར་བཙན་ས་འཛིན་པའི་ཐབས་སུ་འཕོ་བ་ལམ་གྱི་སྐྱེལ་མ། དེ་ཡང་ངེས་ཤེས་མ་བྱུང་ན་བར་དོར་རབ་འབྲིང་ཐ་གསུམ་གང་འོས་ལ་གནད་དུ་བཏང་ནས་གྲུབ་མཐའ་སྙོགས་དགོས་པས། བར་དོ་ལམ་གྱི་འཐུད་མ། ཆོས་ཐམས་ཅད་ཀྱི་མཐར་ཐུག་གི་སྐྱེལ་གསོ་འོད་གསལ་ཆོས་ཀྱི་དབྱིངས་སུ་བྱེད་དགོས་པ། འོད་གསལ་ལམ་གྱི་མཐར་ཐུག་ཏེ་རྡོ་རྗེ་ཐེག་པའི་ལམ་ཐམས་ཅད་དྲུག་པོ་འདིར་མ་འདུས་པ་གང་ཡང་མེད་པས་ཉམས་ལེན་ལ་བརྩོན་པར་བྱའོ། །ཅེས་དགེ་བའི་བཤེས་གཉེན་རིན་ཆེན་བསོད་ནམས་མགོན་པོས་ཚོགས་ཀྱི་འཁོར་ལོ་དང་བཅས་ཏེ་གསོལ་བ་བཏབ་པའི་དོན། སྒྱུ་ལུས་ཀྱི་བཙུན་པ་མཁྱེན་བརྩེས་ཡི་གེར་བགྱིས་པ་སྟེ། ཁྲིད་ཐོབ་པ་མ་གཏོགས་གཞན་ལ་བསྟན་ན་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོས་སྡིག་པར་འགྱུར་རོ། །འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པར་གྱུར་ཅིག །