Bde mchog mkha' spyod rig 'dzin

From Shangpa Resource Center








Resource ID SCv7p369
Title bde mchog mkha' spyod rig 'dzin
Topics Chakrasamvara
Sub-Topics Sadhana
Author Ghantapa
Associated Person Khyungpo Neljor
Link BDRC W23922
BDRC W3CN18508 (v2p.416)

༄༅། །བདེ་མཆོག་མཁའ་སྤྱོད་རིག་འཛིན་བཞུགས་སོ།།

ཤྲཱི་ཧེ་རུ་ཀ་ན་མོ།
འཁོར་ལོ་བདེ་མཆོག་བསྒོམ་པར་འདོད་པས། དང་པོ་སྟན་བདེ་བ་ལ་རྡོ་རྗེ་སྐྱིལ་ཀྲུང་བྱ། ལག་པ་༼ལྟེ་འོག་ཏུ་༽མཉམ་བཞག་བྱས་ལ། ལུས་དྲང་པོར་འདུག་སྟེ། མིག་སྣའི་རྩེ་མོར་བལྟ། ལྕེའི་རྩེ་མོ་ཡ་སོའི་རྩར་རླན་ཏེ། གཉེན་འདུན་འཁོར་དང་སྡེ་རིགས་༼དང་ཁང་ཁྱིམ་ཡུལ་གཞིས་༽ལ་སོགས་པ་ཕྱི་ནང་གི་དངོས་པོ་ཐམས་ཅད་ལ་ཆགས་༼པ་དང་༽ཞེན་༼པ་ཐམས་ཅད་༽སྤང་ངོ་།
།དེ་ནས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱམ་ཚོ་ཆེན་པོ་ལས་བསྒྲལ་ལ་ཐར་པ་བླ་ན་མེད་པ་ཡང་དག་པར་རྫོགས་པར་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར། བདེ་མཆོག་འཁོར་ལོ་རང་བྱིན་གྱིས་བརླབ་པར་བསྒོམ་པར་བྱ་སྙམ་དུ་སེམས་བསྐྱེད་པར་བྱའོ།
།དེ་ནས་ཨོཾ་སྭ་བྷཱ་ཝ་ཤུདྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྷོ྅ཧཾ། ཞེས་བྱ་བའི་སྔགས་ཡིད་ཀྱིས་བརྗོད་པའི་དོན་དྲན་པས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་བསྒོམ་མོ།
།དེ་ནས་སྐད་ཅིག་གིས་བཅོམ་ལྡན་འདས་དཔལ་བདེ་མཆོག་འཁོར་ལོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་གཡོན་དྲིལ་བུ་གཟུང་ནས་ཡུམ་རྡོ་རྗེ་ཕག་མོ་ལ་འཁྱུད་པའོ། །དཔྲལ་བ་ན་ཕར་ལ་ཐོད་པ་ལྔའི་ཕྲེང་བའི་གོང་འོག་གཉིས་སུ་རྡོ་རྗེའི་ཕྲེང་བས་བཅིངས་པ། རལ་པའི་ཅོད་པན་ལ་སྣ་ཚོགས་རྡོ་རྗེའི་རྒྱ་གྲམ་དང་དེའི། འོག་ཏུ་ཐུབ་པ་མི་བསྐྱོད་པ་༼སྤྲུལ་སྐུ་༽སྐུ་མདོག་སྔོན་པོའི་སྤྱི་བོར་རིན་པོ་ཆེ་དང་༼དབང་གི་རྒྱལ་པོའི་གདན་༽པདྨ་ར་ག་དམར་པོས་བརྒྱན་པ། རལ་པའི་ཅོད་པན་གྱི་གཡོན་གྱི་ཆར་ཟླ་བ་ཕྱེད་པས་མཚན་པའོ།
།སྤྱི་བོར་རུས་པའི་འཁོར་ལོ་དང་ རྣ་བརྒྱན་དང་ མགུལ་རྒྱན་དང་ ལག་རྒྱན་དང་ དོ་ཤལ་དང་ སེ་མོ་དོ་དང་ མི་སྐྲའི་ཚངས་སྐུད་དང་སྐུ་ལ་ཐལ་བས་བྱུགས་པ་སྟེ། ཕྱག་རྒྱ་དྲུག་གི་བརྒྱན་པའོ། །ཐོད་རློན་ལྔ་བཅུའི་དོ་ཤལ་དང་ སྟག་གི་པགས་པའི་ཤམ་ཐབས་ཅན་ནོ། །ཞབས་གཡས་བརྐྱང་པས་འདོད་པའི་ལྷ་མོ་དུས་མཚན་དམར་མོ་ གཡས་གྲི་གུག་ གཡོན་ཐོད་པ་བསྣམས་པའི་སྙིང་གར་མནན་པ། ཞབས་གཡོན་བསྐུམ་པས་འདོད་པའི་ལྷ་འཇིགས་བྱེད་ནག་པོ་ཕྱག་གཡས་རྡེའུ་ཆུང་ གཡོན་པར་རྩེ་གསུམ་བསྣམས་པའི་སྐེ་བཏབ་ནས་རྣ་བ་གཡོན་གྱི་སྟེང་དུ་མནན་པའོ།
།ཡུམ་རྡོ་རྗེ་ཕག་མོ་ཞལ་གཅིག་ཕྱག་གཉིས་མ་གཡས་རྡོ་རྗེ་བཅས་པའི་སྡིགས་འཛུབ་བརྐྱངས་པ། གཡོན་དུ་ཐོད་པ་བདུད་བཞིའི་ཁྲག་གིས་བཀང་བ་བསྣམས་ནས་ཡབ་ལ་འཁྱུད་པའི་ཚུལ་གྱིས་ཞལ་དུ་སྟོབས། ཐོད་པ་ཅུང་ཟད་སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། དཔྲལ་བར་ཐོད་པ་ལྔའི་ཕྲེང་བའི་གོང་འོག་གཉིས་སུ་རྡོ་རྗེ་ཕྲེང་བས་བཅིངས་པའོ།
།སྤྱི་བོར་རྣམ་པར་སྣང་མཛད་ཀྱི་ཅོད་པན་ཅན། སྡོང་པོ་ལ་འཛེག་པ་ལྟར་བྱིན་པ་གཉིས་འཁྱུད་པ། སྐྲ་གྲོལ་བ་གཅེར་བུ་ཕྱག་རྒྱ་ལྔས་རྣམ་པར་བརྒྱན་པའོ། ༼དེ་ལྟར་ཡབ་ཡུམ་གཉིས་སྣང་ལ་རང་བཞིན་མེད་པ། གསལ་ལ་རྟོག་པ་མེད་པའི་ཟུང་འཇུག་འོད་ཀྱི་རང་བཞིན་དེ་ལ་རྩེ་གཅིག་ཏུ་བསྒོམ་མོ་༽ །དེ་ལྟར་བསྒོམས་༼པས་སྐྱོ་ན་༽ནས་ཡབ་ཡུམ་གཉིས་སྙོམས་འཇུག་བྱས་པས་དེའི་སྟོབས་ཀྱིས་བྱང་སེམས་ནོར་བུའི་བུམ་པར་ཕྱིན་པའི་ནང་དུ་སྣང་སྲིད་༼ཐིག་ལེ་དེ་ལ་༽ཐམས་ཅད་བསྡུའོ།
།དེ་ནས་རང་ཉིད་བདེ་མཆོག་ཏུ་གནས་པའི་སྙིང་ཁར་ཧཱུྃ་བསམ། ཡུམ་རྡོ་རྗེ་ཕག་མོ་ཡང་རང་གི་ལུས་ལ་གྲིབ་མ་ཞ་༼བའི་༽ཚུལ་དུ་བསྡུའོ།
།རང་ཉིད་བདེ་མཆོག་ཀྱང་སྐུ་སྟོད་དང་ སྐུ་སྨད་ནས་འདུས་ནས་ཐུགས་ཀའི་ཧཱུྃ་ལ་བསྡུ། ཧཱུྃ་ཡང་ཨུ་ལ་བསྡུ། ཨུ་ཧཱ་ལ་བསྡུ། ཧ་མགོ་ལ་བསྡུ། མགོ་ཟླ་ཕྱེད་ལ་བསྡུ། དེ་ཐིག་ལེ་ལ་བསྡུ། ཐིག་ལེ་ཡང་ཇེ་ཆུང་ཇེ་ཕྲ་ལ་ནཱ་ད་སྐྲའི་རྩེ་མོ་བརྒྱར་བཤགས་པའི་ཚད་ཙམ་དུ་བསམ། དེ་ནས་ན་ད་དེ་ཡང་མི་དམིགས་པར་བྱ་སྟེ། ཡོད་མེད་ཀྱི་མཐའ་ཐམས་ཅད་དང་བྲལ་བར་བསྒོམ་པར་བྱའོ།
།དེ་ལས་ཅུང་ཟད་སེམས་འཕྲོན་གོང་ལྟར་ཡང་ཡང་བསྡུ་ཞིང་བསྒོམ་མོ། ༼དེ་ལས་རྣམ་རྟོག་༽མི་འཕྲོ་ན་དེ་ཉིད་རང་ལ་བློ་གཏད་དེ་༼རྟོག་མེད་དེ་ཁོ་ན་ལྟར་༽བསྒོམ་མོ།
།རྟག་ཏུ་འདི་༼བསྐྱེད་རྫོགས་༽བསྒོམ་པའི་རྣལ་འབྱོར་པ་ལ་ཕྱག་དང་སྐོར་བ་དང་། བཟླས་བརྗོད་གཏོར་མ་ལ་སོགས་བྱ་མི་དགོས་སོ། །རྣམ་རྟོག་ཤས་ཆེ་ན་བག་ཙམ་བྱས་བྱའང་འགལ་བ་མེད་དོ། །རྟག་ཏུ་༼འདི་༽བསྒོམས་པས་ནི། །ཐེག་པ་གོང་འོག་གི་སྡོམ་པ་༼ཉམས་པ་༽ཡང་སྐོངས་སོ། །འདི་ལྟར་བསྒོམས་པས་དང་པོར་ལུས་ཡང་ཞིང་ཟོ་མདོག་བདེ་བ་དང་ཤིག་༼དང་ནང་གི་སྲིན་བུ༽མེད་པ་དང་ དྲི་མ་མེད་པ་དང་ ༼ལྷ་མིག་ལ་སོགས་༽མངོན་ཤེས་དྲུག་ཀྱང་འབྱུང་ངོ་།
།དེ་ནས་ལུས་ཡང་བརྩིག་པ་༼དང་ས་ཆུ་མེ་རླུང་༽ལ་༼སོགས་པ་༽ཐོག་སྡུག་མེད་པ་དང་ལུས་འཇ་འཚོན་ལྟ་བུར་གྱུར་ནས་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་༼བདེ་སྟོང་དབྱེར་མེད་མཐར་ཕྱིན་པའི་༽མཆོག་གི་དངོས་གྲུབ་༼མཁའ་སྤྱོད་༽དཔལ་བདེ་མཆོག་ཐོབ་པར་འགྱུར་རོ།
།དེ་ཡང་རྣམ་༼རྟོག་༽ཆེས་ནས་སྔགས་བཟློས་ན། རང་ཉིད་བདེ་མཆོག་ཏུ་བསྒོམས་པའི་ཐུགས་ཀར་པདྨ་ཉི་མའི་དབུས་སུ་ཧཱུྃ་སྔོན་པོ་ཅིག་བསམས་ལ། དེའི་མཐའ་མ་ན་ཕར་ལ་ ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཅེས་པའི་སྔགས་ཀྱིས་གཡོན་བསྐོར་དུ་བསྐོར་བ་དེ་ལ་དམིགས་ཏེ་བཟླས་བརྗོད་བྱའོ།
།གཏོར་མ་འབུལ་ན། གཏོར་མ་ཡི་གེ་གསུམ་གྱི་བཟླས་བརྗོད་ཀྱིས་བདུད་རྩིར་སྦྱངསལ། གཏོ་མའི་སྟེང་དུ་རང་དང་འདྲ་བའི་བདེ་མཆོག་སྐད་ཅིག་གིས་བལྟ་སྟེ། ཉེ་སྙིང་༼ལ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་ལ་༽ལན་བདུན་བརྗོད་པས་དབུལ་ལོ།
།དེ་ནས་བདེ་མཆོག་རང་ལ་བསྡུའོ། །སེ་གོལ་གདབ་ གཏོར་མ་བཏང་བར་བྱའོ།
།བདེ་མཆོག་མཁའ་སྤྱོད་རིག་འཛིན་རྫོགས་སོ།
།བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། སློབ་དཔོན་ཀླུ་སྒྲུབསློབ་དཔོན་རྡོ་རྗེ་དྲིལ་བུ་པ་འདི་སྒོམ་པས་མཁའ་སྤྱོད་དུ་གཤེགས་པ་ཡིན་གསུང་། པཎྜིཏ་དགའ་རབ་རྡོ་རྗེབླ་མ་རྡོ་རྗེ་གདན་པཤངས་པ་ཆེན་པོ། དེ་མན་སྤྱི་དང་མཐུན་ནོ།