'dra ba drug gi glu chung mos ldan snying gi gdung sel

From Shangpa Resource Center








Resource ID Bok3
Title 'dra ba drug gi glu chung mos ldan snying gi gdung sel
Topics Chant
Author Bokar Rinpoché

༈ །།འདྲ་བ་དྲུག་གི་གླུ་ཆུང་མོས་ལྡན་སྙིང་གི་གདུང་སེལ་ཞེས་བྱ་བ་བཞུགས་སོ།

།ཁྱེད་སྐལ་སྡན་ལས་ཅན་ཕོ་མོ་རྣམས། །དལ་འབྱོར་གྱི་མི་ལུས་རིན་ཆེན་ཐོབ། །ཚད་ལྡན་བླ་མ་རྗེ་དང་མཇལ། །ཟབ་རྒྱས་སྨིན་གྲོལ་གདམས་པ་ཐོབ། །ད་ཉམས་ལེན་འབད་འབུངས།འདོན་པར་འཚལ། །བླ་མ་འདི་ནམ་མཁའི་ཉི་མ་དང་འདྲ་འདུག །ཐེ་ཚོམ་ལོག་རྟོགས་ཀྱིས་མ་སྒྲིབ་ན། །ཐུགས་རྗེའི་འོད་ཟེར་རྒྱུན་ཆད་མེད། །དད་མོས་གདུང་བས་གསོལ་བ་ཐོབ། །དག་སྣང་འདི་མིག་གི་འབྲས་བུ་དང་འདྲ་འདུག །ང་རྒྱལ་སྐྱོན་རྟོག་གིས་མ་སྒྲིབ་ན། །འགྲོ་ཀུན་ཡོན་ཏན་འབྱུང་གནས་ཡིན། །ཕྱོགས་མེད་ཀྱི་དག་སྣང་འབྱོང་བར་འཚལ། །སེམས་བསྐྱེད་འདི་དཀར་པོའི་ས་བོན་དང་འདྲ་འདུག །རང་དོན་ཡིད་བྱེད་ཀྱིས་མ་བསླད་ན། །རྫོགས་པའི་བྱང་ཆུབ་འདི་ལས་འབྱུང་། བྱང་ཆུབ་སེམས་གཉིས་རྟག་ཏུ་སྒོམ། །བདག་འཛིན་འདི་མ་མཐོང་དགྲ་བོ་དང་འདྲ་འདུག །དྲན་ཤེས་གཉེན་པོ་མ་བསྟེན་ན། །སྡུག་བསྔལ་གནས་ལས་ཐར་དུས་མེད། །དེ་ཕྱིར་རང་རྒྱུད་འདུལ་བར་མཛོད། །སེམས་ཉིད་འདི་མཐའ་ཡས་རྒྱ་མཚོ་དང་འདྲ་འདུག །མཚན་འཛིན་རྦ་རླབས་མ་གཡོས་ན། །ཆོས་ཉིད་ངོ་བོ་རོ་གཅིག་ཡིན། །སྤང་བླང་དགག་སྒྲུབ་མེད་པར་འཚལ། །རང་སེམས་འདི་ཡིད་བཞིན་གྱི་ནོར་བུ་དང་འདྲ་འདུག །འཁྲུལ་པའི་དྲི་མས་མ་བསླད་ན། །དགོས་འདོད་ཐམས་ཅད་འདི་ལས་འབྱུང་། །རྟག་ཏུ་ཕྱག་རྒྱ་ཆེན་པོ་སྒོམ། །འདི་ཕྱི་བར་དོ་ཐམས་ཅད་དུ། །བླ་མའི་ཐུགས་དང་རང་གི་སེམས། །ཐ་དད་མ་ཡིན་རང་རིག་འདི། །མ་ཡེངས་མི་འཛིན་རང་བབ་ངང་། །གདོད་མའི་ཆོས་སྐུ་མངོན་གྱུར་ཤོག
།ཅེས་འདྲ་བ་དྲུག་གི་གླུ་ཆུང་མོས་ལྡན་སྙིང་གི་གདུང་སེལ་ཞེས་བྱ་བ་འདི་ཕ་རན་སི་ནི་གུ་གླིང་གི་སྒྲུབ་སྡེ་མ་རྣམས་ཀྱི་ཐུགས་འདོད་ལྟར་འབོ་དཀར་སྤྲུལ་མིང་ཀརྨ་ངེས་དོན་ཆོས་ཀྱི་བློ་གྲོས་ཀྱིས་སོ།

༈ །སྐྱབས་གནས་ཀུན་འདུས་སངས་རྒྱས་ཀརྨ་པ། །རིག་པའི་རྡོ་རྗེ་ཞབས་ལ་གསོལ་བ་འདེབས། །བདག་སོགས་འགྲོ་བའི་བློ་སྣ་ཆོས་ལ་བསྒྱུར། །ཐར་པའི་ལམ་སྣ་ཟིན་པར་བྱིན་གྱིས་རློབས།
།དལ་འབྱོར་རྙེད་དཀའ་འཆི་བ་མི་རྟག་དང་། །ལས་འབྲས་བསླུ་མེད་འཁོར་བའི་ཉེས་དམིགས་བཅས། །ཡང་ཡང་བསྒོམས་པས་ཞེན་ལོག་ངེས་འབྱུང་གིས། །ལོང་མེད་བློ་སྣ་ཐུང་བར་བྱིན་གྱིས་རློབས།
།དཀོན་མཆོག་སྐྱབས་འགྲོ་ཐེག་ཆེན་བྱང་ཆུབ་སེམས། །སྒྲིབ་སྦྱོང་རྡོར་སེམས་ཚོགས་གསོག་མཎྜལ་དང་། །ཟབ་ལམ་མོས་གུས་བླ་མའི་རྣལ་འབྱོར་ལ། །བརྩོན་པས་ཕྱག་ཆེན་རྟོགས་པར་བྱིན་གྱིས་རློབས།
།ཡོན་ཏན་ཀུན་གཞི་ཚུལ་ཁྲིམས་རིན་པོ་ཆེ། །སྙིགས་དུས་ཉེས་སྤྱོད་དྲི་མས་མ་བག་པར། །བསྟན་དང་སྟོན་པ་གཉིས་ལྡན་བསླབ་པ་ལ། །གུས་པ་ལྷུར་ལེན་མིག།འབྲས་ལྟར་སྲུང་ཤོག
།ཉམ་ཐག་འགྲོ་ལ་སྙིང་ནས་བརྩེ་བ་ཡིས། །མཐོང་ཐོས་དྲན་རེག་འབྲེལ་བའི་སེམས་ཅན་ཀུན། །སྡུག་བསྔལ་ཀུན་བྲལ་ཐར་པའི་སར་འགོད་པའ། །སྨོན་འཇུག་བྱང་ཆུབ་སེམས་མཆོག་སྐྱེ་བར་ཤོག
།ཐ་མལ་སྣང་གྲགས་རྟོག་པའི་ཆོས་རྣམས་ཀུན། །གདོད་ནས་རྣམ་དག་ལྷ་སྔགས་ཡེ་ཤེས་ཀྱི། །རོལ་པར་ཤེས་པས་འཁྲུལ་པ་ཀུན་ཟད་དེ། །རིམ་གཉིས་དབང་དོན་ཡེ་ཤེས་བརྙེས་པར་ཤོག
།དུས་གསུམ་རྒྱལ་བའི་དགོངས་པ་རང་གི་སེམས། །ཐ་མལ་ཤེས་པ་རྗེན་པའི་རང་ངོ་ལ། །མ་ཡེངས་མི་སྒོམ་ལྷུག་པའི་ཉམས་ལེན་གྱིས། །ཚེ་འདིར་གཉུག་མའི་བཙན་ས་ཟིན་པར་ཤོག
།མདོར་ན་འདི་ནས་བྱང་ཆུབ་སྙིང་པོའི་བར། །རྣམ་དག་ལྟ་བ་སྤྲོས་པ་ཀུན་བྲལ་ཞིང་། །ཡེ་ཤེས་རང་གསལ་སྒོམ་པ་མཐའ་རུ་ཕྱིན། །ལས་འབྲས་ལྷུར་ལེན་རྒྱལ་སྲས་སྤྱོད་པ་ཡིས། །སྐུ་གཉིས་འབྲས་བུ་ཐོབ་པར་བྱིན་གྱིས་རློབས།
།ཞེས་ཧོང་ཀོང་ཆོས་ཚོགས་བླ་བསྐོས་བླ་མ་སྐལ་བཟང་ནས་བསྐུལ་བཞིན་གང་དྲན་གསོལ་འདེབས་ཀྱི་ཚུལ་དུ་འབོ་སྤྲུལ་པས་བྲིས་པའོ།།

༈ །།འོད་གསལ་རང་བཞིན་འཁོར་འདས་ཀུན་ལ་ཁྱབ། །འོད་གསལ་གནས་ལུགས་བླ་མ་དམ་པས་སྟོན། །འོད་གསལ་ཕྱག་ཆེན་སྒོམ་པའི་སྐལ་ལྡན་རྣམས། །འོད་གསལ་བྱང་ཆུབ་སྙིང་པོར་འཚང་རྒྱ་ཤོག
།རྒྱལ་བས་གདུལ་བྱའི་མོས་ཁམས་དང་མཚུངས་པའི། །མདོ་སྔགས་ཆོས་ཚུལ་རྣམ་གྲངས་དཔག་མེད་ཀྱང་། །གཅིག་བཞག་གཉིས་སྒྲུབ་གཏད་སོ་གཅིག་ཀྱང་མེད། །དེ་བས་ཉམས་ལེན་གཅིག་ལ་འབད་ན་ལེགས།
།ཚིག་སྙན་དོན་ཟབ་ལྟ་བ་མཐོན་པོའི་ཆོས། །ཐོབ་འདོད་རྩོལ་བས་ལུས་སེམས་མི་དུབ་པར། །རང་བློར་འཚམས་པའི་གང་ཐོབ་དམ་ཆོས་ལ། །ངེས་ཤེས་ཉམས་ལེན་བགྱིས་དང་སེམས་ལ་ཕན།
ཞེས་པའང་འབོ་དཀར་སྤྲུལ་མིང་ཀརྨ་ངེས་དོན་ཆོས་ཀྱི་བློ་གྲོས་ཀྱིས་སོ།།