Su kha sid+d+hi'i chos drug

From Shangpa Resource Center








Resource ID SCv7p251
Title su kha sid+d+hi'i chos drug
Topics Six doctrines of Sukhasiddhi
Sub-Topics Instructions
Associated Person Virupa
Link BDRC W23922
BDRC W3CN18508 (v2p.612)

༄༅། །སུ་ཁ་སིདྡྷིའི་ཆོས་དྲུག་བཞུགས་པ་ལགས་སོ།།

གུ་རུ་བཛྲ་ཡོ་གི་ནཱི།
རྗེ་བཙུན་མ་འདི་ཉམས་སུ་ལེན་པར་འདོད་པས། དབེན་པའི་གནས་སུ་མཎྜལ་ལ་བའི་རྣམ་ལྡ་དང་། བདུད་རྩི་ལྡ་དང་། ཆང་གིས་བྱུག་ལ་པདྨ་འདབ་བཞི་བྲི། ཤར་སྔོ་སྐྱ་ལ་ཧ་སྔོ། ལྷོ་དམར་པོ་ལ་རི་དམར། ནུབ་དཀར་པོལ་ནི་དཀར། བྱང་སེར་པོ་ལ་ས་སེར་པོ་བྲི། དབུས་ཀྱི་ལྟེ་བ་ནག་པོ་ལ་ཧཱུྃ། ཟེའུ་འབྲུ་སྣ་ཚོགས་པ་བྱ། གོང་རས་ལྗང་ཁུ་ལ་མུ་ཁྱུད་ནག་པོ་བྱའོ།
།དེ་ཡང་ངོ་བོ་ལྷ་མོ་ལ་རྣམ་པ་ཡིག་འབྲུ་རྣམས་དམ་ཚིག་པར་བསྐྱེད་དོ།
།དེ་ནས་མཎྜལ་ཅིག་ལ་ཆང་གིས་བྱུགས་ཏེ། རང་བྱུང་གི་མེ་ཏོག་དང་། སི་ནྡྷུ་ར་བྱུགས། དེ་ལ་པདྨ་འདབ་བཞི་བྲི། ལྟེ་བར་ཧཱུྃ་དངབྃ་འདབ་མ་བཞི་ལ་ཡི་གེ་གོངབཞིན་བྲི། དབུས་ཀྱི་ཧཱུྃ་བིརྺ་པ་དང་ཐ་མི་དད་པར་བསམ། བཾ་རྗེ་བཙུན་མར་བསྐྱེད། ཡི་གེ་ལྷ་མོ་བཞི་ཡེ་ཤེས་པར་བསྐྱེད། དར་མཆིན་ཁས་གུར་དུ་བྱས་ལ་མིས་མ་མཐོང་པར་བྱའོ།
མཎྜལ་ཕྱོགས་བཞིར་གཏོར་མ་བཞི་འཛིན་གཏོར་དུ་བྱས་ལ། ཐུན་མཚམ་ས་སུ་གཏོར་མ་བཏང་། ཕྱི་ནང་གསང་གསུམ་གྱི་མཆོད་པས་མཆོད། ལག་མཆོད་བྱ། རྐང་པ་བརྒྱད་པས་བསྟོད། བཤགས་པ་རྣམས་བྱ། རྒྱུན་དུ་ཚོགས་འཁོར་བྱ། དེ་ནི་མདུན་བསྐྱེད་དོ།
།བདག་བསྐྱེད་ནི་རང་སྐད་ཅིག་གིས་རྗེ་བཙུན་མར་བསྐྱེད་པའི་རྩ་དབུ་མ་གསལ་གདབ། དེའི་ལྟེ་བའི་ནང་དུ་པདྨ་འདབ་བཞིའི་ལྟེ་བ་ནག་པོ་ལ། རྣམ་པར་ཤེས་པའི་རང་བཞིན་ཨ་དཀར་པོ་འོད་འཕྲོ་བ། མངུན་དུ་པདྨ་དང་ཧ་སྔོ་སྐྱ། གཡས་སུ་པདྨ་དང་རི་དམར་བ། རྒྱབ་ཏུ་པདྨ་དང་ནི་དཀར་བ། གཡོན་དུ་པདྨ་དང་ས་སེར་བ། གོང་རས་ལྗང་གུ། མུ་ཁྱུད་ནག་པོར་བསམ། དེ་ཡང་ཡིག་འབྲུ་བཞི་ལྷ་མོ། གཡས་གྲི་གུག །གཡོན་ཐོད་ཁྲག་བསྣམས་པའོ། །རུས་པ་དང་མི་མགོས་བརྒྱན་པའི་ངོ་བོ་ལ། རྣམ་པ་ཡིག་འབྲུ་བཞི་བསྒོམ་མོ།
།དེ་ནས་སྤྱི་བོའི་ཚངས་བུག་གི་སྟེང་དུ། དམ་པ་རྒྱ་གར་ཕྱག་ན་སྦའི་གླིང་བུ་བསྣམས་པ་ཅིག་བསྒོམ། དེའི་སྟེང་དུ་ཧཱུྃ་ལས་བིརྺ་པ་བསྐྱེད། དེའི་གཡོན་དུ་ཧཾ་ལས་སུ་ཁ་མ་ཧཱ་སིདྡྷི་བསྐྱེད། དེའི་སྟེང་གི་ནམ་མཁའ་ལ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ། དཔའ་བོ་དང་དཔའ་མོར་བཅས་པ་རྣམས། ཏིལ་གྱི་གོང་བུ་ཁ་བྱེ་བ་བཞིན་དུ་བསམས་ནས། དག་ཏུ་རྗེ་བཙུན་བིརྺ་པ་ཧཱུྃ། སུ་ཁ་མ་ཧཱ་སིདྡྷི་ཧཾ། ཞེས་རིང་པོ་བརྗོད་ལ་གསོལ་བ་བཏབ་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། བིརྺ་པ་དང་། སུ་ཁ་མ་ཧཱ་སིདྡྷི་རྣམས་ཀྱི་ཐུགས་ཀ་ནས། ཨོཾ་ཨཱཿཧཱུྃ་གསུམ་མུ་ཏིག་ལྟར་ལ་བརྒྱུས་པ་བཞིན་དུ་སྐྲིག་སྐྲིག་བྱུང་། དམ་པའི་གླིང་བུ་ནས་དབུ་མ་ན་མར་སོང་ནས། ལྟེ་བའི་ཡིག་འབྲུ་ལ་སིབ་སིབ་ཐིམ་པས། མི་ཉན་པ་དང་འཕྲོག་པར་བྱེད་པའེ་ཉམས་ཆགས་ནུས་པ་ཐམས་ཅད་སྨད་པར་བསྒོམས་ནས་དག་ཏུ། བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་མཆིའོ། །ཞེས་མང་དུ་བརྗོད་པས་བདག་མཁའ་འགྲོའི་དབང་དུ་མི་འགྲོ་ཞིང་། མཁའ་འགྲོ་བདག་གི་དབང་དུ་འགྲོ་བའི་གནད་དོ། །དེ་ནས་ཡི་གེ་བཞེ་བཟླས་པའི་བསྐོར་ལ་གཉིས་ཏེ། མཆོག་དང་ཐུན་མོང་ངོ་།
དང་པོ་ལ་ཆོས་དྲུག་ལས་ཐབས་ལམ་ནི། ལྟེ་བའི་ཨ་ལས་ཁ་དོག་དམར་ལ་རེག་བྱ་ཚ་བའི་འོད་ཟེར་འཕྲོས། པདྨ་བཞིའི་ཡི་གེ་ལ་ཕོག །དེ་དག་ཀྱང་དྲོད་ཀྱི་རང་བཞིན་དུ་གྱུར། །ཡིག་འབྲུ་ལྔ་ལས་འོད་འཕྲོས། པདྨ་དྲོད་དུ་གྱུར། དེས་ཁོག་པ་ཐམས་ཅད་འོད་ཟེར་ཚ་བའི་རང་བཞིན་གྱིས་ཁེངས་པར་བསྒོམ། དེ་ནས་ངག་ཏུ་ཧ་རི་ནི་ས་ཞེས་གོང་པས་ཐོས་ཙམ་བཟླས་པ་དང་། ཡིག་འབྲུ་རྣམས་མི་འགོར་བར་པདྨ་བོན་སྐོར་དུ་མྱུར་བར་སྒོ་རོ་འཁོར་བ་ལ་དམིགས་པ་དྲག་པོ་གཏད། དེ་ཡང་ཨའི་འོད་ཟེར་ཡིད་འབྲུ་པདྨ་ཁོང་པ་དང་བཅས་པ། རེག་མི་བཟོད་པ་མགར་གྱི་སོལ་མེ་བཞིན་དུ་བསམས་པ་དང་། ཡིག་འབྲུ་མི་འཁོར་བར། པདྨ་མྱུར་དུ་འཁོར་བ་ལ་དམིགས་པ་རྩེ་གཅིག་ཏུ་གཏད། །སྐབས་སུ་རླུང་གཉིས་ཁ་སྦྱར་ལ་བསྒོམ། དེས་ལུས་མེའི་གོང་བུར་འགྱུར་རོ།
།གཉིས་པ་སྒྱུ་ལུས་རྨི་ལམ་ལ། དང་པོ་སྒྱུ་མ་རང་ཤར་ནི། ལྟེ་བའི་པད་འདབ་ཞི་ཡིག་འབྲུ་དང་བཅས་པའི་འོག་ཏུ། ཆོས་འབྱུང་གྲུ་གསུམ་ནང་དུ་འགྲོ་དྲུག་གི་སེམས་ཅན་བསམས། དེ་ནས་སྐྱབས་འགྲོ་གོད་བཞིན་དུ་བྱས་ནས། བཟླས་པ་བྱ་བ་ནི། པད་འདབ་བཞིའི་ལྟེ་བའི་ཨ་ལས་འོད་འཕྲོས་ཡིག་འབྲུ་བཞིལ་ཐིམ། ཉམས་ཆགས་ནུས་པ་སྨད་ནས་ཡི་གེ་མི་གཡོ་བར། པདྨ་མྱུར་དུ་སྒོ་རོ་རོ་འཁོར་བ་ལ་དམིགས་པ་གཏད་ནས། ལུས་མི་གནས་སྒུལ་བསྐྱོད། དག་མི་གནས་བཟླས་པ། སེམས་མི་གནས་སྒྱུ་མ་ཡིན། རྨི་ལམ་ཡིན་སྙམ་པའི་འདུན་པ་རྩེ་གཅིག་ཏུ་གཏད། དེ་ལྟར་ཨ་དང་ཡིག་འབྲུ་བཞི་ལས་འོད་འཕྲོས། པདྨའི་ནང་གི་ཡིག་འབྲུ་དང་། ཆོས་འབྱུང་ནང་གི་རིགས་དྲུག་ལ་ཕོག །འོད་དུ་གྱུར་པར་བསམས་ནས། འོག་རླུང་བསྐུམ་བྱས་ཏེ། སྒྱུ་མ་རྨི་ལམ་ཡིད་ལ་བསམ་ཞིང་ངག་ཏུ་བརྗོད་ལ། སྤྱོད་ལམ་ཐམས་ཅད་དུ་དེ་ལས་མི་འདའ་བར་བྱའོ།
།དེས་སྒྱུ་མ་རང་ཤར་དུ་བྱུང་ནས། ཆགས་སྡང་ཐམས་ཅད་རང་གྲོལ་ལ་འགྲོའོ། །དེ་ལྟར་ཉམས་སུ་བླངས་པས་དགེ་སྦྱོར་མ་སྐྱེས་པ་སྐྱེ། སྐྱེས་པ་བོགས་ཐོན་ནས་མཐར་ཕྱིན་པར་འགྱུར། དགེ་སྦྱོར་བོགས་འདོན་ལ་འདི་ལས་ཆེ་བ་མེད་གསུང་ངོ་།
།གསུམ་པ། ནུབ་མོ་རྨི་ལམ་འཛིན་པ་ནི། སྐྱབས་འགྲོ་གོང་བཞིན་བྱས་ལ་བཟླས་པ་བྱེད་པའི་ཚེ། ཨའི་འོད་ཀྱིས་བསྲེགས་པ་དང་། པདྨ་འཁོར་བ་ལ་དམིགས་པ་རྩེ་གཅིག་ཏུ་གཏད་ནས། སྒྱུ་མ་རྨི་ལམ་གྱི་དྲན་འདུན་དྲག་པོ་རྩེ་གཅིག་ཏུ་བཏང་། དེ་ནས་གཉིད་དུ་འགྲོ་ཁར་ཡིག་འབྲུ་བཞི་ཨལ་ཐིམ། ཨ་འོད་དུ་ཡལ་སོང་པ་ལ་གཉིད་ལོག་པས་རྨི་ལམ་མི་ཟིན་མི་སྲིད་དོ།
།བཞི་པ་འོད་གསལ་ནི། ཉིན་པར་བཟླས་པ་བྱེད་པའི་ཚེ། ཨའི་འོད་ཀྱིས་ཡིག་འབྲུ་འོད་དུ་གྱུར། ཨ་དང་ཡིག་འབྲུ་པདྨའི་འོད་ཀྱིས་ཁོང་པ་ཁེངས་པར་བསམས། དེ་ནས་ལྟེ་བའི་རྣམ་པར་ཤེས་པའི་རང་བཞིན་གྱི་ཡི་གེ་ཨ་དཀར་པོ་སྐྱེ་བ་མེད་པ་དེ་ལ། ཉིན་པར་མ་ཡེངས་པར་སེམས་གཏད། དེ་ནས་ནུབ་མོ་ཡང་དམིགས་པ་དྲག་ཏུ་གཏད་པས། གསལ་ལ་རྟོག་མེད་དུ་བསྒོམ། གཉིད་དུ་འགྲོ་ཁར་ཡིག་འབྲུ་བཞི་ཨ་ལ་ཐིམ། ཨ་འོད་ཀྱི་རང་བཞིན་ལ་དམིགས་པ་རྩེ་གཅིག་ཏུ་གཏད་ནས། གཉིད་དང་རྨི་ལམ་བར་དུ་རྟོག་པ་མ་ཚུད་པར་ཉམས་སུ་བླངས་པས། འོད་གསལ་མི་འཆར་མི་སྲིད་དོ། །ཤར་ནས་མཆོར་མི་སྲིད་གསུང་ངོ་།
།ལྡ་པ་བར་དོ་ནི། ལྟེ་བའི་ཨ་ལ་ས་འོད་འཕྲོས། ཡིག་འབྲུ་བཞི་ངོ་བོ་ཡིག་འབྲུལ་རྣམ་པ་ལྷ་ཞལ་གཅིག་ཕྱག་གཉིས་པ། གཡས་གྲི་གུག་གཡོན་ཐོད་ཁྲག་བསྣམས་པའི་སྐུ་ལ་ཕོག་པས་འོད་དུ་གྱུར་པར་བསམས་ནས། གསལ་ལ་རྟོག་མེད་རང་ཤར་དེ་ལ་མ་ཡེངས་པར་བྱས་ནས། རེས་བཟླས་པ་བྱ། རེས་གསལ་ལ་རྟོག་མེད་ཀྱི་ངང་ལ་བཞག་པར་བྱ། ཅིར་སྣང་ཅིར་གྲགས་ཐམས་ཅད་བར་དོར་ལམ་དུ་འཁྱེར་བར་བྱའོ། །དེས་རྨི་ལམ་དུ་ལྷ་སྐུ་རང་ཤར་དུ་མི་འབྱུང་མི་སྲིད་དོ། །དེ་བྱུང་བ་དང་བར་དོར་ལོངས་སྤྱོད་རྫོགས་པའི་སྐུར་སངས་མི་རྒྱ་མི་སྲིད་དོ།
།དྲུག་པ་འཕོ་བ་ནི། སྐྱབས་འགྲོ་དང་བཟླས་པ་བདེ་བ་བསྡུ་བ་རྣམས་བྱས་པའི་རྗེས་ལ། སྤྱི་བོར་བུག་པ་འཕང་ལོ་ཙམ་གཅིག་བསམ། དེ་ནས་ཡིག་འབྲུ་བཞི་རྣམ་པར་ཤེས་པའི་ངོ་བོ་ཨ་དཀར་པོ་དེ་ལ་ཐིམ། ཨ་དེ་འཕིར་ལ་ཁད་འདུག་པ་དང་། སྐར་མདའ་ཆད་པ་བཞིན་ཚངས་བུག་ནས་ཡར་རྒྱངས་སོང་ནས། ནམ་མཁའ་ལ་འོད་དུ་ཡང་སོང་པར་བསམ། དེ་འདྲ་བ་ཉི་ཤུ་རྩ་གཅིག་རེ་ལ་ཐུན་རེར་བྱས་ལ་བསྒོམ། ནམ་འཆི་བའི་དུས་སུ་སེང་གེའི་ཉལ་ཐབས་བྱས་ནས་གོང་བཞིན་དུ་འཕོས་པས། མཁའ་སྤྱོད་དུ་མི་འགྲོ་མི་སྲིད་དོ། །སྡིག་པོ་ཆེ་བཙན་ཐབས་སུ་སངས་རྒྱ་བའི་གནད་དོ།
།གཉིས་པ་ཐུན་མོང་ནི། སྐྱབས་སུ་འགྲོ་བ་གོང་བཞིན་བྱས་ལ། བཟླས་པ་བྱ་བ་ནི། ལྟེ་བའི་པདྨ་འདབ་བཞི་དང་། །ལྟེ་བའི་ཡི་གེ་ལས་འོད་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དབང་གི་ཕྲིན་ལས་བཀུག་ནས་ཡི་གེ་རྣམས་ལ་བསྟིམ། ཡང་འོད་འཕྲོ་མཁའ་འགྲོ་སྡེ་ལྔ་དང་། རྒྱལ་པོ་ཆེན་པོ་བཞི། ཕྱོགས་སྐྱོང་བཅུའི་དབང་གི་ནུས་པ་ཐམས་ཅད་བསྟིམ། ཡང་འོད་འཕོས་འཇིག་རྟེན་གྱི་འདོད་ཡོན་ལྔ་བསྡུས་ལ་བསྟིམ། དེ་ནས་ཡིག་འབྲུ་རྣམས་ནུས་པ་དང་ལྡན་པ་དེ་ལས་འོད་དམར་པོ་འཕྲོས། བསྒྲུབ་བྱ་བཀུག་ལ་ཡིག་འབྲུ་བཞི་ལ་བསྟིམ་མོ།
།དེ་ནས་པདྨའི་ལྟེ་བའི་ཨ་ལས་འོད་ཟེར་འཕྲོས། ངོ་བོ་ལྷ་མོ། རྣམ་པ་ཡིག་འབྲུའི་གསང་གནས་སུ་ཕོག་པས། འཁྲོག་པའི་ནུས་པ་བཅག་ནས་བདེ་ཕྲིལ་ཕྲིལ། འོད་དུ་ལྟེམ་ལྟེམ་འདུག་པར་བསམས། དེ་ཡང་ཡི་གེ་མི་འཁོར་བར་པདྨ་གཡས་བསྐོར་དུ་མྱུར་བར་འཁོར་བར་བསམ་ལ། ལུས་མི་གནས་སྒུལ་བསྐྱོད། ངག་མི་གནས་བཟླས་པ་བྱ། ཡིད་མི་དནས་ཆོས་ཉིད་དང་བྱམས་ཆགས་ཀྱི་འདུན་པ་ལ་མཉམ་པར་བཞག་པའོ།
དེ་ནས་འཕྲོ་གཅོད་པ་དང་། ལྟེ་བའི་ཨ་ལས་འོད་འཕྲོས། ལྷའི་བུ་མོ་ནམ་མཁའི་ཁམས་ཁེངས་པའི་གསང་གནས་སུ་ཕོག་པས་བདེ་བས་བརྒྱལ་ནས། གསང་གནས་ནས་བྱང་སེམས་བདེ་བའི་རང་བཞིན་དམར་ན་ར་ར་བྱུང་ནས་ཚངས་བུག་ན་མར་བྱུང་། ལྟེ་བའི་པད་འདབ་བཞིའི་ཡིག་འབྲུ་ལྔ་ལ་ཐིམ་པ་དང་། བདེ་ཕྲིལ་ཕྲིལ་བྱུང་བར་བསམས་ནས། འོག་རླུང་བསྐུམ་བྱས་པ་དང་བདེ་ཕྲི་ལི་ལི་བྱུང་པར་བསམ། དེ་བཞིན་དྲི་ཟ་དང་བྲམ་ཟེ་དང་གདོལ་པ་དང་ཀླུ་ལ་སོགས་པའི་བདེ་བདྲུག་པོ་བཀུད་ལ་བསྟིམ་མོ།
དེ་ནས་ཡིག་འབྲུ་བཞི་ཨ་ལ་ཐིམ། ཨ་དེ་དབུ་མ་ནས་སྤྱི་བོ་ན་ཡར་རྒྱངས་སོང་པར་བསམས་ལ། ཨ་དེ་འོད་དུ་ཡལ་སོད་པ་དང་ལུས་ཀྱི་འཁྲུལ་འཁོར་དང་ལྡན་པར་རྫོགས་རིམ་བསྒོམ་པར་བྱའོ།
།དེ་ནས་བསྙེན་པ་འབུམ་ཚོ་གསུམ་སོང་ནས་ཉེ་སྒྲུབ་ལ་འཇུག་པ་ནི། རང་རྗེ་བཙུན་མར་བསམས་ལ་སྐྱབས་སུ་འགྲོ་བ་དང་། བཟླས་པ་དང་བདེ་བ་བསྡུ་བ་རྣམས་བྱས་ལ། སྒྲུབ་བྱ་གང་ཡིན་མདུན་དུ་བསམ་པའམ། ཡོད་ནའི་ཆོས་འབྱུང་ནང་དུ་པད་འདབ་བཞི་ཡི་གེ་དང་བཅས་པ་རང་ཇི་ལྟར་བསྒོམས་པ་བཞིན་བསམ་ནས། ངག་ཏུ་ཧ་རི་ནི་ས་དགའ་ཞེས་བརྗོད་པ་དང་། ཡི་གེ་བཞི་ལས་འོད་དམར་པོ་འཕྲོས་རྩ་བོ་ཆེ་དང་རྩ་ཕྲན་ཐམས་ཅད་ན་ཡར་སོང་པ་དང་། བདེ་བས་བརྒྱལ་ནས་བདེ་ཕྲིལ་ཕྲིལ། དམར་ལྟེམ་ལྟེམ་པའི་གསང་གནས་ནས་འབྱུང་བཞིའི་དྭངས་མ་བྱང་སེམས་དམར་བ་ཐེམ་བུ་བཏང་བཞིན་ན་ར་ར་བྱུང་ནས། རང་རྗེ་བཙུན་མར་བསམས་པའི་མཐེ་བོང་གཡས་པའི་འོག་ཏུ་ཧྲིལ་ཧྲིལ་བྱུང་པར་བསམས་ནས། ལུས་མི་གནས་སྒུལ་བསྐྱོད། ངག་མི་གནས་བཟླས་པ། སེམས་མི་གནས་ཆོས་ཉིད་དང་བྱམས་ཆགས་ལ་མཉམ་པར་བཞག །དེ་ནས་སྒྲུབ་བྱ་དང་རང་གཉིས་འོད་ཟེར་དམར་པོའི་འོད་དཀྲུག་དཀྲུག་འདུག་པར་བསམ་ལ། སྒྲུབ་བྱ་གསང་གནས་སུ་བསྟིམ་མོ།
།དེ་ནི་བིརྺ་པའི་མུ་ཏྲ་དགུག་པའི་ལས་སྦྱོར་ཡིན་ནོ། །ཞལ་གདམས་ཡི་གེར་བཀོད་པ་ལ། །དཔའ་བོ་མཁའ་འགྲོས་བཟོད་པར་དསོལ། །ཨྀཐིཿ །། །།