Sems 'chi med kyi bka'
Resource ID | Kinnaur18 |
---|---|
Title | sems 'chi med kyi bka' |
Alt. title | dpal 'chi med ye shes chen po'i dbang bskur |
Topics | Initiation |
Sub-Topics | Immortality |
Author | author unknown |
Link | BDRC W4CZ58783 (p.283) BDRC W22103 (p.202) |
༄༅། །སེམས་འཆི་མདེ་ཀྱི་བཀའ་བཞུགས་སོ།
ཤྲཱི་ཙཀྲ་སཾ་བྷ་ར་ན་མོ།
དཔལ་འཆི་མེད་ཡེ་ཤེས་ཆེན་པོའི་དབང་བསྐུར་བར་འདོད་པས། མཎྜལ་པདྨ་འདབ་བཞིའི་ལྟེ་བ་དང་། ཤར་འཐིང་། ལྷོ་སེར། ནུབ་དམར། བྱང་ལྗང་། ཁྱམ་ལ་སོགས་པ་གཞན་དང་མཐུན། མེ་ཏོག་གི་ཚོམ་བུ་བཀོད་ལ། དེ་དག་ལྷ་ལྔར་བསྒོམ་པ་ནི། དེ་ཡང་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། དངས་ཤིང་ཐོགས་པ་མེད་པའི་གཞས་ཁང་ཆེན་པོ། ཕྱི་གསལ་ནང་གསལ་དུ་ཡོད་པའི་དབུས་སུ་པདྨ་ཉི་ཟླ་འཇིགས་བྱེད་དུས་མཚན་གྱི་སྟེང་དུ། ངོ་བོ་བླ་མ། རྣམ་པ་བདེ་མཆོག་ཡབ་ཡུམ་མངོན་རྟོགས་བཞིན་བསྒོམས་པའི་མདུན་དུ། ཤར་དུ་མཁའ་འགྲོ་མ་སྔོན་མོ། བྱང་དུ་ལྭ་མ་ལྗང་ཁུ། ནུབ་ཏུ་ཁཎྜ་རོ་ཧི་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ་རྣམས་བསྒོམ། གཙོ་བོའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཁར་ཧཱུྃ་སྔོན་པོ་བསྒོམ་པ་ལ་སོགས་པའི་བདག་འཇུག་མཆོད་པ་དང་བཅས་པ་སྔོན་དུ་སོང་ནས། སློབ་མའི་བློ་བཅོས་པ། སྐྱབས་འགྲོ་སེམས་བསྐྱེད། སྐད་ཅིག་གིས་ལྷར་བསྒོམ་པ་ལ་སོགས་པའི་སྔོན་འགྲོ་རྣམས་བྱས་ལ། བླ་མ་སངས་རྒྱས་རིན་པོ་ཆེ། བདག་ལ་བུམ་པའི་དབང་བསྐུར་དུ་གསོལ། སྐུའི་བྱིན་བརླབས་མ་ལུས་པ་བཞུག་ཏུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མའི་ཨོཾ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་སྐུ་ལ་ཕོག །སྐུའི་ཡོན་ཏན་མ་ལུས་པ་འོད་དང་འོད་ཟེར་གྱི་ཚུལ་དུ་འདུས། བླ་མའི་ཨོཾ་ལ་ཐིམ། ཨོཾ་ལས་བདེ་མཆོག་ཡབ་ཡུམ་སྐུ་ཆུང་ལ་ཡན་ལག་དོད་པ། ཁོག་དཀར་པོ་དཔག་ཏུ་མེད་པ་འོད་དང་འོད་ཟེར་གྱི་ཚུལ་དུ་བྱུང་ནས། སློབ་མའི་སྤྱི་བོའི་ཨོཾ་ལ་སིབ་ཐིམ། ༼ལུས་ཐམས་ཅད་བདེ་མཆོག་དཀར་པོས་གང་།༽ བུམ་དབང་ཐོབ། ལུས་ཀྱི་སྡིག་སྒྲིབ་དག །སྐུའི་བྱིན་རླབས་མ་ལུས་པ་ཞུགས་པར་བསམ། ཡང་དབང་གཉིས་པ་དང་གསུམ་པའི་དོན་དུ་གསོལ་བ་བཏབ་པས། ༼ཨཱཿདང་ཧཱུྃ་གི་སྤྲོ་སྡུ་ཚུལ་སྔར་བཞིན་བྱས་པས་༽གསང་དབང་དང་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ངག་དང་ཡིད་དག །གསུང་དང་ཐུགས་ཀྱི་བྱིན་རླབས་ཐོབ། ཡང་དབང་བཞི་པའི་དོན་དུ་གསོལ་བ་བཏབ་པས། ཨོཾ་འོད་དུ་ཞུ། ཨཱཿལ་ཐིམ། ཨཱཿཡང་ཞུ། ཧཱུྃ་ལ་ཐིམ། ཧཱུྃ་འོད་དུ་མེ་རེ་རེ་ཞུ། འོད་དུ་ཡལ་ཡལ་བར་བསམ། དེས་དབང་བཞི་པ་ཐོབ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་ཞུགས། སྒོ་གསུམ་གྱི་དྲི་མ་མ་ལུས་པ་དག་པར་བསམ་མོ།
།ནི་གུ་མའི་ཞལ་ནས། བླ་མའི་སྐུ་ཡི་དཀྱིལ་འཁོར་ལ། །དབང་བཞི་ཡོངས་སུ་རྫོགས་པར་ཞུས། །ས་ལམ་རིམ་པ་མ་ལུས་བསྒྲོད། ཅེས་སོ།
།བླ་མའི་གསུང་བཞིན་དབང་གི་ཟིན་བྲིས་ཨྀཐཱི།།