Sgyu lus gdan thog gcig ma 2

From Shangpa Resource Center








Resource ID Sup9
Title sgyu lus gdan thog gcig ma
Topics Illusory body
Sub-Topics Instructions
Associated Person Sangyé Tönpa
Link BDRC W8LS32725 (p.181)
BDRC W22103 (p.307 alt. version)
BUDA MW2PD20238 (p.504 alt. version)

༄༅། །སྒྱུ་ལུས་གདན་ཐོག་གཅིག་མ་བཞུགས་སོ།།

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ།
།ཆོས་སྐུའི་བདག་ཉིད་རྡོ་རྗེ་འཆང་། །དམིགས་མེད་ཐུགས་རྗེ་ཆེན་པོ་ཡིས། །སེམས་ཅན་སྨིན་ཅིང་གྲོལ་མཛད་པའི། །སངས་རྒྱས་སྟོན་པའི་ཞབས་ལ་འདུད།
།མཆོག་དང་ཐུན་མོངས་དངོས་གྲུབ་རྣམས། །གདན་ཐོག་གཅིག་ཏུ་ཐོབ་མཛད་པའི། །ཨུ་དཾ་ཝ་ར་ལྟ་བུ་ཡི། །ཞལ་གདམས་བླ་མའི་གསུང་བཞིན་བྲི།
དེ་ལ་ཞག་དང་ལོ་ཟླ་ཙམ་གྱིས། མཆོག་དང་ཐུན་མོངས་གི་དངོས་གྲུབ་ཐོབ་པར་བྱེད་པ་ལ། ཆོས་དྲུག་གདན་ཐོག་གཅིག་ཏུ་གཅིག་ཆར་བར་གང་ཟག་ལས་དང་པོ་ས་ནས། ས་བཅུ་པའི་བྱང་ཆུབ་སེམས་དཔས་བསྒྲོད་པ། ཅིར་སྣང་ཐམས་ཅད་བསྒོམ་དུ་ཁྱེར་ཞིང། ཚེགས་ཆུང་དོན་ཆེ་བ། གྲུབ་ཐོབ་རྣམས་ཀྱི་སྙན་བརྒྱུད་སྒྱུ་ལུས་གདན་ཐོག་གཅིག་མ་འདི་ཡིན་ནོ།
།དེ་ལ་གཉིས། ཉིན་མོ་དང་མཚན་མོའོ།
ཉིན་མོ་ལ་གཉིས། མཉམ་བཞག་དང་རྗེས་ཤེས་སོ།
།དང་པོ་ནི། །དབེན་པའི་གནས་སུ་ལུས་གནད་བཅས་ལ་སྐྱོ་ཤས་དྲག་པོ་བསྐྱེད་དེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་གནས་པའི་སེམས་ཅན་དགྲ་སྡང་བ་དང་། གཉེན་བྱམས་པ་དང་། བདག་པས་རྒན་པ་དང་། གཞོན་པ། ན་ཟླ། ཁྱིམ་མཚེས་ཐམས་ཅད་ཤི་ནས་མེད་པར་འགྲོ་བ་ཡིན་ཨང་། ཅིས་ཀྱང་ཅི་བྱེད་སྙམ་པ་འབའ་ཞིག་བསྒོམ་པར་བྱའོ།
།ནི་གུ་མའི་ཞལ་ནས། མི་རྟག་སྐྱོ་ཤས་སྔོན་འགྲོ་ཡིན་གསུང་ངོ་།
།དེ་ནས་རང་གི་ལུས་བདེ་མཆོག་ཞལ་གཅིག་ཕྱག་གཉིས་པ་ཡུམ་དང་གཉིས་སུ་མེད་པར་བསམ། སྤྱི་བོར་པད་ཟླའི་སྟེང་དུ་རང་གི་རྩ་བའི་བླ་མ་སྐུ་མདོག་དཀར་པོ་འཛུམ་པའི་མདངས་དང་ལྡན་པ་གཅིག་བསྒོམ། ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བརྒྱུད་པའི་བླ་མ། རང་གི་ཆོས་འབྲེལ་ཡོད་ཚད་ཀྱི་བླ་མ་རྣམས་དང་། ཡི་དམ་ལྷ་ཚོགས་ཆོས་སྐྱོང་བའི་སྲུང་མ་དང་བཅས་པ་ཐམས་ཅད་བླ་མ་དེ་ཉིད་ལ་བསྟིམ་ལ། བླ་མ་དེ་ངོ་བོ་སངས་རྒྱས་རྣམ་པ་བླ་མ། འོད་དང་འོད་ཟེར་གྱི་རང་བཞིན་མཚན་ཐོས་པ་ཙམ་གྱིས་ཕྱིར་མི་ལྡོག་པའི་ས་ཐོབ་ཅིང་། གསོལ་བ་བཏབ་ན་སྨོས་ཅི་དགོས་པ་གཅིག་བསམ། དེ་ནས་རང་གི་མདུན་དུ་གནོད་བྱེད་དང་། གཞི་བདག་གི་གཙོ་བྱས་པའི་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལུས་གུས་པས་ཐལ་མོ་སྦྱར། ངག་གུས་པས་གསོལ་བ་འདེབས། ཡིད་གུས་པས་མོས་གུས་རྒྱུན་ཆད་མེད་པར་བསམ་ནས། ངག་ཏུ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །ཅེས་སེམས་ཅན་ཐམས་ཅད་ཀུ་དི་རི་རི་གསོལ་བ་འདེབས་པར་བསམས་ལ། བླ་མ་སངས་རྒྱས་རིན་པོ་ཆེ་བདག་འཛིན་བློས་ཐོངས་པར་མཛད་དུ་གསོལ། དགོས་མེད༴ སྒྱུ་ལུས༴ འོད་གསལ༴ ཕྱག་རྒྱ་ཆེན་པོ་ད་ལྟ་ཉིད་དུ༴ མྱུར་བ་ཉིད་དུ༴ འདུག་ས་འདི་ཉིད་དུ་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། ཅེས་གསོལ་བ་གདབ་བོ།
།ནི་གུ་མའི་ཞལ་ནས། ལམ་ལྔ་ས་བཅུའི་རིམ་པ་རྣམས། །མོས་གུས་སྟོབས་ཀྱིས་བསྒྱོད་པར་བྱེད། །བླ་མའི་སྣང་བ་མི་འབྲལ་བ། །རྒྱུད་སྡེའི་དགོངས་པ་གནད་ཀྱི་མཆོག །ཅེས་གསུངས་པས། བླ་མའི་སྣང་བ་དང་མི་འབྲལ་བར་གསོལ་བ་རྩེ་གཅིག་ཏུ་གདབ་བོ།
།དེ་ནས་རང་གི་ལུས་བདེ་མཆོག་ཏུ་བསྒོམ་པའི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས། རྣམ་པ་བཞུགས་ཚུལ་དང་ལྡན་པའི། རང་གི་བློས་བཀོད་པ་མ་གཏོགས་པ་ཕྱི་རོལ་ན་དོན་ལོགས་སུ་གྲུབ་པ་གཅིག་ཀྱང་མེད། སྣང་ནི་སྣང་། བདེན་ནི་མི་བདེན། སྒྱུ་མ་ཡིན་སྙམ་དུ་བསམ་མོ།
།དེ་བཞིན་དུ་སྣང་ཞིང་སྲིད་པས་བསྡུས་པའི་དགྲ་སྡང་བ། གཉེན་བྱམས་པ། བདག་གཞན། རི་རྡོ། ཁང་པ། རྩི་ཤིང་། ནགས་ཚལ་དང་བཅས་པ་འདི་རང་གི་བློས་བཀོད་པ་མ་གཏོགས་པ་ཕྱི་རོལ་ན་དོན་ལོགས་སུ་གྲུབ་པ་གཅིག་ཀྱང་མེད་དོ། །སྣང་ནི་སྣང་། བདེན་ནི་མི་བདེན། རྨི་ལམ་ཡིན། སྒྱུ་མ་ཡིན་སྙམ་དུ་བསམ་མོ།
དེ་ནས་རང་གི་ལྟེ་འོག་ཏུ་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ། རྩ་བ་ཕྲ་བ་ཐུར་ལ་ཟུག་པ། གདེངས་ཀ་ཆེ་བ་གྱེན་ཏུ་བསྟན་པ་ཞིག་བསྒོམ། དེའི་ནང་རིགས་དྲུག་གི་སེམས་ཅན་ཐམས་ཅད་འོད་ཀྱི་༼ཡལ་ལ་ཁད་པ་༽རང་བཞིན་ཏུ་བསམས་ནས། འོག་རླུང་དྲག་པོ་བསྐུམ་སྟེ། འདི་རྨི་ལམ་ཡིན། སྒྱུ་མ་ཡིན་སྙམ་པའི་དྲན་འདུན་དྲག་པོ་རྩེ་གཅིག་ཏུ་བཏང་ངོ་།
།རང་ལ་གནོད་པར་བྱེད་པའི་གདོན་རྣམས་མདུན་དུ་བཀུག་ལ། རླུང་དང་བསྡོགས་སྟེ་ནང་དུ་བཅུད་ནས་སྒྱུ་ལུས་ཀྱི་འདུན་པ་དྲག་པོ་བཏང་བས། གནོད་བྱེད་དེའི་སྡུག་བསྔལ་ཐམས་ཅད་ཞི་ནས་བདེན་མེད་དུ་ཕྱམ་སོང་བར་བསམ། ཐུན་འཇོག་ཁར་རླུང་དང་བསྡང་ནས་ཕྱིར་བཏོན་ལ་གཏོར་མ་སྦྱིན་ལ་བུ་ལོན་ཁྱེར། ལན་ཆགས་དག་པར་གྱུར་ཅིག །ཅེས་བསྔོ་བ་སྨོན་ལམ་གདབ་ལ་རྒྱ་མཚོའི་མཐར་བསྐྱད་པར་བྱའོ། །དེ་ནི་མཉམ་གཞག་གོ
།གཉིས་པ་རྗེས་ཤེས་ནི། སྒྱུ་མ་རྨི་ལམ་གྱིས་ལམ་དུ་ཁྱེར་སྟེ།
སྡུད་པ་ལས། འགྲོ་འཆག་ཉལ་དང་འདུག་པར་ཤེས་བཞིན་རབ་ཏུ་ལྡན། །གཉའ་ཤིང་གང་ཙམ་བལྟ་ཞིང་འགྲོ་ལ་སེམས་འཁྲུལ་མེད། ཅེས་པ་དང་།
།ནི་གུ་མའི་ཞལ་ནས། ཅིར་སྣང་བསྒོམ་དུ་མ་ཤེས་ན། །གཉེན་པོ་བསྟེན་གྱིས་ག་ལ་ལངས། །ཡུལ་ངན་སྤངས་པས་ག་ལ་སྤོངས། །སྒྱུ་མར་ཤེས་པས་རང་སར་གྲོལ། ཞེས་པས་སྣང་གྲགས་ཀྱི་ཆོས་ཐམས་ཅད་བསྒོམ་དུ་ཤར་བར་བྱེད་པ་གསེར་འགྱུར་གྱི་རྩི་ལྟ་བུའོ། །སྒྱུ་མ་རྨི་ལམ་ངག་ཏུ་བརྗོད་པའི་ཡིད་ལ་བསམས་པས་འཁོར་བ་ལས་གྲོལ་ཞིང་སངས་རྒྱ་བར་འགྱུར་ཏེ།
ཁྱེའུ་རབ་སྣང་གིས་ཞུས་པའི་མདོ་ལས། ཆོས་རྣམས་རྨི་ལམ་སྒྱུ་མ་ཞེས། །གང་གིས་ཚིགས་བརྗོད་དྲན་གྱུར་པ། །སྲིད་པའི་འཆིང་བ་ལས་གྲོལ་ནས། །ཚེ་འདི་ཉིད་དུ་སངས་རྒྱས་ངེས། །ཅེས་གསུངས་སོ།
།འགྲོ་བ། འཆག་པ། ཉལ་བ། འདུག་པ། སྤྱོད་ལམ་རྣམ་བཞི་ཅི་བྱེད་ཀྱང་། ང་དོ་ནུབ་འཆི། ཅིས་ཀྱང་ཅི་བྱེད། ཐམས་ཅད་བཞག་ནས་འགྲོ་དགོས་པ་ཡིན་སྙམ་པ་དང་། བླ་མའི་མོས་གུས་དུང་པ་དེ་དང་། ཨ་པ་ང་གཉིད་དུ་སོང་འདུག །སྣང་བ་འདི་རྨི་ལམ་དུ་འདུག །ལུས་འདི་ཡིད་ཀྱི་ལུས་སུ་འདུག །ཡིད་ཀྱི་ལུས་འདི་དང་རྨི་ལམ་གྱི་སྣང་བ་ལ་ཇི་ལྟར་སྦྱང་སྦྱངས་ཡིན་སྙམ་དུ་བསམས་ནས། དངོས་པོ་ཐམས་ཅད་ལ་ཕར་ཚུར་ཐལ་དུ་སློབ་པ་དེ་སྦྱངས་བ། གཅིག་ལས་བཅུ། བཅུ་ལས་བརྒྱ་ལ་སོགས་པ་སློབ་པ་དེ་སྤེལ་བ། ས་ཆུ་མེ་རླུང་ལ་སོགས་པར་བསྒྱུར་བར་བྱའོ། །ང་ཡི་བླ་མ་སྙམ་པའི་མོས་གུས་དུངས་དུངས་པ་དང་། ང་དོ་ནུབ་འཆི་ནང་པར་འཆི། ཅིས་ཀྱང་ཅི་བྱེད་སྙམ་པ་དང་། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དུངས་པས་དུས་འདའ་བར་བྱའོ། །དེ་ནས་ཉིན་མོ་ཁྱད་པར་རྐྱེན་བྱུང་བའི་དུས་སུ་བདེན་མེད་སྒྱུ་མ་རྨི་ལམ་དུ་ཤེས་པ་གལ་ཆེའོ།
།གཉིས་པ་ནི། ༼དུས་ཀྱི་གནད་གསུམ། ལུས་ཀྱི་གནད་གསུམ། དམིགས་པའི་གནད་གསུམ།༽མཚན་མོའི་དུས་སུ། བླ་མ་རྨི་ལམ་ཟིན་པའི་གསོལ་བ་དྲག་པོ་གདབ་པར་བྱའོ། །དེ་ནས་རང་བདེ་མཆོག་དུ་བསྐྱེད་པའི་༼སྤྱི་གཙུག་ནས་རྐང་མཐིལ་་་་བར་ཐིག་ལེས་གང་་་་་།༽སྤྱི་བོ་ནས་ཐིག་ལེ་དཀར་པོ་གཅིག་ཆད། དེ་སྙིང་གར་བྱུང་གསང་གནས་ནས་ཐིག་ལེ་དམར་པོ་གཅིག་ཆད་སྙིང་བྱུང་། ཐིག་ལེ་གཉིས་པོ། གཡས་ཕྱོགས་སུ་འཁོར་བ་ལ། འདི་རྨི་ལམ་ཡིན་སྙམས་པའི་དྲན་འདུན་དྲག་པོ་བཏང་ངོ་། །གཉིད་དུ་འགྲོ་ཁར་གཅིག་ལ་གཅིག་ཐིམ་ནས། མཐར་འོད་དུ་ཡལ་སོང་བ་དེ་ལ་སེམས་མ་བཅོས་པར་བཞག་གོ །ཡང་བདེ་མཆོག་ཏུ་བསྐྱེད་པའི་ཐུགས་ཀར་བླ་མ། བླ་མའི་ཐུགས་ཀར་ཧཱུྃ་དཀར་པོ་འོད་ཀྱི་རང་བཞིན་ཅན་གཅིག་བསམས་ལ་དྲན་འདུན་བཏང་ངོ་། །གཉིད་དུ་འགྲོ་ཁར་ཡི་དམ་བླ་མ་ལ་ཐིམ། བླ་མ་ཧཱུྃ་ལ་ཐིམ་ཧཱུྃ་འོད་དུ་ཡལ་སོང་བ་ལ་སེམས་མ་བཅོས་པར་མཉམ་པར་བཞག་གོ། །ཡང་གཉིད་དང་རྨི་ལམ་གྱི་བར་གྱི་མིའམ་ཁྱི་ལ་སོགས་པ་རྟོག་པ་གང་བྱུང་བ་དེ་ངོས་ཟིན་པར་བྱས་ལ་༼རྨི་ལམ་ཡིན་སྒྱུ་མ་ཡིན་སྙམ་དུ་༽དྲན་འདུན་རྩེ་གཅིག་ཏུ་གཏད་དོ། །དེས་རྨི་ལམ་འཁོར་མར་ཟིན་གསུང་ངོ་།
།དེས་རྨི་ལམ་ཟིན། རྨི་ལམ་བདེན་མེད་སྒྱུ་མ་ཤེས། སྒྱུ་མ་འཛིན་པ་དང་བྲལ་ནས་འོད་གསལ་ཕྱག་རྒྱ་ཆེན་པོ་ཇི་ལྟ་བ་བཞིན་ཏུ་མངོན་དུ་བྱེད་པ་ནི་སྒྱུ་ལུས་གདན་ཐོག་གཅིག་ཏུ་ཉམས་སུ་བླང་བའོ། །རྟོག་བཅས་ལམ་ཁྱེར་དང་གསུམ་མོ། །དེ་ལྟར་བསྒོམ་པས་སྟོད་རྒྱངས་པ་དང་། གཟེར་བ་དང་། གློ་སྙིང་མི་བདེ་བ་འབྱུང་ན། གང་ན་ས་དེའི་ཐད་ཀར་བུ་ག་ལྕགས་ཚགས་ཀྱི་མིག་ལྟ་བུ་སིབ་སེ་ཡོད་པར་བསམས་ལ། བུ་ག་ན་ཡར་ནས་ཐམས་ཅད་རླངས་པའི་ཚུལ་དུ་ཕྱུར་ཕྱུར་དོན་པར་བསམ་ཞིང་། རླུང་བུས། ཧས་གདབ་བོ། །སྨད་དུ་ཐིག་ལེའི་གེགས་བྱུང་ན་འཁྲུལ་འཁོར་གྱིས་བཅད་པར་བྱའོ། །དམིགས་པ་གང་བདེ་ཉམས་སུ་བླངས་པས་རྨི་ལམ་དང་འོད་གསལ་མི་འཆར་མི་སྲིད། ཤར་ནས་མི་ཟིན་མི་སྲིད། ཟིན་པ་མཐར་མི་ཕྱིན་མི་སྲིད་དོ།
།ཚེ་འདི་བློ་ཡིས་ཐོང་། དགོས་མེད་རྒྱུད་ལ་སྦྱོར། བརྗེད་ངེས་ལོག་ལྟ་སྤངས། མོས་གུས་འབྲལ་མེད་གྱིས། ཅིར་སྣང་བདེ་ཆེན་མེད་སྒྱུ་མ་རྨི་ལམ་དུ་བསྒོམ། དེས་ནི་ལོ་ཟླ་ཙམ་གྱིས་སངས་རྒྱ་བར་གསུངས་སོ།