Zhal gsung bla ma rgyang 'bod

From Shangpa Resource Center








Resource ID KRK9
Title zhal gsung bla ma rgyang 'bod
Topics Prayer
Sub-Topics gsol 'debs
Author Kalu Dorjé Chang

༄༅། །ཞལ་གསུང་བླ་མ་རྒྱང་འབོད།

ན་མོ་གུ་རུ་བྷྱཿ
ལས་སྨོན་རྟེན་འབྲེལ་ཟབ་མོའི་རྗེས་སུ་བཟུང་། །སྡུག་བསྔལ་འཁོར་བའི་རྒྱ་མཚོ་དོངས་ནས་སྤྲུག །གཏན་བདེ་ཐར་ལམ་འདྲེན་པའི་ཤིང་རྟ་ཆེ། །བཀའ་དྲིན་འཁོར་མེད་བླ་མ་ཁྱེད་མཁྱེན་ནོ།
།ཐོག་མེད་ལས་ཉོན་འཁྲུལ་པའི་རྒྱུན་ཐག་གཅོད། །སྡོམ་གསུམ་བཅས་པས་འཁོར་བའི་ལམ་ལས་ཟློག །སྨིན་གྲོལ་གདམས་པས་རང་རྒྱུད་ཆོས་ལ་སྦྱོར། །འདྲེན་མཆོག་རྒྱལ་པོ་བླ་མ་ཁྱེད་མཁྱེན་ནོ།
།ཤེས་རབ་མེ་ཡིས་མ་རིག་ཚང་ཚིང་བསྲེག །རང་རིག་ཆོས་སྐུའི་རང་ཞལ་མངོན་སུམ་སྟོན། །ཚེ་འདིར་ཟུང་འཇུག་རྒྱལ་སར་བཀོད་མཛད་པས། །རིགས་ཀུན་ཁྱབ་བདག་བླ་མ་ཁྱེད་མཁྱེན་ནོ།
།དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་བླ་མ་རྗེ། །དངོས་གྲུབ་མ་ལུས་སྟེར་མཛད་བླ་མ་རྗེ། །དགོས་འདོད་ཀུན་གྱི་འབྱུང་གནས་བླ་མ་རྗེ། །སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་འདེབས།
།བདག་སོགས་མརྒན་འགྲོ་དྲུག་སེམས་ཅན་རྣམས། །སྡུག་བསྔལ་འཁོར་བའི་འདམ་ལས་མྱུར་སྒྲོལ་ཏེ། །བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོའི་སྤང་རྟོགས་དང་། །དབྱེར་མེད་ཐུགས་ཡིད་འདྲེས་པར་བྱིན་གྱིས་བརློབས།
།ཅེས་པའང་འབྲུག་བྱང་ཆུབ་གླིང་ངམ་དར་གླིང་དགེ་སྦྱོར་ལ་བརྩོན་པའི་འདུས་པ་བཅུ་གསུམ་གྱིས་ཡང་ཡང་བསྐུལ་བའི་ངོར། ཐར་ལམ་འདྲེན་པའི་བླ་མ་ཐུགས་རྗེ་ཅན་ལ་གསོལ་འདེབས་རྒྱང་འབོད་དུ་བྱ་བ་ཀརྨ་རང་བྱུང་ཀུན་ཁྱབ་པས་ཤར་མར་དུ་སྤེལ་དགེ། །།