Bka' brgyud kyi phyag len bde chen snye ma'i chun po

From Shangpa Resource Center








Resource ID SCv2p205
Title dpal ldan shangs pa bka' brgyud kyi gzhung bka' phyi ma rnams phyogs gcig tu bsgril ba'i phyag len bde chen snye ma'i chun po
Topics Initiation
Sub-Topics Mahamudra Gauma, Immortality, Integration, Kechari, Secret sadhana, Sukhasiddhi, Combined Accomplishment of the Four Deities, Chadrupa
Author Losel Tenkyong
Associated Person Ngawang Chödrak
Niguma
Jetsün Taranatha
Link BDRC W23922
BDRC W23605
BDRC W8LS16295 (p.625)

༄༅། །དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་གཞུང་བཀའ་ཕྱི་མ་རྣམས་ཕྱོགས་གཅིག་ཏུ་བསྒྲིལ་བའི་ཕྱག་ལེན་བདེ་ཆེན་སྙེ་མའི་ཆུན་པོ་ཞེས་བྱ་བ་བཞུགས་སོ།།

།ན་མོ་གུ་རུ་ཝེ།
མཁའ་འགྲོ་བྱེ་བའི་གཙུག་རྒྱན་ནི་གུ་མ། །གདམས་པའི་སྲོལ་འབྱེད་ཤངས་པ་གདུ་བུ་བ། །རྟོགས་པའི་མངའ་བདག་གྲུབ་ཐོབ་སླེ་བེར་ཅན། །ཀུན་དགའ་གྲོལ་མཆོག་རྣམས་ལ་ཕྱག་བགྱིའོ། །ཁྱོད་སྐུ་མཛེས་པ་འཇམ་མཉེན་པད་དཀར་བཞིན། །ཁྱོད་གསུང་སྙན་པ་དབྱངས་བདུན་རྫོགས་པའི་གཏམ། །ཁྱོད་ཐུགས་ཟབ་པ་མཁྱེན་བརྩེ་ནུས་པའི་གཏེར། །དབང་གི་རྒྱལ་པོ་བླ་མའི་ཞབས་ལ་འདུད། །ཌཱ་ཀིའི་ཞལ་རླངས་དངར་བའི་བདུད་རྩིའི་རོ། །ཁྱུང་པོའི་སྙན་བརྒྱུད་འཛིན་མ་ལས་བལྟམས་པའི། །ལམ་ཟབ་རིན་ཆེན་འབྲུས་མཛེས་བྱིན་རླབས་གཏེར། །བདེ་ཆེན་སྙེ་མ་འབྲི་ལ་གནང་བ་སྩོལ།
།འདིར་མཁས་གྲུབ་ཆེན་པོ་ཁྱུང་པོ་རྣལ་འབྱོར་ལས་བརྒྱུད་པའི་རྩ་བ་ནི་གུ་ཆོས་དྲུག །སྡོང་པོ་ཕྱག་རྒྱ་ཆེན་པོ། ཡལ་ག་ལམ་ཁྱེར་རྣམ་གསུམ། མེ་ཏོག་མཁའ་སྤྱོད་དཀར་དམར། འབྲས་བུ་འཆི་མེད་འཆུག་མེད་དང་ལྔ་ནི་གདམས་ངག་འདིའི་ལུགས་ཀྱི་སྙིང་པོ་ཡིན་ཞིང་། དེ་ལས་གཞན་དུ་གསང་སྒྲུབ་སྐོར་གསུམ་དང་བཀའ་སྲུང་མགོན་པོའི་སྐོར་སོགས་ཆ་ལག་མང་དུ་ཡོད་པ་ལས་


Initiation of the Amulet Mahamudra (based on phyag rgya chen po'i ga'u ma'i dbang skur)
༼༄༅། །ཕྱག་ཆེན་བཀའ་ལྔ་ལས་ཕྱག་ཆེན་གའུ་མ།།༽
སྡོང་པོ་ཕྱག་རྒྱ་ཆེན་པོའི་སྐོར་ལ་ཐོག་མར་གའུ་མའི་དབང་བསྐུར་བར་འདོད་པས། སློབ་དཔོན་གྱི་ལས་དང་། སློབ་མའི་བྱ་བ་གཉིས་ཀྱི་དང་པོ་མཎྜལ་པད་འདབ་བཞི་ཕྱོགས་ཚོན་ལ་ལྟེ་བ་སེར་པོ། དེའི་མཐར་ཅི་འབྱོར་བའི་མཆོད་གཏོར་གྱིས་བསྐོར།
སློབ་དཔོན་གྱིས་བདེ་མཆོག་ལྷན་སྐྱེས་སེར་པོའམ། ནི་གུའི་བྱིན་རླབས་སྒོ་འབྱེད་ཀྱི་སྐབས་བཞིན་སྔོན་པོའི་བདག་བསྐྱེད་ཡི་གེ་བདུན་པའི་བཟླས་པ་དང་བཅས་པ་བྱ། མདུན་བསྐྱེད་མཎྜལ་ལ་དམིགས་ནས།

སུམྦྷས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་གི་དབུས་སུ་རིན་པོ་ཆེའི་ཁྲི་སེང་གེ་བརྒྱད་ཀྱིས་བཏེགས་པའི་སྟེང་དུ་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ངོ་བོ་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་བདེ་མཆོག་འཁོར་ལོ་སྐུ་མདོག་གསེར་བཙོ་མ་ལྟ་བུ་རྡོ་རྗེ་དང་དྲིལ་བུ་འཛིན་པ། མི་མགོ་དང་རུས་པའི་རྒྱན་གྱིས་བརྒྱན་པ། ཡུམ་རྡོ་རྗེ་ཕག་མོ་དང་གཉིས་སུ་མེད་པར་བཞུགས་པ། མཁའ་འགྲོ་བཞི་དང་བཅས་པ། དེའི་ཤར་གྱི་འདབ་མའི་སྟེང་དུ་དགྱེས་པ་རྡོ་རྗེའི་ལྷ་ཚོགས། ལྷོར་གསང་བ་འདུས་པའི་ལྷ་ཚོགས། ནུབ་ཏུ་མ་ཧཱ་མཱ་ཡཱའི་ལྷ་ཚོགས། བྱང་དུ་རྡོ་རྗེ་འཇིགས་བྱེད་ཀྱི་ལྷ་ཚོགས། དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ལྟེ་བར་ཧཱུྃ་སྣ་ཚོགས་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པའི་རྣམ་པར་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་དབང་གི་ལྷ་རིགས་ལྔ་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར། ལྔ་ཀ་ལ་རིགས་བདག་རྒྱལ་བ་རིགས་ལྔས་རྒྱས་གདབ།
ཡང་ན་རིགས་བདག་རང་ཆས་ཅན་དུ་བསམ་ཡང་རུང་། མཆོད་པ་བྱིན་རླབས་བྱས་ལ།
ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜལ་ས་པ་རི་ཝཱ་ར་རེ་རེའི་མགོར་སྦྱར་ནས་ཨརྒྷཾ་ནས་ ཤབྡ་ཨཱཿཧཱུྃ་གི་བར་གྱིས་མཆོད། དྲིལ་བསིལ་དང་དྷརྨ་ར་ཎི་ཏ་སོགས་བརྗོད། ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜལ་ས་པ་རི་ཝཱ་ར་ཨོཾ་ཨཱ་ཧཱུྃ་གིས་ནང་མཆོད་ཕུལ།
ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཀྱང་། ཐབས་ཀྱིས་ཁྲོ་བོའི་སྐུར་སྟོན་གདུག་པ་འདུལ། ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པ། །ཀུན་བཟང་ཧེ་རུ་ཀ་དཔལ་ལ་ཕྱག་འཚལ། །ཐམས་ཅད་དངོས་པོའི་རང་བཞིན་མཆོག །གདོད་ནས་ཐམས་ཅད་བདག་ཉིད་གནས། །ཐབས་དང་ཤེས་རབ་གཉིས་མེད་པའི། །དགྱེས་མཛད་རྡོ་རྗེ་ལ་ཕྱག་འཚལ། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བའི་དབྱིངས་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུང་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །དུར་ཁྲོད་རྒྱན་གྱིས་ལེགས་བརྒྱན་པའི། །ཞེ་སྡང་གཤིན་རྗེ་གཤེད་པོ་ནི། །དངོས་མེད་ནམ་མཁའ་ལྟ་བུ་ལ། །ཐུགས་རྗེས་སྤྲུལ་པའི་སྐུར་སྟོན་པ། །ཡེ་ཤེས་ཁྲོ་རྒྱལ་རབ་འཇིགས་པ། །དུད་ཁ་མུན་ཆེན་ཁྱོད་ལ་འདུད། །ཅེས་རང་རང་གི་བསྟོད་པས་བསྟོད། ཡང་ན་ལྔ་ཆར་ལ།
ཆོས་སྐུ་ནམ་མཁའ་བཞིན་དུ་སོགས་ཚིགས་བཅད་གཅིག་གིས་བསྟོད།
གཏོར་མ་སུམྦྷས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་ཤ་ལྔ་བདུད་རྩི་ལྔ་དང་མྱོས་བྱེད་ཀྱིས་གང་བ། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ་གྱིས་བྱིན་རླབས་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜལ་ས་པ་རི་ཝཱ་ར་ཨི་དམ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཕུལ། ཕྱི་མཆོད། ནང་མཆོད།
སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རབ་རྫོགས་པའི། །དཀྱིལ་འཁོར་ལྔ་པོ་ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་འཚལ་ལོ། །ཅེས་བསྟོད་པ་བྱ།
རྒྱུད་སྡེ་ལྔའི་ལྷ་ཚོགས་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་འདི་བཞེས་ལ། །བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ།
བཟླས་པ་ཅི་གྲུབ་བྱ། མཎྜལ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སོགས་གསོལ་བ་གདབ། རྒྱུན་བཤགས་སོགས་དཀྱུས་བཞིན། ཐོད་པའི་ནང་དུ་རང་ལུས་བདུད་རྩིར་བསམ་ཞིང་། ཐོག་མ་མེད་པ་ནས་ཀྱི་ལུས་ལོངས་སྤྱོད་དགེ་རྩ་རྣམས་སྟོང་གསུམ་གསེར་གྱི་རྣམ་པར་བསྒྱུར་ཏེ་ཡིད་ཀྱིས་འབུལ། དབང་བཞི་བསྐུར་བར་གསོལ་བ་བཏབ། དབང་བཞི་བླང་། རྗེ་གཙོ་བོས་སོགས་སློབ་མ་ལ་ཇི་ལྟར་བྱ་བ་བཞིན་བདག་འཇུག་བྱེད་དོ།
༈ གཉིས་པ་སློབ་མ་རྣམས་ཁྲུས་ཕྱག་སྔོན་འགྲོས་གྲལ་ལ་འཁོད་དེ་མཎྜལ་ཕུལ། སློབ་དཔོན་གྱིས།
ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་འཐོབ་པར་བྱ། དེའི་ཆེད་དུ་དམ་པའི་ཆོས་ཟབ་མོ་གསན་ནས་ཉམས་སུ་བཞེས་སྙམ་པའི་ཐུགས་བསྐྱེད་གསལ་བཏབ་ནས་གསན་འཚལ། གསན་པར་བྱ་བའི་ཆོས་ནི། རྡོ་རྗེ་འཆང་ལ་དངོས་སུ་ཐུགས་པའི་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མས། མཁས་གྲུབ་ཆེན་པོ་མཉམ་མེད་ཤངས་པ་གདུ་གུ་བ་ཁྱུང་པོ་རྣལ་འབྱོར་ལ་དངོས་སུ་གདམས་པའི་གསེར་ཆོས་ལྔའི་ནང་ཚན་སྡོང་པོ་ཕྱག་རྒྱ་ཆེན་པོ་གའུ་མའི་དབང་འབུལ་བའི་སྐབས་སུ་བབ་པ་ཡིན། དེ་ལ་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་གྲུབ་ཟིན། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད།
དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །སྡོམ་པ་རྣམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ཀྱང་འཇུག་པར་འཚལ། །གསུམ།
དེ་ནས་མདུན་བསྐྱེད་རྒྱུད་སྡེ་ལྔའི་ལྷ་ཚོགས་རྣམས་དང་བཅས་པའི་སྤྱན་སྔར་རྒྱུན་བཤགས་བྱ་བ་འདིའི་རྗེས་ཟློས་མཛོད།
།དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་གསུམ།
སློབ་མ་སྐད་ཅིག་གིས་པད་ཉིའི་སྟེང་དུ་བདེ་མཆོག་འཁོར་ལོ་སྐུ་མདོག་གསེར་བཙོ་མ་ལྟ་བུ་རྡོ་རྗེ་དང་དྲིལ་བུ་འཛིན་པ། མི་མགོ་དང་རུས་པའི་རྒྱན་ཆས་བརྒྱན་པ། ཡུམ་རྡོ་རྗེ་ཕག་མོ་དང་གཉིས་སུ་མེད་པར་གྱུར་པའི་མོས་པ་མཛོད།
སློབ་དཔོན་བདག་ཉིད་ཧེ་རུ་ཀར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། མདུན་བསྐྱེད་རྒྱུད་སྡེ་ལྔའི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་དག་གི་ཐུགས་ཀ་ནས་རང་འདྲ་དཔག་ཏུ་མེད་པ་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་ལུས་ལ་ཆར་ཆེན་པོ་བབས་པ་ལྟར་བ་སྤུའི་བུ་ག་ཐམས་ཅད་ནས་སིབ་སིབ་ཐིམ་པའི་མོས་པ་མཛོད།
ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ སྤོས་རོལ་བྱ་ཞིང་ཡེ་ཤེས་དབབ།
དེ་ནས་དབང་བསྐུར་བྱ་བ་ནི། ཁྱེད་རང་སློབ་མ་རྣམས་རང་རང་གི་མདུན་དུ་ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་རང་ལུས་ཤ་ལྔ་བདུད་རྩི་ལྔར་བསམ་ལ་འབུལ་བའི་མོས་པ་མཛོད། ཡང་སྟོང་གསུམ་འདིའང་གསེར་གྱིས་བཀང་ལ་ཡོན་དུ་འབུལ་བའི་མོས་པ་མཛོད། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་གནང་བ་ཞུ། བླ་མ་རིན་པོ་ཆེ་བདག་ལ་བུམ་པའི་དབང་བསྐུར་དུ་གསོལ།
ཞེས་གསོལ་བ་བཏབ་པས་བླ་མའི་སྤྱི་བོའི་ཨོཾ་དཀར་པོ་ལས་འོད་ཟེར་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་འོད་དཀར་པོའི་རྣམ་པར་བྱོན་ཏེ་བླ་མའི་ཨོཾ་ལ་ཐིམ། ཨོཾ་ལས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་བྱུང་། ཁྱེད་རང་གི་སྨིན་ཕྲག་གི་ཨོཾ་ལ་ཐིམ་པས་ལུས་ཀྱི་ནད་གདོན་སྡིག་སྒྲིབ་མ་ལུས་པ་སངས་ཀྱིས་དག་པར་བསམ་མཛོད། བླ་མས་ཀྱང་དེ་བཞིན་དུ་བསམ་ལ་ངག་ཏུ།
རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །ད་ལྟ་ཉིད་དུ༴ མྱུར་བ་ཉིད་དུ༴ འདུག་ས་འདི་ཉིད་དུ་བྱིན་གྱིས་རློབས་ཤིག །ཅེས་བརྗོད་ཅིང་ཡི་གེ་བདུན་པ་དང་དྲིལ་བསིལ་བྱ།
སྐུའི་བྱིན་རླབས་ལུས་ལ་ཞུགས་ཤིང་བུམ་པའི་དབང་བསྐུར་ཐོབ་བྱུང་སྙམ་དུ་མཛོད།
ཡང་ཐོད་པའི་ནང་དུ་ལུས་ཤ་ལྔ་བདུད་རྩི་ལྔར་བསམ་ནས་སྔ་མ་ལྟར་མཆོད།
སྟོང་གསུམ་གསེར་གྱིས་བཀང་ལ་ཡོན་དུ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད།
བླ་མ་རིན་པོ་ཆེ་བདག་ལ་གསང་བའི་དབང་བསྐུར་དུ་གསོལ།
ཞེས་གསོལ་བ་བཏབ་པས། བླ་མའི་མགྲིན་པའི་ཨཱཿདམར་པོ་ལས་འོད་ཟེར་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་འོད་དམར་པོའི་རྣམ་པར་བྱོན་ཏེ། བླ་མའི་ཨཱཿལ་ཐིམ། ཨཱཿལས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་བྱུང་། ཁྱེད་རང་རྣམས་ཀྱི་མགྲིན་པའི་ཨཱཿལ་ཐིམ་པས་ངག་གི་ནད་གདོན་སྡིག་སྒྲིབ་མ་ལུས་པ་སངས་ཀྱིས་དག་པར་བསམ་མཛོད།
རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །ད་ལྟ་ཉིད་དུ༴ མྱུར་བ་ཉིད་དུ༴ འདུག་ས་འདི་ཉིད་དུ༴ སྔགས་དང་རོལ་མོ་སྔརབཞིན་བྱེད་པ་འོག་མ་དག་ལ་འགྲེ།
གསུང་གི་བྱིན་རླབས་ངག་ལ༴ ཡང་ཐོད་པའི་ནང་དུ་ལུས་ཤ་ལྔ་བདུད་རྩི་ལྔར་བསམ་ནས་སྔ་མ་ལྟར་མཆོད།
སྟོང་གསུམ་གསེར་གྱིས་བཀང་ལ་ཡོན་དུ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད།
བླ་མ་རིན་པོ་ཆེ་བདག་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དུ་གསོལ།
ཞེས་གསོལ་བ་བཏབ་པས། བླ་མའི་ཐུགས་ཀའི་ཧཱུྃ་སྔོན་པོ་ལས་འོད་ཟེར་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་འོད་སྔོན་པོའི་རྣམ་པར་བྱོན་ཏེ། བླ་མའི་ཧཱུྃ་ལ་ཐིམ། ཧཱུྃ་ལས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་གའི་ཧཱུྃ་ལ་ཐིམ་པས་ཡིད་ཀྱི་ནད་གདོན་སྡིག་སྒྲིབ་མ་ལུས་པ་སངས་ཀྱིས་དག་པར་བསམ་མཛོད།
རྩ་བ་དང་བརྒྱུད་པར་བཅས་པའི་སོགས་བརྗོད།
ཐུགས་ཀྱི་བྱིན་རླབས་སེམས་ལ་ཞུགས་ཤིང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཐོབ་བྱུང་སྙམ་དུ་བསམ་མཛོད།
ཡང་ཐོད་པའི་ནང་དུ་རང་ལུས་ཤ་ལྔ་བདུད་རྩི་ལྔར་བསམ་ནས་སྔ་མ་ལྟར་མཆོད།
སྟོང་གསུམ་གསེར་གྱིས་བཀང་ལ་ཡོན་དུ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད།
བླ་མ་རིན་པོ་ཆེ་བདག་ལ་དབང་བཞི་པ་བསྐུར་དུ་གསོལ།
ཞེས་གསོལ་བ་བཏབ་པས། བླ་མའི་གནས་གསུམ་གྱི་ཡི་གེ་གསུམ་ལས་འོད་ཟེར་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་འོད་སྣ་ཚོགས་ཀྱི་རྣམ་པར་བྱོན་ཏེ། བླ་མའི་གནས་གསུམ་གྱི་ཡི་གེ་ལ་ཐིམ། དེ་ལས་འོད་དཀར་དམར་མཐིང་གསུམ་གྱི་རྣམ་པར་བྱུང་། ཁྱེད་རང་གི་གནས་གསུམ་དུ་ཐིམ་པས། སྤྱི་གཙུག་ནས་རྐང་མཐིལ་ཡན་ཆད་འོད་ཀྱིས་གང་། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་ཐམས་ཅད་དག་ནས། ལུས་ལྷའི་སྐུ་སྣང་ལ་རང་བཞིན་མེད་པའི་ངང་ལ་སེམས་མ་བཅོས་པར་བཞག་པ་ནི་དབང་བཞི་པའོ། །སྔགས་དང་དྲིལ་གསིལ།
ཡེ་ཤེས་རྒྱ་མཚོ་ལས། བླ་མའི་སྐུ་ཡི་དཀྱིལ་འཁོར་ལ། །དབང་བཞི་ཡོངས་སུ་རྫོགས་པར་ཞུས། །ས་ལམ་རིམ་པ་མ་ལུས་བགྲོད། །ཅེས་ལན་གསུམ་བརྗོད། དེ་ཕྱིའི་དབང་ངོ་།
།ཡང་ཤར་གྱི་དགྱེས་རྡོར་འོད་དུ་ཡལ། དབུས་ཀྱི་བདེ་མཆོག་ལ་ཐིམ། དེ་བཞིན་དུ་རིམ་གྱིས་ཡལ་བས་དབུས་ཀྱི་བདེ་མཆོག་ལ་ཐིམ། བདེ་མཆོག་དེའང་འོད་དུ་ལྟེམ་ལྟེམ་འདུག་དེ་ཁྱེད་རང་གི་སྤྱི་གཙུག་ཏུ་ཐིམ་པས། སྨིན་མཚམས་སུ་སླེབ་པ་ལས་བུམ་དབང་། མགྲིན་པར་སླེབས་པ་ལས་གསང་དབང་། སྙིང་ཁར་སླེབས་པ་ལས་ཤེས་རབ་ཡེ་ཤེས་ཀྱི་དབང་། ལྟེ་བར་སླེབས་འོད་དུ་ཡལ་ནས་ལུས་སྟོང་སངས་སོང་སྟེ། མི་དམིགས་པའི་ངང་ལུས་སེམས་མ་བཅོས་པར་བཞག་པ་ནི་བཞི་པ་སྟེ་ནང་གི་དབང་བཞིའོ། །སྔགས་དང་དྲིལ་བསིལ། རྗེས་མཆོད་བསྟོད་བཟོད་གསོལ་གཤེགས་བསྡུ་བྱ་བ་ཉིད་དོ།
།གའུ་མའི་དབང་བཞི་ཟིན་བྲིས་ཡིན། དགེ་སློང་ངག་དབང་ཆོས་གྲགས་ཀྱིས་རྫོང་དགའ་ལྡན་དུ་ཕྱག་ལེན་བཞིན་བཀོད་པའོ། །ཞེས་པའི་ཡི་གེ་གཞིར་བྱས་ནས་ཡིག་རྙིང་ལ་གཏུགས་ཏེ་བཀླག་ཆོག་ཏུ་བྲིས་པའོ། །གའུ་མའི་ཁྲིད་དང་རྒྱབ་རྟེན་ལུང་གི་སྐོར་མ་ཆད་པ་གལ་ཆེ། འདིར་ཕྱག་ཆེན་བཀའ་ལྔ་ནི། བཤད་མ་ཐག་པའི་གའུ་མའི་དབང་དང་། ལུས་འཆི་མེད་དང་། སེམས་འཆི་མེད་དང་། དུག་ལྔ་ལམ་ཁྱེར་དང་། ལམ་ཁྱེར་རྣམ་གསུམ་མོ།།


Initiation of the Immortality of the body (based on 'chi med kyi bka')
༈ ལུས་འཆི་མེད་ཀྱི་བཀའ་བཞུགས་སོ།།
༈ ལུས་འཆི་མེད་ཀྱི་བཀའ་ནི། སྦྱོར་བ་མཎྜལ་པད་མ་འདབ་བཞི། ལྟེ་བ་མཐིང་ཁ། འདབ་མ་བཞི་ཕྱོགས་མདོག་བྲི། དེའི་མཐར་མཆོད་པ་དང་། གཏོར་མ་གཅིག་བཤམ། སློབ་དཔོན་སྟན་ལ་འཁོད་དོ། །དངོས་གཞི་བདག་མདུན་གཉིས་ཀྱི་དང་པོ་བདག་བསྐྱེད་ནི། སྐྱབས་སེམས་ཚད་མེད་སྔོན་དུ་བཏང་ནས།
སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་སྐད་ཅིག་གིས་པདྨ་ཉི་མ་འཇིགས་བྱེད་དུས་མཚན་མའི་སྟེང་དུ་རང་ཉིད་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ། མི་མགོ་དང་རུས་པའི་རྒྱན་ཅན། སྤྱན་གསུམ་དམར་བ། རྡོ་རྗེ་དྲིལ་བུ་འཛིན་པས་ཡུམ་ཕག་མོ་དམར་མོ་ལ་འཁྱུད་པ། ཞབས་གཡས་བརྐྱང་གཡོན་བསྐུམ་པས་བཞུགས་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས། ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ ཞེས་གནས་གསུམ་བྱིན་རླབས་བྱས་ལ། ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། ཡི་གེ་བདུན་པ་ཅི་ནུས་བཟླའོ། །དེ་ནས་གཉིས་པ་མདུན་བསྐྱེད་ལ་དམིགས་ཏེ་སྭ་བྷཱ་བས་སྦྱང་།
སྟོང་པའི་ངང་ལས་སེམས་རང་སྣང་གི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་ཚང་བ། ཕྱི་རོལ་དུ་དུར་ཁྲོད་བརྒྱད། ཡེ་ཤེས་ཀྱི་མེ་རི་འབར་བ་དང་བཅས་པའི་གཞལ་ཡས་ཁང་གི་དབུས་སུ་པདྨ་ཉི་མ་འཇིགས་བྱེད་དུས་མཚན་གྱི་སྟེང་དུ་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ་སོགས་ནས་བཞུགས་པ་ཞེས་པའི་བར་བདག་བསྐྱེད་ཀྱི་སྐབས་བཞིན་བསྐྱེད།
འདབ་མ་བཞི་ལ་ཤར་དུ་མཁའ་འགྲོ་མ་མཐིང་ག །བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ་སྟེ་བཞི་ཀའང་ཕྱག་གཡས་གྲི་གུག་དང་། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། གྲུ་མོ་ན་ཁ་ཊྭཱཾ་ག་བསྣམས་པ། ཞབས་བརྐྱང་བསྐུམ་སྟབས་ཀྱིས་བཞུགས་པ།
དེ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཞེས་ལྷ་ལྔའི་གནས་གསུམ་བྱིན་རླབས་བྱས་ལ།
ཧཱུྃ་ལས་འོད་ཟེར་འཕྲོས། ཡེ་ཤེས་པ་ལྷ་ལྔ་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ མདུན་བསྐྱེད་ལ་གཉིས་སུ་མེད་པར་ཐིམ། སླར་ཡང་དབང་གི་ལྷ་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། གཙོ་བོའི་ཐུགས་ཀ་ནས་ཡུམ་ལྔ་བདུད་རྩིའི་བུམ་པ་ཐོགས་པ་སྤྲོས། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་ཤིང་། བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་ཀྱི་བདག་པོས་དབུ་བརྒྱན།
མདུན་བསྐྱེད་མཆོད་པ་བསང་སྦྱང་བྱིན་རླབས་བྱས་ལ།
ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སཾ་བ་ར་མཎྜལ་ས་པ་རི་ཝཱ་ར་སྔོན་དུ་འགྲོ་བས་ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ་གིས་མཆོད། གོང་གི་ས་པ་རི་ཝཱ་རའི་མཐར་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ།
ཆོས་དབྱིངས་རྣམ་དག་དབྱིངས་ལས་སོགས་ཀྱིས་བསྟོད། མདུན་གྱི་གཏོར་མ་སུམྦྷས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་ནང་ཤ་ལྔ་བདུད་རྩི་ལྔ་དང་མྱོས་བྱེད་ཀྱིས་གང་བ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱི་བྱིན་གྱིས་རླབས་ལ་གོང་གི་ས་པཱ་རི་ཝ་རའི་མཐར་ཨི་དམ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་པ་ལན་གསུམ་གྱིས་འབུལ།
ཕྱི་མཆོད། ནང་མཆོད། བསྟོད་པ་རྣམས་བྱ།
དཔལ་འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་འདི་བཞེས་ལ། བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་བརྗོད།
དེ་ནས་རང་གི་ལུས་ལོངས་སྤྱོད་ཐམས་ཅད་བློས་ལིང་གིས་བླ་མ་དང་མདུན་བསྐྱེད་ཀྱི་གཙོ་བོ་ཐ་མི་དད་པ་ལ་ཕུལ་ལ་གསོལ་བ་གདབ་པ་སོགས་འོག་ཏུ་སློབ་མ་ལ་ཇི་ལྟ་བ་བཞིན་གྱི་དབང་བཞི་བླང་། གཙོ་བོས་ཇི་ལྟར་སོགས་ཀྱང་བརྗོད། དེ་སློབ་དཔོན་གྱི་བྱ་བའི་རིམ་པའོ། །དེ་ནས་སློབ་མ་ནང་དུ་བོས་ལ་འདིའི་སྔོན་དེ་མ་ཐག་བྱིན་རླབས་གཞན་དང་མ་འབྲེལ་ན་བགེགས་གཏོར་བཏང་ལ་སློབ་དཔོན་གྱིས་འདི་སྐད་ཅེས་བྱ་སྟེ།
ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམསཅད་ཀྱི་དོན་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་འཐོབ་པར་བྱ། དེའི་ཆེད་དུ་དམ་པའི་ཆོས་ཟབ་མོ་གསན་སྙམ་པའི་ཐུགས་བསྐྱེད་རྣམ་པར་དག་པ་གསལ་བཏབ་ནས་གསན་འཚལ།
དེ་ལ་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཟབ་ཆོས་རྣམས་ཀྱི་ནང་ནས་ཕྱག་ཆེན་བཀའ་ལྔར་གྲགས་པ་ལས། ད་ལན་འདིར་ལུས་འཆི་མེད་ཀྱི་བཀའ་ཡིན་ཅེས་སོགས་ཅི་དང་ཅི་འདྲ་བ་བརྡ་སྤྲད།
སློབ་དཔོན་གྱིས་བགྱི་བར་འོས་པ་སྔོན་དུ་གྲུབ་ཟིན། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་ཐོག་མར་མཎྜལ་འབུལ་བར་ཞུ།
གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དགའ་ཆེན་ཁྱོད་བདག་སོགས་ཀྱིས་གསོལ་བ་གདབ་པ་ལན་གསུམ།
དེ་ནས་བླ་མ་དང་ཐ་མི་དད་པའི་མདུན་བསྐྱེད་འཁོར་ལོ་བདེ་མཆོག་ལྷ་ལྔའི་སྤྱན་སྔར་རྒྱུན་བཤགས་བྱ་བ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་ཀྱི་རྒྱུན་བཤགས་བྱ།
སློབ་མ་སྐད་ཅིག་གིས་པདྨ་ཉི་མ་འཇིགས་བྱེད་དུས་མཚན་མནན་པའི་སྟེང་དུ་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ། མི་མགོ་དང་རུས་པའི་རྒྱན་ཅན། སྤྱན་གསུམ་དམར་བ། རྡོ་རྗེ་དྲིལ་བུ་འཛིན་པས་ཡུམ་ཕག་མོ་དམར་མོ་ལ་འཁྱུད་པ། ཞབས་གཡས་བརྐྱང་གཡོན་བསྐུམ་ནས་བཞུགས་པ།
སློབ་དཔོན་ཧེ་རུ་ཀར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། མདུན་བསྐྱེད་ལྷ་ལྔའི་ཐུགས་རྒྱུད་བསྐུལ། དེ་དག་གི་ཐུགས་ཀ་ནས་རང་འདྲ་དཔག་ཏུ་མེད་པ་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་ལུས་ལ་ཆར་ཆེན་པོ་བབས་པ་ལྟར་བ་སྤུའི་བུ་ག་ཐམས་ཅད་ནས་སིབ་སིབ་ཐིམ་པའི་མོས་པ་མཛོད།
ཡི་གེ་བདུན་པའི་མཐར། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ །ཞེས་བརྗོད་ལ་ཡེ་ཤེས་པ་དབབ་ཅིང་དྲིལ་གསིལ་བྱ།
དེ་ནས་ལུས་ལོངས་སྤྱོད་ཐམས་ཅད་བླ་མ་དང་མདུན་བསྐྱེད་ཀྱི་གཙོ་བོ་ཐ་མི་དད་པ་ལ་ཕུལ་བའི་མོས་པ་མཛོད་ལ་གསོལ་བ་འདེབས་པ་འདི་གསུང་བ་ཞུ།
བླ་མ་རིན་པོ་ཆེ་བདག་ལ་བུམ་པའི་དབང་བསྐུར་དུ་གསོལ། །ཚར་གཅིག
།དེ་ནས་བླ་མ་དང་དཀྱིལ་འཁོར་གཙོ་བོ་དབྱེར་མེད་པའི་བདེ་མཆོག་གི་སྨིན་མཚམས་སུ་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ལྟེ་བར་ཧཱུྃ་སྣ་ཚོགས་ཀྱི་མདོག་ཅན། དེའི་སྤྱི་བོའི་ཨོཾ་དཀར་པོ་ལས་བདེ་མཆོག་དཀར་པོ་སྐུ་ཆུང་ལ་ཡན་ལག་དོད་པ་དཔག་ཏུ་མེད་པ་ཆད་ཅིང་གར་སྟབས་སུ་ལིང་ལིང་བྱུང་ནས་ཁྱེད་རང་གི་སྤྱི་བོའི་ཨོཾ་ལ་ཐིམ་པས། སྤྱི་བོའི་བདེ་ཆེན་གྱི་གནས་ཐམས་ཅད་གང་། བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །སྐུའི་བྱིན་རླབས་ཞུགས་པའི་མོས་པ་མཛོད། ཅེས་བྱས་ལ་དྲིལ་གསིལ་ལམ། རོལ་ཆེན་བྱ་ཞིང་།
བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །རྗེ་བཙུན་བིར་ཝ་པས་བྱིན་གྱིས་རློབས་ཤིག །དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །ཅེས་བརྗོད། དེ་བཞིན་དུ་སྦྱར་ཏེ།
ཡང་ལུས་ལོངས་སྤྱོད་ནས། བླ་མ་རིན་པོ་ཆེ་བདག་ལ་གསང་བའི་དབང་བསྐུར་དུ་གསོལ།
བླ་མའི་མགྲིན་པའི་ཨཱཿདམར་པོ་ལས་བདེ་མཆོག་དམར་པོ་སྐུ་ཆུང་ལ་ཡན་ལག་དོད་པ་དཔག་ཏུ་མེད་པ་ཆད་ཅིང་། གར་སྟབས་སུ་ལིང་ལིང་བྱུང་ནས་ཁྱེད་རང་རྣམས་ཀྱི་མགྲིན་པའི་ཨཱཿལ་ཐིམ་པས་མགྲིན་པ་ལོངས་སྤྱོད་ཀྱི་གནས་ཐམས་ཅད་གང་། གསང་བའི་དབང་ཐོབ། ངག་གི་དྲི་མ་དག །གསུང་གི་བྱིན་རླབས་ཞུགས་པའི་མོས་པ་མཛོད།
བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །ཅེས་སོགས་བརྗོད་ཅིང་རོལ་ཆེན་བྱ།
ཡང་ཤེར་དབང་གི་དོན་དུ་ལུས་ལོངས་སྤྱོད་ཐམས་ཅད་ནས། བདག་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དུ་གསོལ།
བླ་མའི་ཐུགས་ཀའི་ཧཱུྃ་སྔོན་པོ་ལས་བདེ་མཆོག་སྔོན་པོ་སྐུ་ཆུང་ལ་ཡན་ལག་དོད་པ་དཔག་ཏུ་མེད་པ་ཆད་ཅིང་གར་སྟབས་ལིང་ལིང་བྱུང་ནས་ཁྱེད་རང་རྣམས་ཀྱི་ཐུགས་ཀའི་ཧཱུྃ་ལ་ཐིམ་པས་སྙིང་ཁ་ཆོས་ཀྱི་གནས་ཐམས་ཅད་གང་། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ཐུགས་ཀྱི་བྱིན་རླབས་ཞུགས་པའི་མོས་པ་མཛོད།
བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །ཅེས་སོགས་བརྗོད།
ཡང་དབང་བཞི་པའི་དོན་དུ་ལུས་ལོངས་སྤྱོད་རྣམས་དངོས་སམ་ཡིད་ཀྱིས་མཆོད་པའི་རྣམ་པར་བསྒྱུར་ལ་དེ་ཐམས་ཅད་བླ་མ་དང་མདུན་བསྐྱེད་ཀྱི་ལྷན་སྐྱེས་ཐ་མི་དད་པ་ལ་ཕུལ་བའི་མོས་པ་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད།
བླ་མ་རིན་པོ་ཆེ་བདག་ལ་བཞི་པའི་དབང་བསྐུར་དུ་གསོལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་གཞུག་ཏུ་གསོལ།
ཞེས་གསོལ་བ་བཏབ་པས། བླ་མའི་ལྟེ་བའི་ཧཱུྃ་སྣ་ཚོགས་མདོག་ཅན་ལས་བདེ་མཆོག་སྣ་ཚོགས་འོད་ཅན་སྐུ་ཆུང་ལ་ཡན་ལག་དོད་པ་དཔག་ཏུ་མེད་པ་ཆད་ཅིང་གར་སྟབས་ལིང་ལིང་བྱུང་ནས་ཁྱེད་རང་རྣམས་ཀྱི་ལྟེ་བའི་ཧཱུྃ་སྣ་ཚོགས་མདོག་ཅན་ལ་ཐིམ། ཡང་སྤྱི་བོའི་བདེ་མཆོག་དཀར་པོ་མགྲིན་པའི་བདེ་མཆོག་དམར་པོ་ལ་ཐིམ། དམར་པོ་སྙིང་ཁའི་བདེ་མཆོག་སྔོན་པོ་ལ་ཐིམ། མཐིང་ག་ལྟེ་བར་བྱུང་། འོད་དུ་ཡལ་སོང་སྟེ་སྟོང་པའི་ངང་ལ་སེམས་མ་བཅོས་པར་ཞོག་མཛོད། ཟེར་བ་བྱས་ལ་རོལ་མོ་དང་།
བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །རྗེ་བཙུན་བིར་ཝ་པས་བྱིན་གྱིས་རློབས་ཤིག །དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །ཅེས་སྔར་བཞིན་བརྗོད།
དེ་ནས་དབང་བཞི་པ་ཐོབ་པ་ཡིན། ཡང་ཟབ་ལམ་དབང་དུ་བྱས་ནས་དམིགས་པ་འདི་བཞིན་མཛོད།
སློབ་དཔོན་གྱི་གནས་གསུམ་གྱི་ཡིག་འབྲུ་མཐིང་གར་ཡོད་པ་ལས་བདེ་མཆོག་མཐིང་ག་དཔག་ཏུ་མེད་པ་ཆད་ནས་ཁྱེད་རང་གི་ལྟེ་བར་ཐིམ་པས་མཐར་སྟོང་སང་གིས་འོད་དུ་ཡལ་སོང་བ་དེ་ཀའི་ངང་ལ་ཅུང་ཞིག་འཇོག་པར་ཞུ། འདི་ཡང་དབང་བཞི་པ་ལུགས་གཅིག་ཡིན་ནོ། །བྱ་བ་བརྗོད།
རྗེས་གཙོ་བོས་སོགས་དང་། མདུན་བསྐྱེད་ལ་མཆོད་བསྟོད་ཡིག་བརྒྱ་སོགས་སྤྱི་དང་འདྲ་བ་བྱ་སྟེ། ལུས་འཆི་མེད་ཀྱི་བཀའ་བསྟན་ཟིན་ཏོ།།


Initiation of the Immortality of the mind (based on 'chi med kyi bka')
༈ སེམས་འཆི་མེད་ཀྱི་བཀའ་བཞུགས།།
སེམས་འཆི་མེད་བཀའ་ལ་སྦྱོར་དངོས་མཇུག་གསུམ་ལས། དང་པོ་ཤོམ་དང་། གཉིས་པ་བདག་བསྐྱེད་མདུན་བསྐྱེད་རྣམས་བདེ་མཆོག་ལྷ་ལྔ་ཇི་ལྟ་བ་བཞིན་བྱ་བའམ། ཡང་ན་མཎྜལ་པདྨ་འདབ་མ་བཞི་ཁ་དོག་རྣམས་གོང་གི་འདི་དང་གཅིག་ཡིན། བདག་བསྐྱེད་བདེ་མཆོག་ལྟར་བྱ། མདུན་བསྐྱེད་ནི་ཕྱག་ཆེན་གྱི་སྐབས་བཞིན་རྒྱུད་སྡེ་ལྔའི་ལྷ་ལ་བྱ་བ་གདམ་པའོ། གསུམ་པ་ལ་གཉིས་ལས། དང་པོ་བདག་འཇུག་ནི། སློབ་མ་ལ་ཇི་ལྟར་བསྐུར་བ་བཞིན་སློབ་དཔོན་རང་གིས་བླང་ངོ་།
།གཉིས་པ་ནི། མཎྜལ་འབུལ་བ་ནས། སློབ་མ་བདེ་མཆོག་ཏུ་བསྐྱེད་པ་ལ་ཡེ་ཤེས་དབབ་པའི་རོལ་ཆེན་ཡན་ལུས་འཆི་མེད་ཀྱི་སྐབས་དང་འདྲ།
དེ་ནས་སློབ་དཔོན་བདེ་མཆོག་ཏུ་གསལ་བའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ལྟེ་བར་ཧཱུྃ་ཁ་དོག་ལྔ་ལྡན་རྣམས་གསལ་བཏབ་སྟེ། ཁྱེད་རང་རྣམས་ཀྱི་ལུས་ལོངས་སྤྱོད་ཐམས་ཅད་བླ་མ་དང་མདུན་བསྐྱེད་ཀྱི་གཙོ་བོ་ཐ་མི་དད་པ་ལ་ཕུལ་བའི་མོས་པ་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད།
བླ་མ་རིན་པོ་ཆེ་བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ།
ཞེས་གསོལ་བ་བཏབ་པས། བླ་མའི་དཔྲལ་བའི་ཨོཾ་ལས་འཁོར་ལོ་བདེ་མཆོག་སྐུ་མདོག་དཀར་པོ་སྐུ་ཆུང་ལ་ཡན་ལག་རགས་པ། བདེ་བ་ཆེན་པོའི་གར་ལིང་ལིང་མཛད་པ་དཔག་ཏུ་མེད་པ་བྱོན། ཁྱེད་རང་གི་སྨིན་མཚམས་ནས་ཞུགས། ལུས་ཐམས་ཅད་གང་བས་བུམ་པའི་དབང་ཐོབ་པའི་མོས་པ་མཛོད།
ཡི་གེ་བདུན་པ་དང་ཌཱ་དྲིལ།
བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །རྗེ་བཙུན་བིརྺ་པས་བྱིན༴ དཔའ་བོ་དང་མཁའ༴ །ཅེས་འོག་མ་རྣམས་ལ་འགྲེ།
ཡང་མགྲིན་པའི་ཨཱཿལས་འཁོར་ལོ་བདེ་མཆོག་དམར་པོ་སྐུ་ཆུང་ལ་ཡན་ལག་རགས་པ། བདེ་བ་ཆེན་པོའི་གར་ལིང་ལིང་མཛད་པ་དཔག་ཏུ་མེད་པ་བྱོན། ཁྱེད་རང་གི་མགྲིན་པ་ནས་ཞུགས། ལུས་ཐམས་ཅད་གང་བས་གསང་བའི་དབང་ཐོབ་པའི་མོས་པ་མཛོད།
བླ་མ་དམ་པ་རྣམས་ཀྱིས༴ ༴ ༴
ཡང་ཐུགས་ཀའི་ཧཱུྃ་ལས་འཁོར་ལོ་བདེ་མཆོག་སྔོན་པོ་སྐུ་ཆུང་ལ་ཡན་ལག་རགས་པ། བདེ་བ་ཆེན་པོའི་གར་ལིང་ལིང་མཛད་པ་དཔག་ཏུ་མེད་པ་བྱོན། ཁྱེད་རང་གི་སྙིང་ག་ནས་ཞུགས། ལུས་ཐམས་ཅད་གང་བས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པའི་མོས་པ་མཛོད།
བླ་མ་དམ་པ་རྣམས་ཀྱིས༴ ༴ ༴
ཡང་སློབ་དཔོན་གྱི་གནས་གསུམ་གྱི་ཡིག་འབྲུ་རྒྱང་སྟེ་ཆད། ཁྱེད་རང་གི་གནས་གསུམ་དུ་ལམ་མེ་ཞུགས། སློབ་དཔོན་གྱི་ལྟེ་བའི་ཧཱུྃ་ལས་འཁོར་ལོ་བདེ་མཆོག་སྐུ་མདོག་སྣ་ཚོགས་པ་སྐུ་ཆུང་ལ་ཡན་ལག་རགས་པ། བདེ་བ་ཆེན་པོའི་གར་ལིང་ལིང་མཛད་པ་དཔག་ཏུ་མེད་པ་བྱོན། ཁྱེད་རང་གི་ལྟེ་བར་ཞུགས། ལུས་ཐམས་ཅད་གང་བས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དག །དབང་བཞི་པ་ཐོབ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་པ་ཡིན་སྙམ་པ་མཛོད།
སླར་ཡང་སློབ་དཔོན་གྱི་ལྟེ་བའི་ཧཱུྃ་ལས་ཧཱུྃ་ཞིག་རྒྱང་སྟེ་ཆད། ཁྱེད་རང་གི་ལྟེ་བར་ཞུགས། ཁྱེད་རང་གི་དཔྲལ་བའི་ཨོཾ་དེ་ཡང་མགྲིན་པའི་ཨཱཿལ་ཐིམ། ཨཱཿཐུགས་ཀའི་ཧཱུྃ་ལ་ཐིམ། ཧཱུྃ་ལྟེ་བའི་ཧཱུྃ་ལ་ཐིམ། དེའི་རྐྱེན་གྱིས་ཁྱེད་རང་གི་ལུས་གདོས་བཅས་ཤ་ཁྲག་གི་ཕུང་པོས་གཙོར་བྱས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་འོད་དུ་ཡལ་ཏེ་སྟོང་ཉིད་དུ་ཐིམ་པས་དབང་བཞི་པ་ཐོབ་པའི་མོས་པ་མཛོད། ཌཱ་དྲིལ་དང་ཡི་གེ་བདུན་པ་བཟླ།
སྟོང་ཉིད་དེའི་ངང་ནས་ཁྱེད་རང་བདེ་མཆོག་འོད་ཀྱི་རང་བཞིན་སྒྱུ་མ་ལྟ་བུར་ལམ་གྱིས་གྱུར་པའི་མོས་པ་མཛོད།
དེ་དག་གིས་ལུས་སེམས་འཆི་མེད་གཉིས་ཀྱི་བཀའ་ཐོབ་པ་ཡིན་པས་དེའི་དུས་སུ་ཁས་བླངས་པའི་དམ་སྡོམ་སྲུང་བ་འདིའི་རྗེས་ཟློས་མཛོད།
གཙོ་བོས་སོགས་དང་། ཁྲིད་རྒྱབ་ཆོས་དང་བཅས་པ་སྐབས་འདིར་ཡིག་རྙིང་ལྟར་མ་ཆད་པ་གལ་ཆེ། མཇུག་ཆོག་སྔར་བཞིན་ཤེས་པར་བྱའོ།
།ཚིག་འཕྲད་བསྒྱུར་བཀོད་མ་གཏོགས་པ་ངག་དབང་ཆོས་གྲགས་ཀྱི་གསུང་གཙང་མ་རྩ་བར་བྱས་ཏེ། ཡིག་རྙིང་ལ་གཏུགས་ནས་བཀླག་ཆོག་ཏུ་བྲིས་སོ།། །།


Five poisons integration (based on lam khyer gyi dbang)
༈ དུག་ལྔ་ལམ་ཁྱེར་གྱི་བཀའ་བཞུགས།།
བླ་མ་དང་ཡེ་ཤེས་མཁའ་འགྲོའི་ཞབས་ལ་ཕྱག་འཚལ་ལོ།
།འདིར་དུག་ལྔ་ལམ་ཁྱེར་གྱི་བྱིན་རླབས་ལ། སྦྱོར་དངོས་མཇུག་གསུམ་གྱི་དང་པོ་ནི། མཎྜལ་བདེ་མཆོག་ལྷ་ལྔའི་སྐབས་བཞིན་དང་། བདག་བསྐྱེད་མདུན་བསྐྱེད་གའུ་མའི་སྐབས་བཞིན་བྱ། ཕྱག་ཆེན། འཆི་མེད་འདི་དང་གསུམ་ཀ་སྟབས་ཅིག་ཏུ་བྱེད་ན་བདག་བསྐྱེད་ཐོག་མའི་གཅིག་པུ་དེས་ཆོག །ཕྱི་མ་གཉིས་ལ་མདུན་བསྐྱེད་བདེ་མཆོག་ལྷ་ལྔ་ལྟར་བྱས་ཀྱང་རུང་། གང་ལྟར་གཉིས་པ་བདག་མདུན་བསྒྲུབ་པ། བདག་འཇུག་སློབ་མ་ལ་ཇི་ལྟར་བསྐུར་བ་བཞིན་བླང་། སློབ་མས་མཎྜལ་ཕུལ། སློབ་དཔོན་གྱིས།
སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྐུ་ཚེ་འདི་ཉིད་ལ་འཐོབ་པར་བྱ། དེའི་ཆེད་དུ་དམ་པའི་ཆོས་ཟབ་མོ་གསན་སྙམ་དུ་སེམས་བསྐྱེད་གསལ་བཏབ་ནས་གསན་པར་ཞུ།
གསན་བྱ་དམ་པའི་ཆོས་ནི་མཁས་གྲུབ་ཆེན་པོ་མཉམ་མེད་ཁྱུང་པོ་རྣལ་འབྱོར་གྱིས་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་གསེར་སྲང་ལྔ་བརྒྱ་ཕུལ་ནས་ཞུས་པའི་ཆོས་སྐོར་རྣམས་ཀྱི་ནང་ནས་ཕྱག་ཆེན་བཀའ་ལྔར་གྲགས་པའི་ནང་ཚན་སྒྱུ་མ་ལམ་ཁྱེར་རམ། དུག་ལྔ་ལམ་ཁྱེར་ཞེས་ཤིན་ཏུ་ཟབ་པའི་བཀའ་འབུལ་བར་བྱེད་པ་ལ་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་གྲུབ་ཟིན།
ཁྱེར་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད།
དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། སོགས་གསོལ་འདེབས། རྒྱུན་བཤགས་བྱས་ནས་སློབ་མ་བདེ་མཆོག་ཏུ་བསྐྱེད་ལ་ཡེ་ཤེས་དབབ་པའི་བར་ལུས་འཆི་མེད་ཀྱི་སྐབས་སུ་དྲངས་པ་བཞིན་བྱ།
དེ་ནས་ཁྱེད་རང་རྣམས་འཁོར་ལོ་སྡོམ་པ་འོད་ཀྱི་རང་བཞིན་ཅན་དུ་གསལ་བའི་ལུས་ཀྱི་དབུས་དྲང་པོར་རྩ་དབུ་མ་ཁ་དོག་དཀར་གསལ་འོད་ཀྱི་རང་བཞིན་ཅན་རྩ་བ་ཕྲ་བ་ལྟེ་བར་ཟུག་པའི་ནང་དུ་རཾ་དམར་པོ། རྩེ་མོ་རྒྱ་གླིང་གི་གཤམ་ཁ་ལྟར་སྦོམ་དུ་སོང་བ་ཚངས་པའི་བུ་གར་ཧར་རེ་ཡོད་པ་གསལ་བཏབ། ཚངས་བུག་གི་སྟེང་གི་ནམ་མཁར་བླ་མ་བདེ་མཆོག་ལྷ་ལྔ་བཞུགས་པའི་སྐུའི་ཆ་ཤས་ཐམས་ཅད་ལས་བདུད་རྩིའི་རྒྱུན་ཤེལ་དཀར་བཞུ་བའི་ཁུ་བ་ལྟ་བུར་བབས། ཁྱེད་རང་གི་ཚངས་བུག་ནས་ཞུགས། སྨིན་མཚམས་ཡན་ཆད་གང་བས་བུམ་པའི་དབང་ཐོབ་པའི་མོས་པ་མཛོད། ཡི་གེ་བདུན་པ་དང་ཌཱ་དྲིལ་བྱ་བ་འོག་ཏུ་འགྲེ།
ཡང་བླ་མའི་མགྲིན་པ་ནས་འོད་ཟེར་དཀར་དམར་ཉི་ཟླ་འདྲེས་པ་ལྟ་བུ་འཕྲོས། ཁྱེད་རང་གི་མགྲིན་པ་ནས་ཞུགས། ལུས་ཐམས་ཅད་ཁེངས་པས་གསང་བའི་དབང་ཐོབ་པའི་མོས་པ་མཛོད།
ཡང་མདུན་བསྐྱེད་ཀྱི་ཡུམ་ལས་ཡུམ་དེ་འདྲ་བ་ཞིག་ཆད། ཁྱེད་རང་བདེ་མཆོག་གི་སྐུར་གསལ་བའི་ཡུམ་རྡོ་རྗེ་ཕག་མོ་ལ་ཐིམ། དེ་དང་སྙོམས་འཇུག་བྱས་པས་དགའ་བཞིའི་ཡེ་ཤེས་སྐྱེས་ཏེ་དབང་གསུམ་པ་ཐོབ་པའི་མོས་པ་མཛོད།
སྤྱི་བོའི་ལྷ་ཚོགས་ཁྱེད་རང་ལ་ཐིམ་པས་ཇེ་གསལ་ཇེ་དྭངས་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སོང་བར་བསམ་ལ་བརྗོད་མེད་དུ་མཉམ་པར་བཞག་པས་དབང་བཞི་པ་ཐོབ་པའི་མོས་པ་མཛོད། །ཅེས་སོ་སོའི་མཐར་ཌཱ་དྲིལ་དང་ཡི་གེ་བདུན་པ་བཟླ།
གཙོ་བོས་སོགས་རྗེས་ཀྱི་ཆོས་གསུམ་དང་མཇུག་ཆོག་རྣམས་བབས་ཐོབ་ཤེས་པར་བྱའོ།།


Integration with the Guru (based on lam khyer gyi dbang)
༈ ལམ་ཁྱེར་རྣམ་གསུམ་ལས་བླ་མ་ལམ་ཁྱེར་གྱི་བཀའ་བཞུགས།།
བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ།
།འདིར་བླ་མ་ལམ་ཁྱེར་གྱི་དབང་ལ་གསུམ་སྟེ། སྦྱོར་དངོས་རྗེས་སོ།
།དང་པོ་མཎྜལ་ཆང་དང་བདུད་རྩི་ལྔས་བྱུགས་ནས་དེ་ལ་པདྨ་འདབ་བཞི་ལྟེ་བ་སེར། ཤར་མཐིང་། ལྷོ་སེར། ནུབ་དམར། བྱང་ལྗང་། གོང་རས་དེ་ཉིད་ལ་མུ་ཁྱུད་ནག་པོ། ཁྱམས་ཕྱོགས་མདོག །དེ་ལ་མེ་ཏོག་གི་ཚོམ་བུ་ལྔ་བཀོད། མཆོད་གཏོར་དང་ཚོགས་བཤམ་མོ།
དེ་ནས་གཉིས་པ་དངོས་གཞི་ལ། བདག་བསྐྱེད་ལྷ་ལྔའི་སྐབས་བཞིན་སྔོན་དུ་སོང་བས། མདུན་བསྐྱེད་སུམྦྷས་བསང་། སྭ་བྷཱ་ཝས་སྦྱང་།
སྟོང་པའི་ངང་ལས་མདུན་གྱི་པདྨའི་ལྟེ་བ་དང་འདབ་མ་རྣམས་སུ་ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེ། དེའི་དབུས་སུ་རྩ་བའི་བླ་མ་དང་འཁོར་ལོ་བདེ་མཆོག་ཐ་དད་མེད་པ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། རྡོར་དྲིལ་ཐུགས་ཀར་བསྣོལ་བ། མཁའ་འགྲོ་མ་བཞི་གཡས་ཌཱ་མ་རུ་དང་། གཡོན་ཐོད་པ་བསྣམས་པ་སྐུ་མདོག་དཀར་གསལ་དང་བཅས་པའོ། །དེའི་ཤར་གྱི་འདབ་མ་ལས་དགྱེས་མཛད་རྡོ་རྗེ་སྐུ་མདོག་དཀར་པོ་རྡོར་དྲིལ་ཐུགས་ཀར་བསྣོལ་བ། ལྷོར་གསང་བ་འདུས་པ་སེར་པོ་རྡོར་དྲིལ་ཐུགས་ཀར་བསྣོལ་བ། ནུབ་ཏུ་མ་ཧཱ་མཱ་ཡཱ་དམར་པོ་རྡོར་དྲིལ་ཐུགས་ཀར་བསྣོལ་བ། བྱང་དུ་རྡོ་རྗེ་འཇིགས་བྱེད་ལྗང་ཁུ་གྲི་གུག་དང་ཐོད་ཁྲག་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། ཐམས་ཅད་ཀྱང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དེ་དག་གི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ལྟེ་བར་ཧཱུྃ་སྣ་ཚོགས་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པའི་རྣམ་པར་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་དབང་གི་ལྷ་རིགས་ལྔ་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། གཙོ་བོའི་ཐུགས་ཀ་ནས་ཡུམ་ལྔ་བདུད་རྩིའི་བུམ་པ་ཐོག་པ་སྤྲོས། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་ཤིང་། བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་ཐམས་ཅད་ལ་རྒྱལ་བ་རིགས་ལྔས་དབུ་བརྒྱན་པར་གྱུར། ཞེས་གནས་གསུམ་བྱིན་རླབས་དང་དབང་བསྐུར་བྱ།
དེ་ནས་ཕྱི་ནང་གསང་བའི་མཆོད་པ་འབུལ་བ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜལ་ས་པ་རི་ཝཱ་ར་རེ་རེའི་མགོར་སྦྱར་ནས་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ་གི་བར་གྱིས་ཕྱི་མཆོད་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜལ་ས་པ་རི་ཝཱ་ར་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ།
རང་གི་སྙིང་ཁ་ནས་སོ་སོའི་ཡུམ་རྣམས་སྤྲོས། དེ་རྣམས་དང་སྙོམས་པར་ཞུགས་པས་བདེ་བས་མཉེས་པར་གྱུར། ཅེས་གསང་བའི་མཆོད་པའོ།
།གང་གི་དྲིན་གྱིས་བདེ་ཆེན་ཉིད། །ཅེས་ཚིགས་བཅད་གཅིག་དང་།
སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རབ་རྫོགས་པའི། །དཀྱིལ་འཁོར་ལྔ་པོ་ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་འཚལ་ལོ། །ཞེས་བསྟོད། ཡིག་རྙིང་དང་ངག་ཆོས་ཀྱི་ཟིན་བྲིས་གཉིས་ལས་བདག་འཇུག་གི་གསལ་ཁ་མི་སྣང་བས་དཔྱད།
༈ དེ་ནས་སློབ་མ་རྣམས་ཁྲུས་ཕྱག་གིས་འཁོད་མཎྜལ་ཕུལ་ལ་འདི་སྐད་བརྗོད།
ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཆོས་ཟབ་མོ་གསན་ལ་དོན་ཉམས་སུ་བཞེས་སྙམ་པའི་ཐུགས་བསྐྱེད་གསལ་བཏབ་འཚལ། གསན་པར་བྱ་བའི་ཆོས་ནི་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཆོས་སྐོར་རྣམས་ལས་ཕྱག་ཆེན་བཀའ་ལྔའི་ནང་ཚན་བླ་མ་ལམ་ཁྱེར་གྱི་བཀའ་འབུལ་བ་ཡིན། དེ་ལ་བླ་མའི་བྱ་བ་རྣམས་གྲུབ་ཟིན། སློབ་མ་ལ་བྱ་རྒྱུའི་ཆོས་དེ་ལ་སྔོན་འགྲོ་དང་དངོས་གཞི་གཉིས་ལས། དང་པོ་ལ་བསམ་པ་འདི་བཞིན་མཛོད།
རང་རེ་རྣམས་རྙེད་པར་དཀའ་བའི་དལ་འབྱོར་གྱི་མི་ལུས་ལན་གཅིག་ཐོབ་པའི་སྐབས་འདིར་ལམ་ཟབ་མོ་ལ་འབད་དགོས། དེ་ཡང་ད་ལྟ་ནས་མ་འབད་ན་ཚེ་ལ་ལོང་མེད། ངེས་པར་འཆི། ནམ་འཆི་ལ་ཆ་མེད། འཆི་ཚེ་ནོར་ལོངས་སྤྱོད་སོགས་ཁྱེར་དབང་མེད། སེམས་ཁུངས་མེད་དུ་མི་འགྲོ་བར་སྐྱེ་བ་ལེན་དགོས། གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས། དེ་ལྟ་བུའི་སྡུག་བསྔལ་རང་ལ་མི་འབྱུང་ལ་གཞན་རྣམས་སྐྱོབ་ཐུབ་པ། རྫོགས་པའི་སངས་རྒྱས་ལས་གཞན་མེད་པས་དེ་འཐོབ་པར་བྱ་དགོས།
དེའི་སླད་དུ་ཐོག་མར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད།
དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སོགས་གསུམ།
དེ་ནས་མདུན་གྱི་མཎྜལ་གྱི་ལྷ་ཚོགས་རྣམས་ཀྱི་སྤྱན་སྔར་རྒྱུན་བཤགས་བྱ་བ་འདིའི་རྗེས་ཟློས་མཛོད།
དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་གསུམ།
ཁྱེད་རང་གི་གནས་གསུམ་དུ་དྲི་བཟང་གི་ཐིག་ལེ་བྱས་པས། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་བྱུང་སྟེ། དེ་རྣམས་ཀྱི་འོད་ཀྱིས་ལུས་གང་བས། ལུས་ངག་ཡིད་གསུམ་གྱི་དྲི་མ་དག་པར་གྱུར་པའི་མོས་པ་མཛོད།
སྙིང་གར་ཟླ་བ་རྡོ་རྗེའི་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད།
ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི།
སློབ་དཔོན་གྱིས་སྙིང་ཁར་རྡོ་རྗེ་བཞག་ནས་བརྟན་པར་བྱས་པའི་མོས་པ་མཛོད།
ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿ སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཞེས་དང་། བདུད་རྩི་བྱིན་ལ།
འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་སྲུང་ན་དངོས་གྲུབ་ནི། །ཡེ་ཤེས་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་བཛྲ་སརྦ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཧཱུྃ། ཞེས་དམ་བཞག་བྱ།
ཡེ་ཤེས་དབབ་པའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད།
བདེ་བར་གཤེགས་པ་ཐམས་ཅད་ཀྱིས། །བྱིན་གྱིས་བརླབས་པའི་ཡེ་ཤེས་མཆོག །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གཙོ་བོས་བདག་ལ་སྩལ་དུ་གསོལ། །གསུམ།
ངག་དབང་ཆོས་གྲགས་ཀྱི་ཡི་གེ་དང་ཡིག་རྙིང་མཐུན་པར། དེ་ནས་དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། འཁོར་བའི་ཉེས་དམིགས། ཐུན་མོང་དང་ཁྱད་པར་གྱི་སྐྱབས་འགྲོ། སྨོན་འཇུག་གཉིས་སུ་སེམས་བསྐྱེད་པ། དཀྱིལ་འཁོར་དུ་གཞུག །གསོལ་བ་གདབ་པ། གནང་བ་སྦྱིན་པ། རྟོག་པ་བསྡུ་བ། ཡན་ལག་ལྔ་བྱ་བ། གསང་སྔགས་འབྱུང་བ་དཀའ་བར་བཤད་པའོ། །ཞེས་སྔོན་འགྲོ་བཅུ་པ་ལ་ཁ་འཕང་འདུག་ཀྱང་འདི་ཙམ་མཛེས་སོ་སྙམ་ནས་བྲིས་སོ།
།གཉིས་པ་ཡེ་ཤེས་དབབ་པ་ནི།
ཁྱེད་རང་རྣམས་ཀྱི་སྤྱི་བོར་པཾ་ལས་པདྨ་འདབ་མ་བཞི་པ། དེའི་ལྟེ་བ་དང་འདབ་མ་རྣམས་སུ་ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེ། དེའི་དབུས་སུ་རྩ་བའི་བླ་མ་འཁོར་ལོ་སྡོམ་པ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། རྡོར་དྲིལ་ཐུགས་ཀར་བསྣོལ་བ། ཤར་དུ་དགྱེས་པ་རྡོ་རྗེ་དཀར་པོ་རྡོར་དྲིལ་ཐུགས་ཀར་བསྣོལ་བ། ལྷོར་གསང་བ་འདུས་པ་སེར་པོ་རྡོར་དྲིལ་ཐུགས་ཀར་བསྣོལ་བ། ནུབ་ཏུ་མ་ཧཱ་མཱ་ཡཱ་དམར་པོ་རྡོར་དྲིལ་ཐུགས་ཀར་བསྣོལ་བ། བྱང་དུ་རྡོ་རྗེ་འཇིགས་བྱེད་ལྗང་ཁུ་གྲི་གུག་དང་ཐོད་ཁྲག་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། ཐམས་ཅད་ཀྱང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་བསྐྱེད་པའི་བླ་མའི་སྤྱི་བོ་ནས་འོད་ཟེར་འཕྲོས། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བདུད་རྩི་བླ་མ་ལ་བསྟིམ་པས་ཟག་པ་མེད་པའི་བདེ་བ་རྒྱས་པར་གྱུར་པའི་མོས་པ་མཛོད། ཌཱ་དྲིལ་བྱ།
དབང་དངོས་གཞི་ཞུ་བའི་དོན་དུ་ཁྱེད་རང་གི་མདུན་དུ་ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་རང་ལུས་ཤ་ལྔ་བདུད་རྩི་ལྔར་བསམ་ལ་ཕུལ་བའི་མོས་པ་མཛོད།
ཡང་སྟོང་གསུམ་འདིའང་གསེར་གྱིས་བཀང་བའི་མཎྜལ་ཕུལ་བར་བསམ་ལ་འདིའི་རྗེས་ཟློས་མཛོད།
བུམ་པའི་དབང་བསྐུར་དུ་གསོལ། སྐུའི་བྱིན་རླབས་གཞུག་ཏུ་གསོལ།
ཞེས་བརྗོད་པ་དང་བླ་མའི་སྐུ་དང་ཟླ་བའི་གདན་ལས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་དཀར་པོ་བྱུང་ནས་ཁྱེད་རང་གི་སྤྱི་བོར་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་དག །སྐུའི་བྱིན་རླབས་ཞུགས། བུམ་པའི་དབང་དང་སྤྲུལ་སྐུ་ཐོབ་བྱུང་སྙམ་དུ་བསམ་མཛོད། ཌཱ་དྲིལ།
ཡང་གོང་བཞིན་ཐོད་པར་ལུས་བདུད་རྩིར་གྱུར་པས་མཆོད༴ གསེར་གྱི་མཎྜལ་ཕུལ༴ འདིའི་རྗེས་ཟློས་མཛོད།
གསང་བའི་དབང་༴ གསུང་གི་༴
ཞེས་གསོལ་བ་བཏབ་པས་བླ་མའི་མགྲིན་པ་ནས་འོད་ཟེར་འཕྲོས། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གསུང་གི་བདུད་རྩི་སྤྱན་དྲངས་མགྲིན་པར་ཐིམ་པས་དེའི་མགྲིན་པ་ནས་ཀྱང་བདུད་རྩི་དཀར་དམར་བྱུང་ནས་ཁྱེད་རང་གི་ལྕེ་ཐོག་ཏུ་སླེབས་པས་ངག་གི་སྡིག་སྒྲིབ་དག །གསུང་གི་བྱིན་རླབས་ཞུགས། གསང་བའི་དབང་དང་ལོངས་སྐུ་ཐོབ་བྱུང་སྙམ་དུ་མཛོད། ཌཱ་དྲིལ།
ཡང་ཐོད་པར་ལུས༴ ཤེས་རབ་ཡེ་ཤེས་ཀྱི༴ ཐུགས་ཀྱི༴
ཞེས་གསོལ་བ་བཏབ་པས། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཐུགས་ཀྱི་བདུད་རྩི་སྤྱན་དྲངས་ཐུགས་ཀར་ཐིམ་པས། དེའི་ཐུགས་ཀ་ནས་ཀྱང་བདུད་རྩི་སྔོན་པོ་བྱུང་སྟེ་ཁྱེད་རང་གི་སྙིང་ཁར་ཐིམ་པས་ཡིད་ཀྱི་སྡིག་སྒྲིབ་དག །ཐུགས་ཀྱི་བྱིན་རླབས་ཞུགས། དབང་གསུམ་པ་དང་ཆོས་སྐུ་ཐོབ་བྱུང་སྙམ་དུ་མཛོད།
དེ་ནས་ཡང་ཐོད་པར་ལུས་བདུད་རྩིར་གྱུར་པས། མཆོད་དེ་གསེར་གྱི་མཎྜལ་ཕུལ་ལ་འདིའི་རྗེས་ཟློས་མཛོད།
དབང་བཞི་པ་བསྐུར་དུ་གསོལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་གཞུག་ཏུ་གསོལ།
ཞེས་གསོལ་བ་བཏབ་པས། ཕྱོགས་བཞིའི་ལྷ་ཚོགས་དབུས་ཀྱི་བླ་མ་ལ་ཐིམ། ཐུགས་ཀའི་འོད་ཟེར་གྱིས་ནམ་མཁའི་དབྱིངས་ཁྱབ་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བླ་མ་ལ་ཐིམ་པས། བླ་མ་འོད་དང་འོད་ཟེར་གྱི་རང་བཞིན་དུ་གྱུར་ནས་ཁྱེད་རང་གི་སྤྱི་བོ་ནས་ཆེམ་ཆེམ་འུར་འུར་འདུག་པ་ལ་གསོལ་བ་དྲག་པོ་བཏབ་པའི་རྐྱེན་གྱིས་ཁྱེད་རང་གི་སྤྱི་བོར་ཐིམ་ཏེ། ལུས་འོད་ཕུང་དུ་ཡལ་ནས་སེམས་མ་བཅོས་པར་བཞག་པས། ལུས་ངག་ཡིད་གསུམ་ཐ་དད་དུ་འཛིན་པའི་རྟོག་པ་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། དབང་བཞི་པ་དང་བདེ་བ་ཆེན་པོའི་སྐུ་ཐོབ་བྱུང་སྙམ་དུ་མཛོད།
དེ་ཡང་ཡེ་ཤེས་རྒྱ་མཚོ་ལས། བླ་མའི་སྐུ་ཡི་དཀྱིལ་འཁོར་ལས། །དབང་བཞི་ཡོངས་སུ་རྫོགས་པར་ཞུས། །ས་ལམ་རིམ་པས་བགྲོད་པར་བྱེད། །ཅེས་གསུངས་པ་ལྟར་གྱི་དགོས་དོན་ཚང་བ་ལགས།
གསུམ་པ་ནི། ཚོགས་ལ་ལོངས་སྤྱོད། གཏོར་མ་བཏང་། བཟོད་པར་གསོལ། ཡེ་ཤེས་པ་གཤེགས། དམ་ཚིག་པ་མི་དམིགས་པར་བྱ། རྗེས་བསྔོ་བ་བྱ། བླ་མ་ལམ་ཁྱེར་གྱི་དབང་རྫོགས་སོ། །བདེ་ལེགས་སུ་གྱུར་ཅིག། །།


Integration with the yidam (based on lam khyer gyi dbang)
༼༈ ལམ་ཁྱེར་རྣམ་གསུམ་ལས་ཡི་དམ་ལམ་ཁྱེར་གྱི་བཀའ་བཞུགས།།༽
ན་མཿཙཀྲ་སམ་བྷ་ར།
ཡི་དམ་ལམ་ཁྱེར་གྱི་དབང་འདི་ལ་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ།
།དང་པོ་པདྨ་འདབ་བཞིའི་ལྟེ་བ་དང་། ཤར་མཐིང་། ལྷོ་སེར། ནུབ་དམར། བྱང་དང་གོང་རས་ལྗང་ཁུ། མུ་ཁྱུད་ནག་པོ། ཁྱམས་ཕྱོགས་ཚོན། དེ་ལ་མེ་ཏོག་མཆོད་གཏོར་གོང་བཞིན་བྱས་ནས། བདག་བསྐྱེད་སྔོན་དུ་སོང་བས་མདུན་བསྐྱེད་སུ་མྦྷ་ནིས་བསང་། སྭ་བྷཱ་ཝས་སྦྱང་།
སྟོང་པའི་ངང་ལས་པདྨ་འདབ་མ་བཞི་པའི་ལྟེ་བ་དང་འདབ་མ་རྣམས་ཀྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར། དེའི་དབུས་སུ་འཁོར་ལོ་སྡོམ་པ་སྐུ་མདོག་དཀར་ལ་སྔོ་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། རུས་པ་དང་རིན་པོ་ཆེས་བརྒྱན་པ། དེའི་པང་ན་རྡོ་རྗེ་ཕག་མོ་དམར་མོ་གྲི་གུག་དང་ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད་པ། ཤར་གྱི་འདབ་མ་ལ་མཁའ་འགྲོ་མ་དཀར་མོ། བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་ཁཎྜ་རོ་ཧི་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ་རྣམས་གཡས་གྲི་གུག་ཕྱར་ཞིང་། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། གྲུ་མོ་ན་ཁ་ཊྭཱཾ་ག་ཞབས་གཡས་བརྐྱང་པས་རོའི་གདན་མནན་ཅིང་། གཡོན་བསྐུམ་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ། ཐམས་ཅད་ཀྱང་རུས་པ་དང་རིན་པོ་ཆེས་བརྒྱན་པ། མེ་རི་འབར་བའི་དབུས་ན་བཞུགས་པའོ།
།དེ་དག་གི་དཔྲལ་བའི་ཨོཾ་དཀར་པོ་ནས་ རིགས་ལྔས་དབུ་བརྒྱན་པར་གུར། ཞེས་པའི་བར། བླ་མ་ལམ་ཁྱེར་གྱི་སྐབས་བཞིན་དང་། མཆོད་བསྟོད་བདེ་མཆོག་ལྷ་ལྔའི་སྐབས་བཞིན་བྱ། དེ་ནས་སློབ་མ་རྣམས་མདུན་དུ་འཁོད་པ་ལ། ཡེ་ཤེས་དབབ་པའི་གསོལ་བཏབ་ཡན་བླ་མ་ལམ་ཁྱེར་དུ་དྲངས་པ་ལྟར་བྱ།
དེ་ནས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་བདེ་མཆོག་ལྷ་ལྔའི་ཐུགས་རྒྱུད་བསྐུལ་བས། དེ་དང་འདྲ་བའི་ལྷ་ཚོགས་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་གང་། ལུས་སེམས་བདེ་བས་ཁྱབ་པར་གྱུར། ཡང་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོའི་ཚོགས་ཐམས་ཅད་ཀྱང་། ལྷ་ལྔའི་རྣམ་པར་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ཀྱི་ལུས་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད།
ཡི་གེ་བདུན་པའི་མཐར། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བརྗོད་ལ་སྤོས་དང་ཌཱ་དྲིལ་བྱ།
གཉིས་པ་དབང་དངོས་གཞི་ཞུ་བའི་དོན་དུ་ཁྱེད་རང་གི་མདུན་དུ་ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་རང་ལུས་ཤ་ལྔ་བདུད་རྩི་ལྔར་བསམ་ལ་མཆོད་པ་ཕུལ། སྟོང་གསུམ་འདིའང་གསེར་གྱིས་བཀང་བའི་མཎྜལ་དུ་བཀོད་ནས་ཕུལ་བར་མོས་ལ་འདིའི་རྗེས་ཟློས་མཛོད།
བུམ་པའི་དབང་བསྐུར་དུ་གསོལ། སྐུའི་བྱིན་རླབས་གཞུག་ཏུ་གསོལ།
ཞེས་གསོལ་བ་བཏབ་པས། བདེ་མཆོག་གི་སྨིན་མཚམས་ནས་བདེ་མཆོག་སྐུ་ཆུང་ལ་ཡན་ལག་དོད་པ་དཔག་ཏུ་མེད་པ་གར་སྟབས་ལིང་ལིང་བྱུང་ནས་ཁྱེད་རང་གི་སྤྱི་བོར་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་དག་ནས་བུམ་དབང་དང་། སྤྲུལ་སྐུ་ཐོབ་པའི་མོས་པ་མཛོད། ཌཱ་དྲིལ།
ཡང་མཆོད་པ་དང་མཎྜལ་སྔར་བཞིན་ཕུལ་ནས་འདིའི་རྗེས་ཟློས་མཛོད།
གསང་བའི་དབང་བསྐུར་དུ་གསོལ། གསུང་གི་བྱིན་རླབས་གཞུག་ཏུ་གསོལ།
ཞེས་གསོལ་བ་བཏབ་པས། བདེ་མཆོག་གི་མགྲིན་པ་ནས༴ ཁྱེད་རང་གི་མགྲིན་པར་ཐིམ་པས་ངག་གི་སྡིག་སྒྲིབ་དག་ནས་གསང་དབང་དང་ལོངས་སྐུ་ཐོབ་པའི་མོས་པ་མཛོད། ཌཱ་དྲིལ།
ཡང་མཆོད་པ་སོགས་ནས།
ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དུ་གསོལ། ཐུགས་ཀྱི་བྱིན་རླབས་གཞུག་ཏུ་གསོལ།
ཞེས་གསོལ་བ་བཏབ་པས། བདེ་མཆོག་སྙིང་ཁ་ནས་བདེ་མཆོག་སྐུ་ཆུང་ལ་ཡན་ལག་དོད་པ་དཔག་ཏུ་མེད་པ་གར་སྟབས་ལིང་ལིང་བྱུང་ནས་ཁྱེད་རང་གི་སྙིང་ཁར་ཐིམ་པས་ཡིད་ཀྱི་སྡིག་སྒྲིབ་དག་ནས་དབང་གསུམ་པ་དང་། ཆོས་སྐུ་ཐོབ་པའི་མོས་པ་མཛོད། ཌཱ་དྲིལ།
ཡང་མཆོད་པ་དང་སོགས་ནས།
དབང་བཞི་པ་བསྐུར་དུ་གསོལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་གཞུག་ཏུ་གསོལ།
ཞེས་གསོལ་བ་བཏབ་པས། བདེ་མཆོག་གི་གནས་གསུམ་ནས་བདེ་མཆོག་སྐུ་ཆུང་ལ་ཡན་ལག་དོད་པ་དཔག་ཏུ་མེད་པ་གར་སྟབས་ལིང་ལིང་བྱུང་ནས་ཁྱེད་རང་གི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་གྱི་སྡིག་སྒྲིབ་དག་ནས་དབང་བཞི་པ་དང་བདེ་བ་ཆེན་པོའི་སྐུ་ཐོབ་པའི་མོས་པ་མཛོད། ཌཱ་དྲིལ།
རྗེས་ཡོན་དབུལ། ཚོགས་ལ་ལོངས་སྤྱོད། གསུམ་པ་མཎྜལ་གྱི་རྗེས་བསྡུ་བ་ནི་གོང་བཞིན་ནོ།། །།ཡི་དམ་ལམ་ཁྱེར་གྱི་དབང་རྫོགས་སོ།། །།


Integration with the Illusion (based on lam khyer gyi dbang)
༼༈ ལམ་ཁྱེར་རྣམ་གསུམ་ལས་སྒྱུ་མའི་ལམ་ཁྱེར་གྱི་བཀའ་བཞུགས།།༽
ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི་མ་ཧཱ་ཀཱ་ལཱ་ཡ།
སྣང་སེམས་ལྷ་སྐུ་སྒྱུ་མའི་ལམ་ཁྱེར་གྱི་དབང་ནི། ཆོས་དྲུག་སྤྱིའི་དབང་བསྐུར་བཞིན་བྱའོ། །སྒྱུ་མའི་ལམ་ཁྱེར་གྱི་དབང་བསྐུར་རྫོགས་སོ། །ལམ་ཁྱེར་གསུམ་གྱི་ཁྲིད་དང་ལུང་མ་ཆད་པར་བྱའོ། །གའུ་མ་འོད་གསལ་གྱི་ཟབ་ཆོས། འཆི་མེད་བར་དོའི་ཟབ་ཆོས། འཆུག་མེད་ལམ་ཁྱེར་སྒྱུ་ལུས་རྨི་ལམ་གྱི་ཟབ་ཆོས། མཁའ་སྤྱོད་དམར་མོ་ལ་སོགས་པ་འཕོ་བའི་ཟབ་ཆོས་ཡིན་གསུངས་སོ། །སྨྲས་པ། བྱིན་རླབས་དབང་གི་སྒོ་གླེགས་མཚམས་ཕྱེ་སྟེ། །ཟབ་ཁྲིད་རིན་ཆེན་དོ་ཤལ་སྤེལ་བའི་སྲོལ། དཔལ་ལྡན་ཤངས་པའི་ཆོས་ཀྱི་ཟབ་ཁྱད་ཡིན། དེ་ཕྱིར་འདི་འདྲ་ཉམས་ལེན་སྐལ་པ་བཟང་། །ཤངས་ཆོས་ནི་གུའི་སྐོར་གཞུང་བཀའ་ཕྱི་མ་རྣམས་ཀྱི་ཕྱག་ལེན་བདེ་ཆེན་སྙེ་མའི་ཆུན་པོ་ཞེས་བྱ་བ། བློ་གསལ་རི་ཁྲོད་པས་སྦྱར་བ་ལས། ཕྱག་ཆེན་བཀའ་ལྔ་རྫོགས་སོ།། །།


Initiation of White Kechari (based on mkha' spyod dkar mo dang gsum phrugs kyi byin rlabs)
༼༈ མཁའ་སྤྱོད་དཀར་མོའི་བྱིན་རླབས་བཞུགས་སོ།།༽
༈ བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ།
།འདིར་མཁའ་སྤྱོད་བཀའ་ལྔ་ལ། མཁའ་སྤྱོད་མ་དཀར་མོ། མཁའ་སྤྱོད་མ་དམར་མོ། མཁའ་སྤྱོད་མ་གསུམ་ཕྲུགས། རྗེས་སུ་ཡི་རང་། སྨོན་ལམ་བཀའ་རྒྱ་མ་དང་ལྔའོ།། །།
༈ དེ་ལས་མཁའ་སྤྱོད་དཀར་མོའི་བྱིན་རླབས་བཞུགས་སོ།།
།།མ་དང་མཁའ་འགྲོས་རྗེས་བཟུང་དངོས་གྲུབ་བརྙེས། །ཆོས་ཀྱི་རྒྱལ་སྲིད་མཐོན་པོར་དབང་གིས་ཕྱུག །བསྟན་པའི་རྩ་བ་རབ་བརྟན་རྡོ་རྗེའི་སྐུ། །རྗེ་བཙུན་བླ་མའི་ཞབས་ལ་སྤྱི་བོས་འདུད། །དེ་ལ་འདིར་མེ་ཏོག་མཁའ་སྤྱོད་དཀར་དམར་ལ།
དེ་གཉིས་དང་། དཀར་དམར་གསུམ་ཕྲུགས་རྣམས་སུ་ཡོད་པ་ལས། དང་པོ་དཀར་མོའི་བྱིན་རླབས་བྱ་ཚུལ་ནི།
མདུན་གྱི་སྟེགས་བུའི་སྟེང་དུ་རྡུལ་ཚོན་དཀར་པོའི་ཆོས་འབྱུང་མཐའ་མེ་རི་དཀར་པོས་བསྐོར་བ། ཆོས་འབྱུང་གི་དབུས་སུ་ཧྲཱིཿཡིག་འབྲི། ཡང་ན་ཚོན་སྤུང་དཀར་པོ་བྱས་ཀྱང་ཆོག །དེའི་མཐར་མཆོད་པ་དང་གཏོར་མ་བཤམ། དེ་ནས་སློབ་དཔོན་རང་ཉིད་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ལ།
རང་ཉིད་བདེ་མཆོག་ལྷན་སྐྱེས་སྔོན་པོར་སྐད་ཅིག་གིས་ལམ་གྱིས་གསལ་བར་གྱུར་པར་བསྒོམ་ལ། ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཅེས་ཡི་གེ་བདུན་པ་ཅི་རིགས་པ་བཟླ། དེ་ནས་མདུན་གྱི་ཆོས་འབྱུང་ལ་དམིགས་ནས། སུམྦྷ་ནིས་བསང་། སྭ་བྷཱ་ཝས་སྟོང་པར་སྦྱང་།
སྟོང་པའི་ངང་ལས་ཆོས་འབྱུང་གི་དབུས་སུ་ཡི་གེ་ཧྲཱིཿདཀར་པོ་གཅིག་ཏུ་གྱུར། ཧྲཱིཿདེ་ལས་འོད་འཕྲོས། དོན་གཉིས་བྱས། ཚུར་འདུས་ཧྲཱིཿལ་ཐིམ། ཧྲཱིཿདེ་འོད་དུ་ཞུ་བ་ལས། ཇོ་མོ་མཁའ་སྤྱོད་མ་དཀར་མོ་སྤྱན་གསུམ་ནམ་མཁའ་ལ་ཧྲིག་གེར་གཟིགས་པ། ཞལ་གཅིག་ཕྱག་གཉིས་མ། ཞལ་མཆེ་བ་གཙིགས་ཤིང་བཞད་པ། སྐུ་མདོག་དཀར་མོ་རུས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་གྲི་གུག་འཕྱར་བ་གཡོན་ཐོད་པ་ཁྲག་གིས་བཀང་བ་ཕྱིར་བསྟན་ནས་འཛིན་པ། ཞབས་གཉིས་རྒྱབ་ངོས་ནས་ཕྲག་པ་ལ་བཀལ་བ། གཅེར་བུ་སྐྲ་གྲོལ་བ། ཐོད་སྐམ་ལྔའི་དབུ་རྒྱན་དང་། ཐོད་སྐམ་ལྔ་བཅུའི་དོ་ཤལ་བྱས་པ། སྐུ་ཤ་རྒྱས་ཤིང་ནུ་མ་འབུར་བ། གཞོན་ནུ་ལང་ཚོ་དར་ལ་བབས་པ། མེ་རི་དཀར་པོའི་དབུས་ན་བཞུགས་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འོག་མིན་ནས་རྗེ་བཙུན་མཁའ་སྤྱོད་དཀར་མོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ།
ཨོཾ་བཛྲ་ས་མཱ་ཡ་ཛཿ ཛཿཧཱུྃ་བྃ་ཧོཿ མདུན་བསྐྱེད་ལ་གཉིས་སུ་མེད་པར་ཐིམ།
མཆོད་པ་བྱིན་རླབས་དཀྱུས་བཞིན་མདོར་བསྡུས་བྱས་ལ།
ཨོཾ་བཛྲ་ཡོ་གི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས་ ཤབྡ་ཨཱཿཧཱུྃ་གི་བར་ཕྱི་མཆོད་དང་།
ཨོཾ་བཛྲ་ཡོ་གི་ནཱི་ས་པ་རི་ཝཱ་ར་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ།
དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་བརྙེས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་གཏོར་མ་བྱིན་གྱིས་བརླབ། ཨོཾ་བཛྲ་ཡོ་གི་ནཱི་ས་པ་རི་ཝཱ་ར་ཨི་དམ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་གཏོར་མ་ཕུལ། ཕྱི་ནང་གི་མཆོད་པ་དང་བསྟོད་པ་རྣམས་གོང་བཞིན་བྱ། འདོད་པའི་དོན་ལ་གསོལ་བ་གདབ། དེ་ནས་མཎྜལ། གསོལ་བཏབ་རྒྱུན་བཤགས་ནས་བཟུང་། གཙོ་བོས་ཇི་ལྟར་སོགས་ཀྱི་བར་སློབ་མ་ལ་བྱ་བ་བཞིན་དུ་སློབ་དཔོན་རང་གིས་བདག་འཇུག་གི་ཚུལ་དུ་བླངས་ཏེ་བླ་མའི་བྱ་བ་བསྟན་ཟིན་ནོ།།
།།གཉིས་པ། དེ་ནས་སློབ་མ་རྣམས་བོས་ལ་ཁྲུས་ཕྱག་སྔོན་འགྲོས་གྲལ་ལ་འཁོད། མཎྜལ་ཕུལ། སློབ་དཔོན་གྱིས།
འོ་ནམ་མཁའ་དང་མཉམ་པའི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་འཐོབ་པར་བྱ། དེའི་ཆེད་དུ་དམ་པའི་ཆོས་གསན་སྙམ་པའི་ཀུན་སློང་དང་ཀུན་སྤྱོད་རྣམ་པར་དག་པ་ཐེག་པ་ཆེན་པོའི་གཞུང་ལུགས་དྲི་མ་མེད་པ་རྣམས་ནས་བྱུང་བ་བཞིན་གསལ་བཏབ་ནས་གསན་པར་ཞུ།
གསན་པར་བྱ་རྒྱུའི་ཆོས་ནི། འདིར་ནི་གུཔྟ་ཞེས། ངེས་པར་སྦས་པའམ། ངེས་པར་གསང་བ་ཞེས་པ་དེ་ཅུང་ཟད་ཟུར་ཆག་པ། ནི་གུ་མ་ཞེས་ཡོངས་སུ་གྲགས་པའི་མཁའ་ལ་སྤྱོད་པའི་དབང་མོ་འཇའ་ལུས་འཆི་བ་མེད་པའི་སྐུ་ཅན་དེས། གངས་ཅན་གྱི་རྣལ་འབྱོར་དབང་པོ་ཁྱུང་པོ་ལོ་ཙཱ་བ་དང་། དེ་རྗེས་གྲུབ་པའི་འཁོར་ལོས་སྒྱུར་བ་ཐང་སྟོང་རྒྱལ་པོ་ཞལ་དངོས་སུ་བསྟན་ནས་གནང་བའི་ཉེ་བརྒྱུད་ཁྱད་པར་ཅན་དང་བཅས་པའི་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བ་མཁའ་སྤྱོད་དཀར་མོའི་སྒོས་བཀའ་འབུལ་བའི་སྐབས་སུ་བབ་པ་ཡིན། དེ་ལ་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་གྲུབ་ཟིན།
ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད།
དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། སོགས་གསུམ།
དེ་ནས་མདུན་གྱི་མཎྜལ་གྱི་དབུས་ན་བཞུགས་པའི་རྗེ་བཙུན་མའི་སྤྱན་སྔར་རྒྱུན་བཤགས་བྱ་བ་འདིའི་རྗེས་ཟློས་མཛོད།
དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་གསུམ།
ཁྱེད་རང་གི་གནས་གསུམ་དུ་དྲིའི་ཐིག་ལེ་བྱས་པས། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་ཁར་ཧཱུྃ་བྱུང་སྟེ། དེ་རྣམས་ཀྱི་འོད་ཀྱིས་ལུས་གང་བས། ལུས་ངག་ཡིད་གསུམ་གྱི་དྲི་མ་དག་པར་གྱུར་པའི་མོས་པ་མཛོད།
སྙིང་ཁར་ཟླ་བ་རྡོ་རྗེའི་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད།
ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི།
དེ་ཉིད་ལ་སློབ་དཔོན་གྱིས་སྙིང་ཁར་རྡོ་རྗེ་བཞག་ནས་བརྟན་པར་བྱས་པའི་མོས་པ་མཛོད།
ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿསིདྡྷི་བཛྲ་ཡ་ཐ་སུ་ཁཾ། ཞེས་བརྗོད། བདུན་རྩི་བྱིན་ལ།
འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། དམ་ཚིག་བསྲུང་ན་དངོས་གྲུབ་ནི། །ཡེ་ཤེས་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་བཛྲ་སརྦ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཧཱུྃ། ཞེས་དམ་བཞག་བྱ།
ཡེ་ཤེས་དབབ་པའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད།
དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །བདག་ལ་བྱིན་གྱིས་རློབས་མཛོད་ལ། །རྡོ་རྗེ་ཡེ་ཤེས་བླ་མེད་ནི། །ད་ལྟ་ཉིད་དུ་དབབ་ཏུ་གསོལ། །གསུམ།
ཁྱེད་རང་མཁའ་སྤྱོད་མ་དཀར་མོར་གསལ་བའི་ངང་ནས་སློབ་དཔོན་ལ་གུས་འདུད་བྱས་པས། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ལ་ཕོག །མདུན་བསྐྱེད་རྗེ་བཙུན་མའི་སྐུ་ལས་རང་དང་འདྲ་བའི་རྗེ་བཙུན་མའི་སྐུ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་གི་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་འོད་ཀྱིས་གང་། ལུས་སེམས་ཐམས་ཅད་བདེ་བས་ཁྱབ་པར་གྱུར། ཡང་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོའི་ཚོགས་ཐམས་ཅད་ཀྱང་། རྗེ་བཙུན་མའི་སྐུའི་རྣམ་པར་ས་གཞི་བར་སྣང་ཐམས་ཅད་ཁྱབ་པ་ཙམ་སྤྱན་དྲངས་ཏེ། ཁྱེད་རང་རྣམས་ཀྱི་ལུས་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད།
ཨོཾ་གསུམ་མའི་མཐར་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བརྗོད་ཅིང་སྤོས་རོལ་བྱ།
དེ་དག་ནི་སྔོན་འགྲོའི་རིམ་པ་ཡིན་ལ། དེ་ནས་དངོས་གཞིའི་དོན་དུ་དམིགས་པ་འདི་བཞིན་མཛོད།
མདུན་བསྐྱེད་ཆོས་འབྱུང་གི་ནང་དུ་བླ་མ་དང་ངོ་བོ་གཅིག་ལ་རྣམ་པ་ཐ་དད་པའི་མཁའ་སྤྱོད་མ་དཀར་མོ་སྤྱན་གསུམ་ནམ་མཁའ་ལ་ཧྲིག་གེ་གཟིགས་པ། ཞལ་གཅིག་ཕྱག་གཉིས་མ་ནས། མེ་རི་དཀར་པོའི་དབུས་ན་བཞུགས་པ། དེ་ཡང་ནམ་མཁའ་ལ་བྱ་ལྡིང་བ་ལྟར་ལིང་ལིང་བཞུགས་པ་ལ། དངོས་གཞིའི་བྱིན་རླབས་ཞུ་བའི་ཡོན་དུ་མཎྜལ་འབུལ་བ་ཞུ།
དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད།
བླ་མ་རིན་པོ་ཆེས་བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། ལན་གསུམ།
བླ་མ་དང་མདུན་བསྐྱེད་ཀྱི་དཔྲལ་བའི་ཨོཾ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་སྐུའི་བྱིན་རླབས་སྤྱན་དྲངས། དཔྲལ་བའི་ཨོཾ་ལ་ཐིམ། དེ་ལས་སྐུའི་ངོ་བོར་གྱུར་པའི་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་དཔྲལ་བ་ནས་ཞུགས། བུམ་པའི་དབང་ཐོབ། སྐུའི་བྱིན་རླབས་ཞུགས་པའི་མོས་པ་མཛོད། ཌཱ་དྲིལ་དང་བཅས་ཨོཾ་གསུམ་མ་བཟླ།
རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་དང་། རྗེ་བཙུན་མཁའ་སྤྱོད་དཀར་མོས་རྡོ་རྗེ་སློབ་མ་འདིའི་ལུས་དག་པ་ལྷ་སྐུར་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ།
ཡང་མགྲིན་པའི་ཨཱཿལས་འོད་ཟེར་འཕྲོས། ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་སྤྱན་དྲངས། མགྲིན་པའི་ཨཱཿལ་ཐིམ། དེ་ལས་གསུང་གི་ངོ་བོར་གྱུར་པའི་འོད་ཟེར་དམར་པོ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་མགྲིན་པ་ནས་ཞུགས། གསང་བའི་དབང་ཐོབ། གསུང་གི་བྱིན་རླབས་ཞུགས་པའི་མོས་པ་མཛོད། ཨོཾ་གསུམ་མ་དང་།
རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་སོགས་ནས། རྡོ་རྗེའི་སློབ་མ་འདིའི་ངག་དག་པ་སྔགས་སུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད།
ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་ནས། སྙིང་ཁའི་ཧཱུྃ་ལ་ཐིམ། དེ་ལས་ཐུགས་ཀྱི་ངོ་བོར་གྱུར་པའི་འོད་ཟེར་སྔོན་པོ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་ཁ་ནས་ཞུགས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་བྱིན་རླབས་ཞུགས་པའི་མོས་པ་མཛོད། སྔར་བཞིན་གྱི་མཐར། སེམས་དག་པ་ཏིང་ངེ་འཛིན་དུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ།
ཡང་གནས་གསུམ་ཀར་གྱི་ཡི་གེ་གསུམ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་སྤྱན་དྲངས། གནས་གསུམ་གྱི་ཡི་གེ་གསུམ་ལ་ཐིམ། དེ་ལས་སྐུ་གསུང་ཐུགས་ཀྱི་ངོ་བོར་གྱུར་པའི་འོད་ཟེར་དཀར་དམར་མཐིང་གསུམ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་གནས་གསུམ་ནས་ཞུགས། དབང་བཞི་པ་ཐོབ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་པའི་མོས་པ་མཛོད། ཨོཾ་གསུམ་མ་དང་།
རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་དང་། རྗེ་བཙུན་མཁའ་སྤྱོད་དཀར་མོས་རྡོ་རྗེའི་སློབ་མ་འདིའི་ལུས་ངག་ཡིད་གསུམ་བདེ་སྟོང་ཟུང་འཇུག་ཏུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ།
གཏོར་དབང་ནི་སྔར་གྱི་འབུལ་གཏོར་དེ་ཀ་ཕྱག་ཏུ་བླངས་ལ་ཨོཾ་གསུམ་མ་ཚར་གཅིག་བརྗོད།
དེས་རྐྱེན་བྱས་ནས་གཏོར་མ་མཁའ་སྤྱོད་མ་དཀར་མོར་གསལ་བ་དེ་ཉིད་བྱ་འཕུར་བ་བཞིན་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཡེར་གྱིས་བྱོན། སྐུའི་ཆ་ཐམས་ཅད་ནས་བདུད་རྩི་འོད་ཟེར་གྱི་རྒྱུན་བྱུང་། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་སིབ་སིབ་ཐིམ་པའི་མོས་པ་གནང་བར་ཞུ།
གཏོར་མ་སྤྱི་བོར་བཞག་ཅིང་། ཨོཾ་གསུམ་མའི་ཞབས་སུ་ཛཿཧཱུྃ་བྃྃ་ཧོཿ ཞེས་བཏགས་པ་བརྗོད་ལ་མཐར་བསྟིམ་མོ། །རྗེས་གཙོ་བོས་ཇི་ལྟར་སོགས་དང་། མཎྜལ། དེང་ནས་བརྩམས་ཏེ་རྣམས་དང་མཆོད་བསྟོད་བཟོད་གསོལ་སོགས་དཀྱུས་བཞིན་བྱའོ།
།མཁའ་སྤྱོད་དཀར་མོའི་བྱིན་རླབས་བཤད་ཟིན་ཏོ།། །།


Initiation of Red Kechari
༼༈ མཁའ་སྤྱོད་དམར་མོའི་བྱིན་རླབས་བཞུགས་སོ།།༽
༈ གཉིས་པ་མཁའ་སྤྱོད་དམར་མོའི་བྱིན་རླབས་ནི། སྔར་བྱིན་རླབས་གཞུང་ཤིང་བཀའ་དྲུག་གི་ནང་ཚན། འཕོ་བའི་སྒོས་བཀའ་དེ་ཀ་བསྐྱར་བ་ཡིན་པས། སྤྲོས་པ་ལ་དགའ་ན་སྐབས་འདིར་བསྐྱར་ནས་བྱ། བསྡུ་ན། མ་བྱས་ཀྱང་ཆོག་པས་མི་དགོས་གསུངས་པ་ཨྀཐི།།


Initiation of the Three Kechari (based on mkha' spyod dkar mo dang gsum phrugs kyi byin rlabs)
༼༈ མཁའ་སྤྱོད་གསུམ་ཕྲུགས་ཀྱི་བྱིན་རླབས་བཞུགས་སོ།།༽
༈ གསུམ་པ་མཁའ་སྤྱོད་གསུམ་ཕྲུགས་ཀྱི་བྱིན་རླབས་བྱ་བ་ལ་གཉིས་ཏེ་སྦྱོར་བ་དང་དངོས་སོ།
།དང་པོ་མཎྜལ་ཟླུམ་སྐོར། མུ་ཁྱུད་སྔོན་པོ་གཞི་ལྗང་ཁུའི་དབུས་སུ་འཇའ་སྐོར་ནོར་བུ་མིག་གསུམ་ལྟ་བུ་ལ་ཚོམ་བུ་རེ་རེ་འགོད། དེའི་མཐར་མཆོད་གཏོར་རྣམས་སྔར་བཞིན་བཤམ།
གཉིས་པ་དངོས་གཞི་ལ་སློབ་དཔོན་གྱི་བྱ་བའི་རིམ་པ་དང་། སློབ་མ་འཇུག་པའི་ཚུལ་གཉིས་ཀྱི་དང་པོ་བདག་བསྐྱེད་བདེ་མཆོག་ལྷན་སྐྱེས་སེར་པོ་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་ལ་བྱ་ཞིང་ཡིག་བདུན་བཟླ། དེ་ནས་མདུན་གྱི་མཎྜལ་ལ་དམིགས་ཏེ་བསང་སྦྱང་།
སྟོང་པའི་ངང་ལས་ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པའི་འཇའ་འོད་རྣམ་ལྔའི་ཟླུམ་སྐོར་ནོར་བུ་མིག་གསུམ་པ་ལྟ་བུའི་གཡས་ཀྱི་ཟླུམ་སྐོར་དུ་བླ་མ་འཁོར་ལོ་བདེ་མཆོག་གསེར་བཙོ་མ་ལྟ་བུ་རྡོ་རྗེ་དྲིལ་བུ་འཛིན་པ། མི་མགོ་དང་རུས་པའི་རྒྱན་ཆས་བརྒྱན་པ། ཡུམ་རྡོ་རྗེ་ཕག་མོ་དང་གཉིས་སུ་མེད་པར་བཞུགས་པའོ།
།དབུས་ཀྱི་ཟླུམ་སྐོར་དུ་ཇོ་མོ་མཁའ་སྤྱོད་མ་དཀར་མོ་སྤྱན་གསུམ་ནམ་མཁའ་ལ་ཧྲིག་གེ་གཟིགས་པ། ཞལ་གཅིག་ཕྱག་གཉིས་མ། ཞལ་མཆེ་བ་གཙིགས་ཤིང་བཞད་པ་སྐུ་མདོག་དཀར་མོ་རུས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་གྲི་གུག་འཕྱར་བ་གཡོན་ཐོད་པ་ཁྲག་གིས་བཀང་བ་ཕྱིར་བསྟན་ནས་འཛིན་པ། ཞབས་གཉིས་རྒྱབ་ངོས་ནས་ཕྲག་པ་ལ་བཀལ་བ། གཅེར་བུ་སྐྲ་གྲོལ་བ་ཐོད་སྐམ་ལྔའི་དབུ་རྒྱན་དང་། ཐོད་སྐམ་ལྔ་བཅུའི་དོ་ཤལ་བྱས་པ། སྐུ་ཤ་རྒྱས་ཤིང་ནུ་མ་འབུར་བ་གཞོན་ནུ་ལང་ཚོ་དར་ལ་བབ་པ། མེ་རི་དཀར་པོའི་དབུས་ན་བཞུགས་པའོ།
།གཡོན་གྱི་ཟླུམ་སྐོར་དུ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་སྐུ་མདོག་ནག་པོ། ཕྱག་གཡས་རྣམས་ན་ཐོད་སྐམ་གྱི་ཕྲེང་བ་དང་། གྲི་གུག་དང་། ཌཱ་མ་རུ། གཡོན་རྣམས་ན་ཐོད་ཁྲག་དང་། རྩེ་གསུམ་དང་། ཞབས་པ་བསྣམས་པ། དགྲ་བགེགས་དང་ཡི་དྭགས་ཀྱི་གདན་ལ་བཞུགས་པའོ།
།དེ་གསུམ་དང་རྩ་བའི་བླ་མ་རྣམ་པ་ཐ་དད་ལ་ངོ་བོ་ཐ་མི་དད་པ་དེ་དག་གི་མཐའ་སྐོར་དང་སྟེང་གི་ནམ་མཁའ་ལ་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་སྤྲིན་ཕུང་གཏིབས་པ་བཞིན་བཞུགས་པ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་འཁོར་ལོ་བདེ་མཆོག །མཁའ་སྤྱོད་མ་དཀར་མོ། ཡེ་ཤེས་མགོན་པོ་རྣམས་ཀྱི་རྣམ་པར་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ མདུན་བསྐྱེད་ལ་ཐིམ་པར་གྱུར།
མཆོད་པ་བྱིན་རླབས་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜལ་ས་པ་རི་ཝཱ་ར་སྔོན་དུ་འགྲོ་བའི་ཕྱི་མཆོད་དང་ནང་མཆོད་འབུལ།
ཆོས་དབྱིངས་རྣམ་དག་དབྱིངས་ལས་སོགས་དང་། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་སོགས་དང་། སྲིན་པོའི་གཟུགས་ཀྱི་གདུག་པ་ཅན། །ཞེས་ཀྱིས་བསྟོད་པ་ཤློ་ཀ་རེས་བསྟོད། གཏོར་མ་བྱིན་རླབས་བྱས་ལ། སོ་སོའི་མཚན་སྔགས་ཀྱི་མཐར་ཨི་དཾ་བ་ལིཾ་ཏ་སོགས་བཏགས་པ་ལན་གསུམ་གྱིས་ཕུལ། ཕྱི་ནང་གི་མཆོད་པ་དང་བསྟོད་པ་རྣམས་གོང་བཞིན་དང་། མཆོད་སྦྱིན་གཏོར་མ་འདི་སྣམས་ལ། །ཞེས་སོགས་ཀྱིས་ཕྲིན་བཅོལ་བྱ། བཟླས་པ་ཅི་འགྲུབ། དེ་ནས་མཎྜལ་དང་གསོལ་བཏབ་ནས་བཟུང་འོག་ནས་འབྱུང་བ་བཞིན་བདག་འཇུག་བླང་ངོ་།
༈ གཉིས་པ། དེ་ནས་སློབ་མ་རྣམས་བོས་ལ་མཎྜལ་འབུལ་དུ་གཞུག །སློབ་དཔོན་གྱིས་ནམ་མཁའ་དང་མཉམ་པའི་སོགས་སེམས་བསྐྱེད་གསལ་བཏབ།
འདིར་གང་གསན་པར་བྱ་བའི་ཆོས་ནི་མཁའ་སྤྱོད་གསུམ་ཕྲུགས་ཀྱི་བྱིན་རླབས་ཡིན། དེ་ལ་སློབ་དཔོན་གྱི་བྱ་བ་དང་། སློབ་མའི་ངོ་སྐལ་གཉིས་སུ་ཡོད་པ་ལས་ཕྱི་མ་སྐབས་སུ་བབས༴ དེའི་ཆེད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད།
དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སོགས་གསུམ།
དེ་ནས་མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་ཀྱི་སྤྱན་སྔར་བཤགས་པ་བྱ་བ་འདིའི་རྗེས་ཟློས་མཛོད།
དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་དང་།
གནས་གསུམ་བྱིན་རླབས་ཀྱི་དོན་དུ་དམིགས་པ་འདི་བཞིན་མཛོད།
སློབ་དཔོན་ལ་མོས་གུས་དུང་བ་བྱས་པའི་རྐྱེན་གྱིས་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ་བས་དེ་དག་གི་སྐུ་ལས་འོད་ཟེར་སྣ་ཚོགས་བྱུང་སྟེ། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས་གཞི་ལུས་སྦྱངས་ཏེ་སྟོང་པ་ཉིད་དུ་གྱུར་པའི་མོས་པ་མཛོད།
སྟོང་ཉིད་དེའི་ངང་ལས་ཁྱེད་རང་རྣམས་འཁོར་ལོ་བདེ་མཆོག་གསེར་གཙོ་མ་ལྟ་བུ་རྡོ་རྗེ་དང་དྲིལ་བུ་འཛིན་པ། མི་མགོ་དང་རུས་པའི་རྒྱན་ཆས་བརྒྱན་པ། ཡུམ་རྡོ་རྗེ་ཕག་མོ་དང་གཉིས་སུ་མེད་པར་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ །སྙིང་ཁར་ཧཱུྃ་གིས་མཚན་པ་ལ་སློབ་དཔོན་གྱི་དྲིའི་ཐིག་ལེ་བྱས་པས། དེ་རྣམས་ཀྱི་འོད་ཟེར་གྱིས་ལུས་གང་བས་ལུས་ངག་ཡིད་གསུམ་གྱི་དྲི་མ་དག་པར་གྱུར་པའི་མོས་པ་མཛོད།
སྙིང་ཁར་ཟླ་བ་རྡོ་རྗེའི་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ནས། ད་ལྟ་ཉིད་དུ་དབབ་ཏུ་གསོལ། །ཞེས་པའི་བར་མཁའ་སྤྱོད་དཀར་མོའི་སྐབས་བཞིན་བྱ།
ཁྱེད་རང་བདེ་མཆོག་སེར་པོར་གསལ་བའི་ངང་ནས་སོགས་འདོན་བསྒྱུར་བྱས་ལ་ཡེ་ཤེས་དབབ། སྔགས་ཡི་གེ་བདུན་པ་འབའ་ཞིག་ལ་ བཛྲ་ཨཱ་ཝེ་ཤ་ཡ་ཨཱཿ །བཏགས་ལ་སྤོས་རོལ་བྱའོ།
།དེ་ནས་མདུན་བསྐྱེད་ཀྱི་མཎྜལ་ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པའི་ཞེས་པ་ནས། སངས་རྒྱས་བྱང་སེམས་སྤྲིན་ཕུང་གཏིབས་པ་བཞིན་བཞུགས་པ་ཞེས་པའི་བར་བརྗོད་དེ་མདུན་བསྐྱེད་གསལ་བཏབ།
དེ་ལ་དངོས་གཞིའི་བྱིན་རླབས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད།
བླ་མ་རིན་པོ་ཆེ་བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། ལན་གསུམ།
བླ་མ་འཁོར་ལོ་སྡོམ་པར་གསལ་བའི་དཔྲལ་བར་སྐུའི་མཁའ་སྤྱོད་མ་དཀར་མོ། །མགྲིན་པར་གསུང་གི་མཁའ་སྤྱོད་མ་དམར་མོ། ཐུགས་ཀར་ཐུགས་ཀྱི་མཁའ་སྤྱོད་མ་མཐིང་ག་རྣམས་བཞུགས་པའི་མོས་པ་གནང་བར་ཞུ།
དེ་ནས་དཔྲལ་བའི་མཁའ་སྤྱོད་མའི་གསང་གནས་ནས་འོད་ཟེར་དཀར་པོ་ནམ་མཁའི་ཁམས་གང་བ་སྤྲོས། དེ་དག་ཕྱི་ནང་གསང་བའི་མཆོད་པ་བསམ་གྱིས་མི་ཁྱབ་པར་གྱུར།
སངས་རྒྱས་བྱང་སེམས་དེ་དག་ལ་ཕུལ་བས་བཟང་ལན་གྱི་ཚུལ་དུ་སྐུའི་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་བྱུང་། བླ་མ་འཁོར་ལོ་སྡོམ་པར་གསལ་བའི་དབུ་གཙུག་ནས་ཞུགས་ཏེ་སྐུའི་ནང་ཐམས་ཅད་སྐྱ་མེར་གྱིས་ཁེངས་པས། ཁྱེད་རང་རྣམས་ཀྱི་ལུས་ཀྱི་སྒོ་ནས་བླ་མ་མ་མཉེས་ཤིང་ཐུགས་འཁྲུགས་པའི་རྒྱུ་བྱས་པ་སོགས་ལུས་ཀྱི་དམ་ཚིག་ཉམས་པ་ཐམས་ཅད་མིང་ཙམ་ཡང་མེད་པར་སངས་ཀྱིས་དག །སྐུའི་དམ་ཚིག་ཉམས་ཆག་ཐམསཅད་བསྐངས་ཤིང་ཁྱེད་རང་རྣམས་བླ་མ་སྐུ་རྡོ་རྗེའི་ངོ་བོར་གྱུར་པའི་མོས་པ་མཛོད།
ཡང་མཁའ་སྤྱོད་མའི་གསང་གནས་ནས་འོད་ཟེར་དཀར་པོ་བྱུང་། ཁྱེད་རང་གི་སྤྱི་བོར་ཐིམ། བུམ་པའི་དབང་ཐོབ། སྐུའི་བྱིན་རླབས་ཞུགས་པའི་མོས་པ་མཛོད། ཌཱ་དྲིལ་དང་བཅས། ཨོཾ་གསུམ་མ་དང་། ན་མོ་བུདྡྷ་ཡ། ན་མོ་གུ་རུ་ཧེ། བཛྲ་བཱི་ར་བཱི་རེ་ཎཱི་ཡཻ། ཤྲཱི་ཌཱ་ཀ་ཌཱ་ཀི་ནཱི་ཡཻ། ཛོ་ཀ་ཛོ་ཀི་ནཱི་ཡཻ། སརྦ་བུདྡྷ་བོ་དྷི་སཏྭ་ཡ་ཤྭ་ར་ཎཾ་གཙྪཱ་མི་ཀྱཻ། ཞེས་གསོལ་གདབ་དང་བཅས་པ་རེ་བྱེད་པ་འོག་ཏུ་ཡང་འགྲེའོ།
།ཡང་མགྲིན་པའི་མཁའ་སྤྱོད་མའི་གསང་གནས་ནས་འོད་ཟེར་དམར་པོ་ནམ་མཁའི་ཁམས་གང་བ་སྤྲོས། དེ་དག་ཕྱི་ནང་གསང་བའི་མཆོད་པ་བསམ་གྱིས་མི་ཁྱབ་པར་གྱུར།
སངས་རྒྱས་བྱང་སེམས་རྣམས་ལ་ཕུལ་བས་བཟང་ལེན་གྱི་ཚུལ་དུ་གསུང་གི་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་བྱུང་། བླ་མ་འཁོར་ལོ་སྡོམ་པར་གསལ་བའི་དབུ་གཙུག་ནས་ཞུགས། སྐུའི་ནང་ཐམས་ཅད་དམར་མེར་གྱིས་ཁེངས་པས། ཁྱེད་རང་རྣམས་ཀྱི་ངག་གི་སྒོ་ནས་བླ་མ་མ་མཉེས་ཤིང་ཐུགས་འཁྲུགས་པའི་རྒྱུ་བྱས་པ་སོགས་ངག་གི་དམ་ཚིག་ཉམས་པ་ཐམས་ཅད་མིང་ཙམ་ཡང་མེད་པར་སངས་ཀྱིས་དག །གསུང་གི་དམ་ཚིག་ཉམས་ཆགས་ཐམས་ཅད་བསྐངས་ཤིང་ཁྱེད་རང་རྣམས་བླ་མ་གསུང་རྡོ་རྗེའི་ངོ་བོར་གྱུར་པའི་མོས་པ་མཛོད།
སླར་ཡང་མཁའ་སྤྱོད་མའི་གསང་གནས་ནས་འོད་ཟེར་དམར་པོ་བྱུང་། ཁྱེད་རང་གི་མགྲིན་པར་ཐིམ། གསང་བའི་དབང་ཐོབ། གསུང་གི་བྱིན་རླབས་ཞུགས་པའི་མོས་པ་མཛོད། སྤོས་རོལ་སྔགས་བཅས་གོང་བཞིན།
ཡང་སྙིང་གའི་མཁའ་སྤྱོད་མའི་གསང་གནས་ནས་འོད་ཟེར་སྔོན་པོ་ནམ་མཁའི་ཁམས་གང་བ་སྤྲོས། དེ་དག་ཕྱི་ནང་གསང་བའི་མཆོད་པ་བསམ་གྱིས་མི་ཁྱབ་པར་གྱུར།
སངས་རྒྱས་བྱང་སེམས་རྣམས་ལ་ཕུལ་བས་བཟང་ལེན་གྱི་ཚུལ་དུ་ཐུགས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་སྔོན་པོའི་རྣམ་པར་བྱུང་། བླ་མ་འཁོར་ལོ་སྡོམ་པར་གསལ་བའི་དབུ་གཙུག་ནས་ཞུགས། སྐུའི་ནང་ཐམས་ཅད་སྔོ་མེར་གྱིས་ཁེངས་པས། ཁྱེད་རང་རྣམས་ཀྱིས་ཡིད་ཀྱི་སྒོ་ནས་བླ་མ་མ་མཉེས་ཤིང་ཐུགས་འཁྲུགས་པའི་རྒྱུ་བྱས་པ་སོགས་ཡིད་ཀྱི་དམ་ཚིག་ཉམས་པ་ཐམས་ཅད་མིང་ཙམ་ཡང་མེད་པར་སངས་ཀྱིས་དག །ཐུགས་ཀྱི་དམ་ཚིག་ཉམས་ཆག་ཐམས་ཅད་བསྐངས་ཤིང་ཁྱེད་རང་རྣམས་བླ་མ་ཐུགས་རྡོ་རྗེའི་ངོ་བོར་གྱུར་པའི་མོས་པ་མཛོད།
སླར་ཡང་མཁའ་སྤྱོད་མའི་གསང་གནས་ནས་འོད་ཟེར་སྔོན་པོ་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་བྱིན་རླབས་ཞུགས་པའི་མོས་པ་མཛོད། སྤོས་རོལ་སྔགས་བཅས་གོང་བཞིན།
ཡང་གནས་གསུམ་གྱི་མཁའ་སྤྱོད་མའི་གསང་གནས་ནས་འོད་ཟེར་དཀར་དམར་མཐིང་གསུམ་ནམ་མཁའི་ཁམས་གང་བ་འཕྲོས། དེ་དག་ཕྱི་ནང་གསང་བའི་མཆོད་པ་བསམ་གྱིས་མི་ཁྱབ་པར་གྱུར། སངས་རྒྱས་བྱང་སེམས་རྣམས་ལ་ཕུལ་བས་བཟང་ལན་གྱི་ཚུལ་དུ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་བྱུང་། བླ་མ་འཁོར་ལོ་སྡོམ་པར་གསལ་བའི་དབུ་གཙུག་ནས་ཞུགས། སྐུའི་ནང་ཐམས་ཅད་འོད་དཀར་དམར་མཐིང་གསུམ་གྱིས་མེར་གྱིས་ཁེངས་པས། ཁྱེད་རང་རྣམས་ཀྱིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བླ་མ་མ་མཉེས་ཤིང་ཐུགས་འཁྲུགས་པའི་རྒྱུ་བྱས་པ་སོགས་ལུས་ཀྱི་དམ་ཚིག་ཉམས་པ་ཐམས་ཅད་མིང་ཙམ་ཡང་མེད་པར་སངས་ཀྱིས་དག །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆགས་ཐམས་ཅད་བསྐངས་ཤིང་ཁྱེད་རང་རྣམས་བླ་མ་ཡེ་ཤེས་རྡོ་རྗེའི་ངོ་བོར་གྱུར་པའི་མོས་པ་མཛོད།
སླར་ཡང་མཁའ་སྤྱོད་མའི་གསང་གནས་ནས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ། དབང་བཞི་པ་ཐོབ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་པའི་མོས་པ་མཛོད། སྤོས་རོལ་སྔགས་བཅས་གོང་བཞིན་བྱ།
དེ་བླ་མ་ལ་བརྟེན་པའི་དབང་བཞི་ཡིན། ཡི་དམ་གྱི་དབང་བཞིའི་སླད་དུ་མདུན་གྱི་ཟླུམ་སྐོར་དབུས་མའི་མཁའ་སྤྱོད་མ་དཀར་མོ་ལ་མོས་གུས་བྱས་ནས་ཁྱེད་རང་རྣམས་ལ་ཡིད་ཀྱིས་དབང་བཞི་བསྐུར་དུ་གསོལ། སྙན་པ་བྱས་པས་མཁའ་སྤྱོད་མ་དེའི་གནས་གསུམ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། དེ་དག་ཕྱི་ནང་གསང་བའི་མཆོད་པར་གྱུར་ནས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་ལ་ཕུལ། དེ་དག་གི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་བསྡུས་ནས་མཁའ་སྤྱོད་མའི་གནས་གསུམ་དུ་ཐིམ། དེའི་གསང་གནས་ནས་འོད་ཟེར་དཀར་དམར་མཐིང་གསུམ་ནམ་མཁའ་གང་བར་བྱུང་། དཀར་པོ་དེ་ཁྱེད་རང་རྣམས་ཀྱི་དཔྲལ་བ་དང་། དམར་པོ་མགྲིན་པ་དང་། སྔོན་པོ་སྙིང་ཁ་ནས་ཞུགས། ལུས་ངག་ཡིད་གསུམ་གྱི་དྲི་མ་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། དབང་བཞི་གཅིག་ཅར་དུ་ཐོབ་པའི་མོས་པ་མཛོད། ཌཱ་དྲིལ་དང་ཨོཾ་གསུམ་མ་ཚར་གཅིག
ཆོས་སྐྱོང་གི་དབང་བཞིའི་སླད་དུ་ཐུགས་འདུན་འདི་བཞིན་དུ་གནང་བ་ཞུ། གཡོན་གྱི་ཟླུམ་སྐོར་གྱི་ཡེ་ཤེས་མགོན་པོའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་གསལ་བ་ལ་མོས་གུས་དྲག་པོས་བདག་ལ་དབང་བཞི་བསྐུར་དུ་གསོལ་སྙམ་པ་བྱས་པས། མགོན་པོའི་གནས་གསུམ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། དེ་དག་ཕྱི་ནང་གསང་བའི་མཆོད་པར་གྱུར་ནས་མཆོད་ཡུལ་ཐམས་ཅད་ལ་མཆོད་པ་ཕུལ། དེ་དག་གི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་བསྡུས་ནས་མགོན་པོའི་གནས་གསུམ་དུ་ཐིམ།
ཡང་མགོན་པོའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་ནམ་མཁའི་ཁམས་གང་བ་བྱུང་། དཀར་པོ་ཁྱེད་རང་རྣམས་ཀྱི་དཔྲལ་བར། དམར་པོ་མགྲིན་པར། སྔོན་པོ་སྙིང་ཁ་ནས་ཞུགས། ལུས་ངག་ཡིད་གསུམ་གྱི་དྲི་མ་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། དབང་བཞི་ཅིག་ཅར་དུ་ཐོབ་པའི་མོས་པ་མཛོད། ཌཱ་དྲིལ།
ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། བརྗོད།
དེ་དག་གིས་མཁའ་སྤྱོད་གསུམ་འཕྲུགས་ཀྱི་བཀའ་ཕུལ་གྲུབ་པ་ཡིན་པས། ཁས་བླངས་པའི་དམ་སྡོམ་བསྲུང་ངོ་སྙམ་པས་འདིའི་རྗེས་ཟློས་མཛོད།
གཙོ་བོས་སོགས་དང་། གཏང་རག་གི་མཎྜལ་རྣམས་སྤྱི་དང་འདྲའོ།
།རྗེས་ཀྱི་བྱ་བ་མཎྜལ་ལ་མཆོད་བསྟོད་ཡིག་བརྒྱས་ནོངས་པ་བཟོད་གསོལ་སོགས་སྤྱི་དང་འདྲ་བར་བྱ་བ་ཉིད་དོ།
།དེ་ལྟར་མཁའ་སྤྱོད་བྱིན་རླབས་ཆོ་ག་འདི། །རང་གི་དྲན་པ་གསོ་དང་རང་ཉིད་དང་། །སྐལ་མཉམ་གཞན་ལ་ཕན་པར་འགྱུར་སྙམ་ནས། །ཡི་གེར་བྲིས་འདི་ལྷག་བསམ་དཀར་བ་ཡིན། །ཞེས་པ་འདི་ནི་དགེ་སློང་ངག་དབང་ཆོས་གྲགས་ཀྱིས། ཚར་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི་གསུང་གི་ཟིན་ཐོ་དང་། ཇོ་བོ་རྗེས་མཛད་པའི་མཁའ་སྤྱོད་དཀར་མོའི་མངོན་རྟོགས་ཀྱི་ཡིག་ཆ་ལ་བརྟེན་ནས་མདར་གྲོང་ཆེན་ཆོས་འཁོར་ཡང་རྩེར། ལྕགས་འབྲུག་ཟླ་བ་བདུན་པའི་དུས་ཚེས་ལ་སྦྱར་བ་དགེ་ལེགས་འཕེལ། ཞེས་པའི་ཡི་གེ་ཉིད་རྩ་བར་བཀོད། མི་གསལ་བ་རྣམས་གསལ་བྱེད་ཞབས་ཏོག་ཏུ་བཀོད་པའོ། །གསུམ་ཕྲུགས་ཀྱི་བཀའ་བཤད་ཟིན་ནོ།། །།


Rejoicing
༼༄༅། །རྗེས་སུ་ཡི་རང་གི་བཀའ།།༽
༈ བཞི་པ་རྗེས་སུ་ཡི་རང་གི་བཀའ་སྔར་མ་ཐོབ་པས་རྒྱུན་རྙེད་ན་འཆད་ཐབས་འདིར་འབྲིའོ།། །།


Monlam Kagyama
༼༄༅། །སྨོན་ལམ་བཀའ་རྒྱ་མ།།༽
༈ ལྔ་པ་སྨོན་ལམ་བཀའ་རྒྱ་མ་ལ་དེང་སང་ལུང་འབོག་པའི་ཚུལ་ཙམ་ཡོད་པ་ལས། བཀའ་འདི་ཡིན་གྱི་ངེས་པ་མི་སྣང་ལ། འོན་ཀྱང་ས་བཅད་མི་ཉམས་པའི་ཆེད་དུ་འདིར་སྨོན་ལམ་བཀའ་རྒྱ་མ་ལ་ལུང་མཛད་པ་ཞུ། སྨྲས་པ། ཟབ་རྒྱས་གདམས་པ་འཕོ་བའི་སྒོ་འབྱེད་དང་། །མཁའ་སྤྱོད་རིལ་བུའི་དངོས་གྲུབ་ཉེ་ལམ་མཆོག །མཁའ་སྤྱོད་བཀའ་ལྔར་གྲགས་པའི་གསེར་ཆོས་འདི། །ཀུན་ལ་མ་གྲགས་ཁྱུང་པོའི་སྙན་བརྒྱུད་ཡིན།
།ཤགས་ཆོས་ནི་གུའི་སྐོར་གཞུང་བཀའ་ཕྱི་མ་རྣམས་ཀྱི་ཕྱག་ལེན་བདེ་ཆེན་སྙེ་མའི་ཆུན་པོ་ཞེས་བྱ་བ། བློ་གསལ་རི་ཁྲོད་པས་སྦྱར་བ་ལས། མཁའ་སྤྱོད་བཀའ་ལྔ་རྫོགས་སོ།། །།


Initiation of the Secret Practice of Chakrasamvara (based on gsang sgrub skor gsum gyi byin rlabs)
༼༄༅། །གསང་སྒྲུབ་སྐོར་གསུམ་གྱི་བྱིན་རླབས་ལས་བདེ་མཆོག་གསང་སྒྲུབ།།༽
༈ དཔལ་ལྡན་ཤངས་པ་བཀའ་བརྒྱུད་པའི་གསང་སྒྲུབ་སྐོར་གསུམ་གྱི་བྱིན་རླབས་བྱ་ཚུལ་བཞུགས་སོ།། །།
༈ ཨོཾ་སྭ་སྟི་སིདྡྷཾ། འཁོར་ལོ་སྡོམ་པ་དཔལ་ལྡན་གསང་བའི་བདག །རྡོ་རྗེ་རྣམ་པར་འཇོམས་དང་དབྱེར་མེད་པའི། །ཁྱབ་བདག་བླ་མའི་ཞབས་ལ་གུས་བཏུད་ནས། །སྒྲུབ་ཐབས་བྱིན་རླབས་དང་བཅས་གསལ་བར་བྱ།
།དེ་ལ་འདིར་དཔལ་ལྡན་ཤངས་པ་བཀའ་བརྒྱུད་པ་རྣམས་ལ་གསང་སྒྲུབ་སྐོར་ལྔའམ། གསུམ་དུ་གྲགས་པ་ལས་དང་པོ་བདེ་མཆོག་གསང་སྒྲུབ་ཀྱི་བྱིན་རླབས་བྱ་བའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ།
།དང་པོ་ནི། མཎྜལ་མུ་ཁྱུད་སྔོན་པོ་པདྨ་འདབ་མ་བཞི། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་ཁུ་རྣམས་ཡོད་པའི་ལྟེ་བར་ཚོམ་བུ་སྔོན་པོ་གཅིག་འགོད། དེའི་མཐར་མཆོད་གཏོར་བཤམ་མོ།
།གཉིས་པ་དངོས་གཞི་ལ། སློབ་དཔོན་གྱི་ལས་དང་། སློབ་མ་ལ་བྱ་བའོ།
དང་པོ་ནི་སློབ་དཔོན་གྱིས་བདག་བསྐྱེད་བདེ་མཆོག་ལྷན་སྐྱེས་སྔོན་པོ་ལ་བྱ། སྔགས་ཡི་གེ་བདུན་པ་བཟླ། དེ་ནས་མདུན་གྱི་མཎྜལ་བསང་སྦྱང་།
སྟོང་པའི་ངང་ལས་ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་གི་དབུས་སུ་པདྨ་ཟླ་ཉི་འཇིགས་བྱེད་དུས་མཚན་གྱི་གདན་ལ་བདེ་མཆོག་ལྷན་སྐྱེས་སྔོན་པོ་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ཕག་མོ་དམར་མོ་ལ་འཁྱུད་པ་ཞབས་གཡས་བརྐྱང་གཡོན་བསྐུམ་དུ་བཞུགས་པ། འདབ་མ་བཞི་ལ་ཤར་དུ་མཁའ་འགྲོ་མ་མཐིང་ག །བྱང་དུ་ལཱ་མ་ལྗང་གུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ་སྟེ། བཞི་ཀའང་ཕྱག་གཡས་གྲི་གུག་དང་། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། གྲུ་མོ་ན་ཁ་ཊྭཱཾ་ག་བསྣམས་པ། ཞབས་བརྐྱང་བསྐུམ་སྟབས་ཀྱིས་བཞུགས་པ། དེ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འོག་མིན་སོགས་ནས་བདེ་མཆོག་ལྷ་ལྔའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ མདུན་བསྐྱེད་ལ་གཉིས་སུ་མེད་པར་ཐིམ།
མཆོད་པ་བྱིན་རླབས་བྱས་ལ། ཨོཾ་ཙཀྲ་སམྦ་ར་མཎྜལ་ས་པ་རི་ཝཱ་རའི་མཐར་ཨརྒྷཾ་སོགས་བཏགས་པའི་ཕྱི་མཆོད་མཚན་སྔགས་དེའི་མཐར་ ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། ཆོས་དབྱིངས་རྣམ་དག་དབྱིངས་ལས་སོགས་ཚིགས་བཅད་ཀྱིས་མཆོད། གཏོར་མ་བྱིན་རླབས་བྱས་ལ་མཚན་སྔགས་ཀྱི་མཐར་ཨི་དམ་བ་ལིཾ་སོགས་བཏགས་པ་ལན་གསུམ་གྱིས་ཕུལ། ཕྱི་མཆོད། ནང་མཆོད། བསྟོད་པ་རྣམས་སྔར་བཞིན། འདོད་པའི་དོན་ལ་གསོལ་བ་བཏབ། དེ་ནས་མདུན་བསྐྱེད་ལ་མཎྜལ། གསོལ་གདབ། རྒྱུན་བཤགས། ཡེ་ཤེས་དབབ་པ། མདུན་བསྐྱེད་དང་བླ་མ་ཐ་མི་དད་པ་དེའི་གནས་གསུམ་དུ་སྐུ་གསུང་ཐུགས་ཀྱི་བདེ་མཆོག་ལྷ་ལྔ་རེ་རེ་བཞུགས་པ་ལ་དམིགས་ནས་དབང་གི་དངོས་གཞི་ཞུ་བའི་ཡོན་དུ་མཎྜལ་འབུལ་བ་ནས་བཟུང་། དབང་བཞི་པའི་བར་འོག་ནས་འབྱུང་བ་བཞིན་དུ་བདག་འཇུག་གི་ཚུལ་དུ་བླང་ངོ་།
།གཉིས་པ་ནི། དེ་ནས་སློབ་མ་གྲལ་ལ་འཁོད་པ་ལ་སེམས་བསྐྱེད་གསལ་བཏབ་ནས། གང་གསན་པར་བྱ་བའི་ཆོས་ནི་དཔལ་ལྡན་ཤངས་པ་བཀའ་བརྒྱུད་པ་ལ་བཀའ་བབ་པའི་གསང་སྒྲུབ་སྐོར་གསུམ་མམ། ཕྱིས་སྐྱེར་སྒང་པ་ལས་གསར་དུ་ཉེ་བརྒྱུད་དུ་བྱུང་བ་སྤྱན་རས་གཟིགས་གསང་སྒྲུབ་དང་། རྟ་མགྲིན་གསང་སྒྲུབ་གཉིས་བསྣན་པའི་གསང་སྒྲུབ་སྐོར་ལྔ་ཞེས་ཡོངས་སུ་གྲགས་པའི་ནང་ཚན། ད་ལམ་བདེ་མཆོག་གསང་སྒྲུབ་ཀྱི་བྱིན་རླབས་ཡིན། དེ་ལ་སྔོན་དུ་འགྲོ་བ་སློབ་དཔོན་གྱི་བྱ་བ་བདག་མདུན་བསྒྲུབ་ཅིང་དེ་ལ་མཆོད་བསྟོད་བདག་འཇུག་བླངས་པ་རྣམས་སོང་ཟིན་ནས། ད་སློབ་མ་ལ་བྱ་བའི་ངོ་སྐལ་དུ་གྱུར་པ་ལ། ཐོག་མར་སློབ་དཔོན་བདེ་མཆོག་ལྷན་སྐྱེས་སུ་གསལ་བ་ལ་བྱིན་རླབས་ཀྱི་སྔོན་འགྲོའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ནས་མཎྜལ་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དགའ་ཆེན་ཁྱོད་བདག་སོགས་གསུམ།
མདུན་བསྐྱེད་བདེ་མཆོག་ལྷ་ལྔ་ལ་བླ་མ་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་བསྐོར་ནས་བཞུགས་པའི་སྤྱན་སྔར་རྒྱུན་བཤགས་བྱ་བ་འདིའི་རྗེས་ཟློས་མཛོད།
དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ།
དེ་ནས་སློབ་དཔོན་ལ་གུས་འདུད་དྲག་པོ་བྱས་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་བྱུང་སྟེ། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པ་ཙམ་གྱིས་མ་དག་པའི་ཕུང་ཁམས་སྦྱངས་ཏེ་འོད་གསལ་སྟོང་པ་ཉིད་དུ་གྱུར་པའི་ངང་ལས་སྐད་ཅིག་གིས་བདེ་མཆོག་ལྷན་སྐྱེས་སྔོན་པོ། མི་མགོ་དང་རུས་པའི་རྒྱན་ཅན་སྤྱན་གསུམ་དམར་བ། རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ཕག་མོ་དམར་མོ་ལ་འཁྱུད་པ། ཞབས་གཡས་བརྐྱང་གཡོན་བསྐུམ་པས་བཞུགས་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར་པའི་མོས་པ་མཛོད།
སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ལྷ་ལྔའི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བས། དེ་དང་འདྲ་བའི་ལྷ་ཚོགས་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་གང་། ལུས་སེམས་བདེ་བས་ཁྱབ་པར་གྱུར། ཡང་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོའི་ཚོགས་ཐམས་ཅད་ཀྱང་འཁོར་ལོ་སྡོམ་པའི་རྣམ་པར་ས་གཞི་བར་སྣང་ཐམས་ཅད་ཁྱབ་པ་ཙམ་སྤྱན་དྲངས་ཏེ། ཁྱེད་རང་རྣམས་ཀྱི་ལུས་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད།
སྤོས་རོལ་དང་ཡི་གེ་བདུན་པའི་མཐར་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ །བཏགས་པའི་སྔགས་བརྗོད། དེ་ཡེ་ཤེས་དབབ་པ་ཡིན།
ད་དངོས་གཞིའི་སླད་དུ་ཐུགས་འདུན་འདི་བཞིན་དུ་གནང་བ་ཞུ། མདུན་བསྐྱེད་དང་བླ་མ་རྣམ་པ་ཐ་དད་ལ་ངོ་བོ་ཐ་མི་དད་པའི་འཁོར་ལོ་བདེ་མཆོག་ཏུ་གསལ་བའི་གནས་གསུམ་ན་སྐུ་གསུང་ཐུགས་ཀྱི་བདེ་མཆོག་ལྷ་ལྔ་མངོན་སུམ་བཞིན་དུ་བཞུགས་པ་ལ་དམིགས་ནས་དངོས་གཞི་བྱིན་རླབས་ཞུ་བའི་ཡོན་དུ་མཎྜལ་མཛད་པ་ཞུ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད།
བླ་མ་རིན་པོ་ཆེ་བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། ལན་གསུམ།
དེ་ནས་ཐུགས་འདུན་འདི་བཞིན་དུ་གནང་བ་ཞུ། ཁྱེད་རང་རྣམས་བདེ་མཆོག་ཏུ་གསལ་བའི་སྤྱི་བོར་ཧཱུྃ་ལས་བྱུང་བའི་འཁོར་ལོ་དཀར་པོ་རྩིབས་བཞི་པ། རྩིབས་ཀྱི་རྩེ་ལ་རྃ་དམར་པོ་རླུང་གིས་སྐྱོད་བཞིན་པ། འཁོར་ལོའི་ལྟེ་བར་ཟླ་ཉི་འཇིགས་བྱེད་དུས་མཚན་གྱི་གདན་དང་བཅས་པ། མགྲིན་པར་བྷྲཱུྃ་ལས་བྱུང་བའི་འཁོར་ལོ་དམར་པོ་དང་། སྙིང་ཁར་ཡང་བྷྲཱུྃ་ལས་བྱུང་བའི་འཁོར་ལོ་སྔོན་པོ། དེ་གཉིས་ཀའང་རྩིབས་བཞི་པ། རྩིབས་ཀྱི་རྩེ་མོ་ལ་རྃ་དམར་པོ། ལྟེ་བར་ཟླ་ཉི་འཇིགས་དུས་ཀྱི་གདན་དང་བཅས་པ་སྔར་བཞིན་གསལ་ཐོབ། མདུན་བསྐྱེད་དང་བླ་མ་ཐ་མི་དད་པའི་སྤྱི་བོའི་བདེ་མཆོག་ལ་ཁྱེད་རང་གིས་མོས་གུས་བྱས་པས། དེ་ལས་སྐུའི་བདེ་མཆོག་གི་ངོ་བོར་གྱུར་པའི་ཡི་གེ་ཧཱུྃ་དཀར་པོ་དང་བྃ་དམར་པོ་ཆད། ཁྱེད་རང་གི་སྤྱི་བོའི་འཁོར་ལོའི་ལྟེ་བར་བྱོན་པས་སྐུའི་བདེ་མཆོག་ཡབ་དཀར། ཡུམ་དམར་བ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། སྙིང་པོའི་རྣལ་འབྱོར་མ་བཞི་ཀའང་དཀར་མོའི་རྣམ་པ་ཅན་དུ་གྱུར་པའི་མོས་པ་མཛོད།
དེ་ནས་འཁོར་ལོའི་རྩིབས་ཀྱི་རྩེ་རླུང་གིས་བསྐྱོད་པས་རྃ་ལས་མེ་འོད་ལྷག་གེ་བྱུང་། དེ་ཕྱི་ནང་གསང་བའི་མཆོད་པར་གྱུར་ཏེ། སྤྱི་བོའི་ལྷ་ལྔ་ལ་ཕུལ་བས། དེ་དག་གི་སྐུ་ལས་འོད་ཟེར་འཕྲོས་པས། སྐྱབས་ཡུལ་ཐམས་ཅད་ཀྱི་སྐུའི་བྱིན་རླབས་བསྡུས། སྤྱི་བོའི་ལྷ་ལྔ་ལ་ཐིམ་པས་རྐྱེན་བྱས། ཡབ་ཡུམ་སྙོམས་པར་ཞུགས། རྣལ་འབྱོར་མ་བཞི་ཀའང་ཡབ་ཀྱི་ཁ་ཊྭཱཾ་ག་དང་སྦྱར་བའི་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་དཀར་པོ་བྱུང་། ཁྱེད་རང་གི་ལུས་ཐམས་ཅད་གང་། བུམ་པའི་དབང་ཐོབ། སྐུའི་བྱིན་རླབས་ཞུགས་པའི་མོས་པ་མཛོད། ཡི་གེ་བདུན་པ་དང་ཌཱ་དྲིལ།
ཡང་མདུན་བསྐྱེད་དང་བླ་མ་ཐ་མི་དད་པའི་མགྲིན་པའི་བདེ་མཆོག་ལ་ཁྱེད་རང་གིས་མོས་གུས་བྱས་པས། དེ་ལས་གསུང་གི་བདེ་མཆོག་གི་ངོ་བོར་གྱུར་པའི་ཡི་གེ་ཧཱུྃ་དང་བྃ་དམར་པོ་ཆད། ཁྱེད་རང་གི་མགྲིན་པའི་འཁོར་ལོའི་ལྟེ་བར་བྱོན་པས། གསུང་གི་བདེ་མཆོག་ཡབ་ཡུམ་དམར་བ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། སྙིང་པོའི་རྣལ་འབྱོར་མ་བཞི་ཀའང་དམར་མོའི་རྣམ་པ་ཅན། རྩིབས་ཀྱི་རྩེ་རླུང་གིས་བསྐྱོད་པའི་རྃ་ལས་མེ་འོད་ལྷག་གེ་བྱུང་། དེ་ཕྱི་ནང་གསང་བའི་མཆོད་པར་གྱུར་ཏེ་མགྲིན་པའི་ལྷ་ལྔ་ལ་ཕུལ་བས་དེ་དག་གི་སྐུ་ལས་འོད་ཟེར་འཕྲོས་པས། སྐྱབས་ཡུལ་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་བསྡུས། མགྲིན་པའི་ལྷ་ལྔ་ལ་ཐིམ་པས་རྐྱེན་བྱས། ཡབ་ཡུམ་སྙོམས་པར་ཞུགས། རྣལ་འབྱོར་མ་བཞི་ཀའང་ཡབ་ཀྱི་ཁ་ཊྭཱཾ་ག་དང་སྦྱར་བའི་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་དམར་པོ་བྱུང་། ཁྱེད་རང་གི་ལུས་ཐམས་ཅད་གང་། གསང་བའི་དབང་ཐོབ། གསུང་གི་བྱིན་རླབས་ཞུགས་པའི་མོས་པ་མཛོད། ཡི་གེ་བདུན་པ་དང་ཌཱ་དྲིལ།
དེ་བཞིན་དུ་སྙིང་ཁའི་འཁོར་ལོ་དང་། ཐུགས་ཀྱི་བདེ་མཆོག་གི་ངོ་བོར་གྱུར་པའི་ཡི་གེ་ཧཱུྃ་སྔོན་པོ་ཞེས་འདོན་བསྒྱུར་གྱིས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་བྱིན་རླབས་ཞུགས་པའི་མོས་པ་མཛོད། ཅེས་སོགས་འགྲེ།
ཡང་ཁྱེད་རང་གི་གནས་གསུམ་ན་བཞུགས་པའི་བདེ་མཆོག་ལྷ་ལྔའི་སྦྱོར་མཚམས་ནས་བདུད་རྩི་དཀར་དམར་མཐིང་གསུམ་བྱུང་། ལུས་ཐམས་ཅད་ཁེངས། མཐར་སྤྱི་བོའི་ལྷ་ལྔ་མགྲིན་པའི་ལྷ་ལྔ་ལ་ཐིམ། དེ་སྙིང་ཁའི་ལྷ་ལྔ་དེ་ལ་ཐིམ། གནས་གསུམ་གྱི་ལྟེ་བའི་གདན་དང་འཁོར་ལོ་རྣམས་འཁོར་གྱི་རྣལ་འབྱོར་མ་བཞི་ལ་ཐིམ། དེ་ཡུམ་ལ་ཐིམ། དེ་ཡབ་ལ་ཐིམ། དེ་ཇེ་ཕྲ་ཇེ་ཆུང་ལ་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སོང་བའི་གནས་ལུགས་དེའི་ངང་དུ་ཅུང་ཞིག་འཇོག་པ་ཞུ། ཡི་གེ་བདུན་པ་དང་ཌཱ་དྲིལ། དེ་དབང་བཞི་པ་ཡིན་ནོ། །ཞེས་བརྡ་སྤྲད།
དེ་དག་གིས་བདེ་མཆོག་གསང་སྒྲུབ་ཀྱི་བཀའ་གྲུབ་ཟིན་པས། དབང་དུས་སུ་ཐོབ་པའི་དམ་སྡོམ་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད།
གཙོ་བོས་སོགས་དང་། བཏང་རག་གི་མཎྜལ་སོགས་སྤྱི་ལྟར་བྱའོ།
།གསུམ་པ་རྗེས་ནི། ཡིག་བརྒྱས་ནོངས་པ་བཟོད་གསོལ་བསྡུ་ཆོག་རྣམས་སྤྱི་དང་འདྲའོ། །བདེ་མཆོག་གསང་སྒྲུབ་ཀྱི་སྒོས་བཀའ་བཤད་ཟིན་ཏོ།། །།


Initiation of the Secret Practice of Vajrapani (based on gsang sgrub skor gsum gyi byin rlabs)
༼༄༅། །གསང་སྒྲུབ་སྐོར་གསུམ་གྱི་བྱིན་རླབས་ལས་ཕྱག་རྡོར་གསང་སྒྲུབ།།༽
༈ ན་མོ་གུ་རུ་ཝེ། ཕྱག་རྡོར་གསང་སྒྲུབ་ཀྱི་བྱིན་རླབས་ལ། སྦྱོར་བ། དངོས་གཞི། རྗེས་སོ།
།དང་པོ་ནི། མཎྜལ་པདྨ་འདབ་བཞིའི་དབུས་སུ་ཚོམ་བུ་སྔོན་པོ་གཅིག །མཐའ་མཆོད་གཏོར་སོགས་ཀྱིས་བསྐོར་བ་སྔར་དང་འདྲ།
གཉིས་པ་དངོས་གཞི་ལ་སློབ་དཔོན་གྱི་ལས་དང་། སློབ་མའི་བྱ་རྒྱུའི་ཆོས་སོ། །དང་པོ་སྐྱབས་སེམས་སྔོན་དུ་བཏང་ནས།
སྐད་ཅིག་གིས་པདྨ་དང་ཟླ་བ་བགེགས་ཀྱི་རྒྱལ་པོ་ཨ་པ་རཱ་ཛི་ཏའི་གདན་གྱི་སྟེང་དུ། རང་ཉིད་དཔལ་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་གཡས་དང་པོས་རྡོ་རྗེ་རྩེ་ལྔ་པ་འཕྱར་ཞིང་། གཡོན་དང་པོས་སྡིགས་མཛུབ་བསྒྲེང་བ། འོག་མ་གཉིས་འབར་བའི་ཕྱག་རྒྱ་མཛད་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ལྕང་ལོ་ཅན་ནས་དཔལ་ཕྱག་ན་རྡོ་རྗེ་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་ཐིམ།
སྙིང་ཁར་ཟླ་བའི་སྟེང་དུ་ཧཱུྃ་གི་མཐར་སྔགས་ཕྲེང་གིས་བསྐོར་བ། དེ་ལས་འོད་ཟེར་འཕྲོས་པས་ནད་གདོན་བགེགས་རིགས་ཐམས་ཅད་ཚར་བཅད་པར་གྱུར་པར་བསམ་ལ། ཨོཾ་བཛྲ་ཧ་ལི་ཛ་ལི་ཧ་ན་ཧ་ན་སརྦ་དུཥྚཾ་ཧཱུྃ་ཕཊ། ཉེར་གཅིག་ལ་སོགས་པ་བཟླ།
དེ་ནས་མདུན་གྱི་དཀྱིལ་འཁོར་བསང་སྦྱང་། སྟོང་པའི་ངང་ལས་ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་གི་དབུས་སུ་པདྨ་དང་ཟླ་བ་སོགས་ནས། ཛཿཧཱུྃ་བྃ་ཧོཿ །མདུན་བསྐྱེད་ལ་གཉིས་སུ་མེད་པར་ཐིམ། ཞེས་པའི་བར་བདག་བསྐྱེད་བཞིན་བྱ། ཨོཾ་བཛྲ་པཱ་ཎི་ས་པ་རི་ཝཱ་ར་ཨརྒྷཾ་ལ་སོགས་པས་ཕྱི་མཆོད་དང་། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན། །ཞེས་སོགས་ཀྱི་བསྟོད། གཏོར་མ་བྱིན་རླབས་བྱས་ལ། བཛྲ་པཱ་ཎི་ས་པ་རི་ཝཱ་ར་ཨི་དམ་སོགས་ལན་གསུམ་གྱིས་གཏོར་མ་ཕུལ། ཕྱི་ནང་གི་མཆོད་པ་དང་བསྟོད་པ་གོང་བཞིན་མཐར་འདོད་གསོལ་བྱ། དེ་ནས་མཎྜལ་གསོལ་གདབ་ནས་བཟུང་། ཡེ་ཤེས་དབབ་པ། དབང་བཞི་བླང་བ། ལྷ་བསྒོམ་པ། སྔགས་ཀྱི་བཟླས་ལུང་གི་བར་འོག་ཏུ་སློབ་མ་ལ་བྱ་བ་བཞིན་སློབ་དཔོན་གྱིས་ཀྱང་བདག་འཇུག་གི་ཚུལ་དུ་བྱ་བ་ཡིན་ནོ།། །།
༈ གཉིས་པ་ནི། དེ་ནས་སློབ་མ་གྲལ་ལ་འཁོད་པ་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ། ཞེས་སོགས་སེམས་བསྐྱེད་བརྡ་སྤྲད།
གང་གསན་པར་བྱ་བའི་ཆོས་ནི། དཔལ་ལྡན་ཤངས་པ་བཀའ་བརྒྱུད་པའི་གསང་སྒྲུབ་སྐོར་ལྔ་ཞེས་གྲགས་པའི་ནང་ཚན། ད་ལན་འདིར་ཕྱག་རྡོར་གསང་སྒྲུབ་ཀྱི་བྱིན་རླབས་ཡིན། དེ་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ཟིན། སློབ་མའི་ངོ་སྐལ་དུ་གྱུར་པ་ལ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད།
དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད།
དགའ་ཆེན་ཁྱོད་བདག་སོགས་ལན་གསུམ།
མདུན་བསྐྱེད་དཔལ་ཕྱག་ན་རྡོ་རྗེ་ལ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་བསྐོར་ནས་བཞུགས་པའི་སྤྱན་སྔར་རྒྱུན་བཤགས་བྱ་བ་འདིའི་རྗེས་ཟློས་མཛོད།
དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ།
དེ་ནས་སློབ་དཔོན་ཕྱག་རྡོར་དུ་གསལ་བ་ལ་མོས་གུས་བྱས་པའི་རྐྱེན་གྱིས་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་དཔལ་ཕྱག་ན་རྡོ་རྗེའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་དཔག་ཏུ་མེད་པ་བྱུང་སྟེ། ཁྱེད་རང་གི་ལུས་ལ་ཕོག་པ་ཙམ་གྱིས་མ་དག་པའི་ཕུང་ཁམས་སྦྱངས་ཏེ་འོད་གསལ་སྟོང་པ་ཉིད་དུ་གྱུར་པའི་ངང་ནས་སྐད་ཅིག་གིས་པདྨ་དང་ཟླ་བ་བགེགས་ཀྱི་རྒྱལ་པོ་ཨ་པ་རཱ་ཛི་ཏའི་གདན་གྱི་སྟེང་དུ་ཁྱེད་རང་དཔལ་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་གཡས་དང་པོས་རྡོ་རྗེ་རྩེ་ལྔ་པ་འཕྱརཞིང་། གཡོན་དང་པོས་སྡིགས་མཛུབ་བསྒྲེང་བ། འོག་མ་གཉིས་འབར་བའི་ཕྱག་རྒྱ་མཛད་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་གྱུར་པའི་མོས་པ་མཛོད།
སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་དཔལ་ཕྱག་ན་རྡོ་རྗེའི་ཐུགས་རྒྱུད་བསྐུལ་བས། དེ་དང་འདྲ་བའི་ཕྱག་ན་རྡོ་རྗེའི་ལྷ་ཚོགས་དཔག་ཏུ་མེད་པ་བྱུང་། ཁྱེད་རང་གི་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་གང་། ལུས་སེམས་བདེ་བས་ཁྱབ་པར་གྱུར། ཡང་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོའི་ཚོགས་ཐམས་ཅད་ཀྱང་ཕྱག་ན་རྡོ་རྗེའི་རྣམ་པར་ས་གཞི་བར་སྣང་ཐམས་ཅད་ཁྱབ་པ་ཙམ་དུ་སྤྱན་དྲངས་ཏེ། ཁྱེད་རང་གི་ལུས་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། སྤོས་རོལ་དང་།
ཨོཾ་བཛྲ་ཧ་ལི་ཛ་ལི་ཧ་ན་ཧ་ན་སརྦ་དུཥྚཾ་ཧཱུྃ་ཕཊ། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བརྗོད་ལ་ཡེ་ཤེས་དབབ།
དེ་ནས་མདུན་བསྐྱེད་ཀྱི་ཕྱག་རྡོར་དང་བླ་མ་ཐ་མི་དད་པ་ལ་དངོས་གཞིའི་བྱིན་རླབས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད།
གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད།
བླ་མ་རིན་པོ་ཆེ་བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། ལན་གསུམ།
དེ་ནས་ཐུགས་འདུན་དམིགས་པ་འདི་བཞིན་དུ་གནང་བ་ཞུ། བླ་མ་དང་མདུན་བསྐྱེད་ཀྱི་ཕྱག་རྡོར་ཐ་མི་དད་པའི་དཔྲལ་བ་ནས་འོད་ཟེར་དཀར་པོ་འཕྲོས། ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་སྐུའི་བྱིན་རླབས་དང་ནུས་མཐུ་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་སྤྱན་དྲངས་ཏེ་བླ་མའི་དཔྲལ་བའི་ཨོཾ་ལ་ཐིམ། དེ་ལས་སྐུའི་བྱིན་རླབས་ཀྱི་ངོ་བོར་གྱུར་པའི་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་དཔྲལ་བ་ནས་ཞུགས། བུམ་པའི་དབང་ཐོབ། སྐུའི་བྱིན་རླབས་ཞུགས་པའི་མོས་པ་མཛོད། ཌཱ་དྲིལ་དང་།
ཨོཾ་བཛྲ་ཧ་ལི་ཛ་ལི་ཧ་ན་ཧ་ན་སརྦ་དུཥྚཾ་ཧཱུྃ་ཕཊ། ཨཱཿབེ་ཤ་ཡ། ཛཿཧཱུྃ་བྃ་ཧོཿ ཞེས་བརྗོད།
ཡང་བླ་མ་དང་མདུན་བསྐྱེད་ཀྱི་ཕྱག་རྡོར་ཐ་མི་དད་པའི་མགྲིན་པ་ནས་འོད་ཟེར་དམར་པོ་འཕྲོས། ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་སྤྱན་དྲངས་ཏེ་བླ་མའི་མགྲིན་པའི་ཨཱཿལ་ཐིམ། དེ་ལས་གསུང་གི་བྱིན་རླབས་ཀྱི་ངོ་བོར་གྱུར་པའི་འོད་ཟེར་དམར་པོ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་མགྲིན་པ་ནས་ཞུགས། གསང་བའི་དབང་ཐོབ། གསུང་གི་བྱིན་རླབས་ཞུགས་པའི་མོས་པ་མཛོད། སྔགས་རོལ་གོང་ལྟར།
ཡང་བླ་མ་དང་མདུན་བསྐྱེད་ཕྱག་རྡོར་ཐ་མི་དད་པའི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་འཕྲོས། ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་སྔོན་པོའི་རྣམ་པར་སྤྱན་དྲངས་ཏེ་བླ་མའི་ཐུགས་ཀའི་ཧཱུྃ་ལ་ཐིམ། དེ་ལས་ཐུགས་ཀྱི་བྱིན་རླབས་ཀྱི་ངོ་བོར་གྱུར་པའི་འོད་ཟེར་སྔོན་པོ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་ཁ་ནས་ཞུགས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་བྱིན་རླབས་ཞུགས་པའི་མོས་པ་མཛོད། སྔགས་རོལ་གོང་ལྟར།
ཡང་བླ་མ་དང་མདུན་བསྐྱེད་ཕྱག་རྡོར་ཐ་མི་དད་པའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་སྤྱན་དྲངས་ཏེ་བླ་མའི་གནས་གསུམ་གྱི་ཡིག་འབྲུ་གསུམ་ལ་ཐིམ། དེ་ལས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱི་ངོ་བོར་གྱུར་པའི་འོད་ཟེར་དཀར་དམར་མཐིང་གསུམ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་གནས་གསུམ་ནས་ཞུགས། དབང་བཞི་པ་ཐོབ། སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་བྱིན་རླབས་ཞུགས་པའི་མོས་པ་མཛོད། སྔགས་རོལ་གོང་ལྟར་བྱ།
དེ་ལྟར་དབང་བཞི་བསྐུར་བ་ལ་བརྟེན་ནས་སྒོ་གསུམ་གྱི་དྲི་མ་ཐམས་ཅད་དག་པས། ཁྱེད་རང་རྣམས་སྐད་ཅིག་གིས་པདྨ་དང་ཟླ་བའི་སྟེང་དུ་ཕྱག་ན་རྡོར་རྗེར་གསལ་བའི་ཐུགས་ཀར་པད་ཟླའི་སྟེང་དུ་ཧཱུྃ་སྔོན་པོ་གསལ་བཏབ། སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་ཡིག་གཉིས་པ་དང་སྔགས་ཕྲེང་འཕྲོས། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་ཁའི་ཧཱུྃ་ལ་ཐིམ། ཧཱུྃ་གི་མཐར་སྔགས་ཕྲེང་འཁོད་པར་བསམ་ལ་སྔགས་འདིའི་རྗེས་ཟློས་མཛོད།
ཨོཾ་བཛྲ་ཧ་ལི་ཛ་ལི་ཧ་ན་ཧ་ན་སརྦ་དུཥྚཾ་ཧཱུྃ་ཕཊ།
སློབ་དཔོན་ལ་མེ་ཏོག་འཐོར་བ་དང་བཅས་འདིའི་རྗེས་ཟློས་ལན་གསུམ་མཛོད།
བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ།
མེ་ཏོག་གི་ཕྲེང་བ་དེ་ཉིད་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་ཏེ་སྤྱི་བོར་གཏད་པའི་མོས་པ་མཛོད།
བཅོམ་ལྡན་འདི་ལ་སྦྱིན་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ།
།རིག་པ་འཛིན་པ་འདིའི་རྒྱུད་ལ་དཔལ་ཕྱག་ན་རྡོ་རྗེའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག །ཅེས་བརྗོད།
དེ་དག་གིས་ཕྱག་རྡོར་གསང་སྒྲུབ་ཀྱི་བཀའ་ཕུལ་གྲུབ་པ་ཡིན་པས་འདིའི་རྗེས་ཟློས་མཛོད།
གཙོ་བོས་ཇི་ལྟར་སོགས་བྱ།
གསུམ་པ་རྗེས་བསྡུ་བ་སྤྱི་དང་འདྲའོ། །ཕྱག་རྡོར་གསང་སྒྲུབ་ཀྱི་བྱིན་རླབས་བཤད་ཟིན་ཏོ།།


Initiation of the Secret Practice of Vidarana (based on gsang sgrub skor gsum gyi byin rlabs)
༼༄༅། །གསང་སྒྲུབ་སྐོར་གསུམ་གྱི་བྱིན་རླབས་ལས་རྣམ་འཇོམས་གསང་སྒྲུབ།།༽
༈ ན་མོ་གུ་རུ་ཝེ། འདིར་རྣམ་འཇོམས་གསང་སྒྲུབ་ཀྱི་བྱིན་རླབས་ལ་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ།
།དང་པོ་ལ་མཎྜལ་པདྨ་འདབ་བཞིའི་སྟེང་དུ་མཉྫིའི་ཁར་བུམ་པ་རྒྱན་ལྡན་བཅུད་ཀྱིས་གང་བ་བཀོད། མཐའ་མཆོད་གཏོར་དང་སྤྲོ་ན་བགེགས་གཏོར་བཤམ།
གཉིས་པ་ལ། སློབ་དཔོན་གྱི་ལས་དང་། སློབ་མ་ལ་བྱ་བའོ།
།དང་པོ་སྐྱབས་སེམས་ཚད་མེད་བཞི་བསྒོམས་ནས། སྭ་བྷཱ་ཝས་སྟོང་པར་སྦྱང་།
སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ལས་རང་ཉིད་རྡོ་རྗེ་རྣམ་འཇོམས་སྐུ་མདོག་མཐིང་ག་གཡས་རྡོ་རྗེ་འཕྱར་ཞིང་། གཡོན་དྲིལ་བུ་དཀུར་བརྟེན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་ཁྲོ་བོའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། སྤྱན་གསུམ་པ། མཆེ་བ་གཙིགས་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། །ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་རྡོ་རྗེ་རྣམ་འཇོམས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་ཐིམ། སྙིང་ཁར་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུྃ། དེའི་མཐར་སྔགས་ཕྲེང་གིས་བསྐོར་བར་གྱུར། གཟུངས་རིང་ངམ། ཡང་སྙིང་། ན་མཿཙ་ཎྜ་བཛྲ་ཀྲོ་དྷཱཡ་སོགས་ཉི་ཤུ་རྩ་གཅིག་ལ་སོགས་པ་བཟླ། མདུན་གྱི་མཎྜལ་ལ་དམིགས་ནས་བསང་སྦྱང་།
སྟོང་པའི་ངང་ལས་ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་གི་དབུས་སུ་པདྨ་དང་ཉི་མའི་གདན། དེའི་སྟེང་དུ་ཧཱུྃ། བུམ་པའི་ནང་དུ་ཡང་པད་ཉིའི་སྟེང་དུ་ཧཱུྃ། ཧཱུྃ་གཉིས་ཀ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྣམ་འཇོམས་སྐུ་མདོག་མཐིང་ག་ཞེས་པ་ནས། ཛཿཧཱུྃ་བྃ་ཧོཿ །མདུན་བསྐྱེད་དང་བུམ་ནང་གི་དམ་ཚིག་པ་སོ་སོ་ལ་གཉིས་སུ་མེད་པར་ཐིམ།
མཆོད་པ་བྱིན་བརླབ། ཨོཾ་བཛྲ་བི་དཱ་ར་ཎ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་ཕྱི་མཆོད། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། མཐུ་སྟོབས་གཅིག་ཏུ་བསྡུས་པ་ནི། །རྡོ་རྗེ་ཁྲོ་བོའི་སྐུར་སྟོན་པ། །རྣམ་པར་འཇོམས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། གཏོར་མ་བྱིན་རླབས་བྱས་ལ་མཚན་སྔགས། ཨོཾ་བཛྲ་བི་དཱ་ར་ཎ་ས་པ་རི་ཝཱ་ར་ཨི་དཾ་སོགས་བཏགས་པ་ལན་གསུམ་གྱིས་ཕུལ། ཕྱི་ནང་གིས་མཆོད། བསྟོད་པས་བསྟོད། དེ་ནས་བུམ་ནང་གི་ལྷའི་སྐུ་ལུས་ཐམས་ཅད་ལས་སྔགས་ཕྲེང་རང་སྒྲ་སྒྲོག་པ་དཔག་ཏུ་མེད་པ་འུ་རུ་རུ་འཕྲོས། བུམ་པའི་ཆུ་དང་དབྱེར་མེད་དུ་འདྲེས་པར་གྱུར། ན་མཿཙཎྜ་སོགས་ཀྱི་ཡང་སྙིང་བརྒྱ་རྩ་ལ་སོགས་པ་བཟླ། དེ་ནས་འཇུག་པའི་མཎྜལ་ནས་བཟུང་། དབང་བཞི་པའི་བར་བདག་འཇུག་གི་ཚུལ་དུ་བླང་ངོ་།
།གཉིས་པ་ནི། སློབ་མ་བོས་ལ། ཕྱག་དང་མཎྜལ་འབུལ་དུ་གཞུག །སློབ་དཔོན་གྱིས་བགེགས་གཏོར་བསྔོས་ནས་གཏོར་མ་ཕྱི་རོལ་དུ་དོར་བ་དང་བགེགས་བསྐྲད། འོ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཆོས་གསན་པའི་ཀུན་སློང་དང་ཀུན་སྤྱོད་ཐེག་པ་ཆེན་པོའི་གཞུང་ལུགས་དྲི་མ་མེད་པ་ནས་འབྱུང་བ་ལྟར་གསལ་བཏབ་ནས་གསན་འཚལ།
གང་གསན་པར་བྱ་བའི་ཆོས་ནི་དཔལ་ལྡན་ཤངས་པ་བཀའ་བརྒྱུད་པའི་གསང་སྒྲུབ་སྐོར་ལྔའི་ནང་ནས་འདིར་རྣམ་འཇོམས་གསང་སྒྲུབ་ཡིན། དེ་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ཟིན། སློབ་མའི་ངོ་སྐལ་དུ་གྱུར་པ་ལ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་བརྡ་སྤྲད།
དེ་ནས་སྙིམ་པ་མེ་ཏོག་དང་བཅས་ཐལ་མོ་སྦྱར་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད།
དགའ་ཆེན་ཁྱོད་བདག་སོགས་གསོལ་བཏབ་ནས་བཟུང་སྟེ། དབང་བཞི་པའི་བར་ཐམས་ཅད་ལ་ལྷ་སྔགས་བརྗེ་བ་མ་གཏོགས་ཕྱག་རྡོར་ཇི་ལྟ་བ་བཞིན་བྱས་པས་དོན་གྲུབ་བོ། །དེ་ནས། ན་མཿཙཎྜ་བཛྲ་སོགས་བརྗོད་ཅིང་བུམ་པ་ཐོགས་ལ།
བུམ་ནང་གི་ལྷ་འོད་དུ་ཞུ་ནས་བུམ་ཆུ་དང་དབྱེར་མེད་པ་དེས་ཁྱེད་རང་རྣམས་ཀྱི་ལུས་བཀྲུས་པས་མི་མཐུན་པའི་ཕྱོགས་ཐམས་ཅད་སངས་ཀྱིས་དག་པའི་མོས་པ་མཛོད།
ཡང་སྙིང་བརྗོད་ཅིང་གདོང་ལ་སོགས་པ་ཁྲུ། ཐར་ཧུབ་གསུམ་རེ་འཐུང་དུ་གཞུག
།དེ་དག་གིས་རྣམ་འཇོམས་གསང་སྒྲུབ་ཀྱི་བཀའ་གྲུབ་པ་ཡིན་ཞིང་། ཁས་བླངས་པའི་དམ་ཚིག་གཟུང་ངོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་སོགས་དང་གཏང་རག་གི་མཎྜལ་ཕུལ།
གསུམ་པ་རྗེས་བསྡུ་ཆོག་སྤྱི་དང་འདྲ་བ་བྱའོ།། །།


༈ འདིའི་གསང་སྒྲུབ་བཀའ་རྒྱ་མའི་རྒྱུན་ཁྱེར་ཉམས་སུ་ལེན་ཚུལ་ནི། ཐོ་རངས་གཞན་དང་ངག་མ་འདྲེས་པའི་ལྟོ་སྟོང་མར་སྐྱབས་སེམས་སྔོན་འགྲོས།
།རང་ལུས་ཡེ་ནས་བུམ་པ་ནི། །རང་ཆས་གྲུབ་ཏེ་སྐྲ་སྣ་དག །བུམ་པའི་ཁ་རྒྱན་ཤིང་ལོ་ཉིད། །མགུལ་པ་བུམ་པའི་མགྲིན་པའོ། །གསུས་པ་བུམ་པའི་ལྟོ་བ་ལྡིར། །རྡོ་རྗེ་ནོར་བུ་བུམ་པའི་མཆུ། །སྲིན་ཞལ་འོག་སྒོ་བུམ་པའི་ཞབས། །རྐང་པ་བུམ་པའི་ཞབས་སྟེགས་སོ། །ལྷུན་གྱིས་གྲུབ་པའི་ལྟེ་བའི་ནང་། །པད་ཉིའི་སྟེང་དུ་ཡི་གེ་ཧཱུྃ། །དེ་མཐར་གཟུངས་རིང་ཚར་གསུམ་གྱི། །སྔགས་ཕྲེང་ལན་གསུམ་བསྐོར་བར་གྱུར། །ཧཱུྃ་དང་གཟུངས་ལས་འོད་འཕྲོས་པས། །སངས་རྒྱས་བྱང་སེམས་ཐམས་ཅད་མཆོད། །དེ་ཀུན་བྱིན་རླབས་འོད་ཟེར་ཚོགས། །ཚུར་འདུས་སྔགས་ཕྲེང་རྣམས་ལ་ཐིམ། །གཟུངས་རིང་བདུན་ལྔ་གསུམ་གྱི་བར། །རྒྱས་བསྡུས་ལོང་སྐབས་བསྟུན་ལ་བཟླ། །སྔགས་ཕྲེང་འོད་དུ་ཞུ་བ་ལས། །ཁྲུས་ཆུ་གདོན་ལ་ཁྲོ་ཆུང་དང་། །བར་ཆད་སྲུང་ལ་རྡོ་རྗེའི་རྡུལ། །ཕྲ་མོ་མཚོར་འཁྱིལ་མེ་འོད་འཕྲོ། །ཆུ་ཕུད་ཕར་བཏང་བར་པ་ནས། །ཁྱོར་བ་གསུམ་བཏུང་ཁྲུས་བྱའོ། །དེ་ནས་ནད་རིམས་མཐའ་དག་དང་། །གྲིབ་གདོན་ཀུན་ལས་རྒྱལ་བ་ཡི། །གསང་བའི་ཁྲུས་ཆོག་ཟབ་མོ་འདི། །སྐལ་ལྡན་རེ་རེ་ཙམ་ལའོ། །ཞེས་པའི་དོན་ཉམས་སུ་བླང་ངོ་།
།འདི་ལ་འཇགས་པ་ལུང་ཙམ་ལ་བརྟེན། བྱིན་རླབས་འདི་བསམ་སྡིང་བ་ནས་བརྒྱུད་པ་ཡིན་གསུང་། འདི་རྨི་ལམ་གྱི་ཁྲིད་ཀྱི་སྐབས་སུ་གནང་ན་འབྲེལ་ཆགས་ཏེ་རྨི་ལམ་འདི་གྲིབ་ལ་སྡང་བས་དེ་སེལ་བྱེད་ཀྱི་ཐབས་སུ་འགྲོ། །གསང་སྒྲུབ་བཀའ་ལྔར་བྱེད་པ་ལ། སྤྱན་རས་གཟིགས་གསང་སྒྲུབ་དང་། དབོན་སྟོན་སྐྱེར་སྒང་པ་ནས་བརྒྱུད་པའི་རྟ་མགྲིན་གསང་སྒྲུབ་གཉིས་བསྣན་པས་ལྔར་འགྲོ་བ་ཡིན་ནོ། །དེ་ལྟར་གསང་སྒྲུབ་སྐོར་གསུམ་གྱི་ལག་ལེན་ཁྲིག་ཆགས་འདི་ནི་ཚར་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི་གསུང་རྒྱུན་ཐོ་ཡིག་ལ་བརྟེན། དགེ་སློང་འདུལ་བ་འཛིན་པ་ངག་དབང་ཆོས་གྲགས་ཀྱིས་ལྕགས་འབྲུག་ཟླ་བ་བརྒྱད་པའི་ཡར་ཚེས་བདུན་གྱི་ཉིན་མདར་གྲོང་ཆེན་ཆོས་འཁོར་ཡང་རྩེའི་བླ་བྲང་གི་དབང་ཁང་དུ་སྦྱར་བ་དགེ་ལེགས་འཕེལ། །ཞེས་པའི་ཡི་གེ་རྩ་བར་བཀོད། མི་གསལ་བ་རྣམས་གསལ་བྱེད་ཞབས་ཏོག་གི་ཚུལ་དུ་བསྒྲུབས་སོ།།
སྨྲས་པ། མཁས་གྲུབ་བརྒྱུད་པའི་ཞལ་གྱི་བུམ་བཟང་ལས། །འཐོན་པའི་གསང་སྒྲུབ་སྐོར་གྱི་བདུད་རྩིའི་རྒྱུན། །དྲི་མེད་བྱིན་རླབས་ཟིལ་དངར་མ་ཉམས་པར། །བདག་བློའི་ཡོལ་གོར་འཁྱིལ་འདི་ངོ་མཚར་རྨད། །ཤངས་ཆོས་ནི་གུའི་ཁ་སྐོང་གཞུང་བཀའ་ཕྱི་མ་རྣམས་ཀྱི་ཕྱག་ལེན་བདེ་ཆེན་སྙེ་མའི་ཆུན་པོ་ཞེས་བྱ་བ། བློ་གསལ་རི་ཁྲོད་པས་སྦྱར་བ་ལས། གསང་སྒྲུབ་སྐོར་གསུམ་རྫོགས་སོ།། །།


Initiation of Sukhasiddhi BDRC W1KG1286 (based on su kha sid+d+hi'i byin rlabs kyi bka')
༈ མཁའ་འགྲོ་སུ་ཁ་སིདྡྷིའི་བྱིན་རླབས་ཀྱི་བཀའ་བཞུགས་སོ།།
།བདེ་བའི་དཔལ་རྒྱུན་མི་ནུབ་རྫོགས་ལྡན་དཔྱིད། །གྲུབ་པའི་དབང་ཕྱུག་དཔའ་བོ་མཁའ་འགྲོའི་གཙོ། །དགེ་ལེགས་རབ་ཏུ་སྤེལ་བའི་དབྱངས་བདུན་འཁྲོལ། །རྗེ་བཙུན་བླ་མའི་ཞབས་ལ་སྤྱི་བོས་འདུད། །འདིར་མཁའ་འགྲོ་མ་སུ་ཁ་སིདྡྷིའི་བྱིན་རླབས་ལ། སྔོན་འགྲོ། དངོས་གཞི། རྗེས་དང་གསུམ་ཡོད་པ་ལས།
དང་པོ་ཡིད་མཐུན་གྱི་གནས་སུ་བཅའ་གཞི་མཎྜལ་དབུས་དཀར་དམར། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་བའི་འདབ་མ་བཞི། མཐའ་མེ་རི་འབར་བ། དབུས་སུ་ཚོམ་བུ་དཀར་དམར་གཅིག་འགོད། མཆོད་གཏོར་དང་ཚོགས་ཀྱི་ཡོ་བྱད་སོགས་དཀྱུས་བཞིན་བཤམ་མོ།
།གཉིས་པ་དངོས་གཞི་ལ་གཉིས་ཏེ། སློབ་དཔོན་གྱི་ལས་དང་སློབ་མ་ལ་བྱ་བའོ།
།དང་པོ་དེ་ནས་སྐྱབས་སེམས་ཚད་མེད་བཞི་སྔོན་དུ་བཏང་། སྭ་བྷཱ་ཝས་སྟོང་བར་སྦྱང་།
སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་རང་སྐད་ཅིག་གིས་མཁའ་འགྲོ་མ་སུ་ཁ་སིདྡྷི་སྐུ་མདོག་དུང་ལྟར་དཀར་བ། དབུ་སྐྲ་སིལ་བུར་འཕྱང་ཞིང་རུས་པའི་རྒྱན་གྱིས་བརྒྱན་པ། ཕྱག་གཡས་ཐོད་པ་བདུད་རྩིས་གང་བ་བསྣམས་ཤིང་། གཡོན་སྐྱེ་མེད་མཚོན་པའི་ཕྱག་རྒྱ་ཆེད་དུ་འཕྱར་ཙམ་མཛད་པ། ཞབས་གཉིས་གར་སྟབས་ཀྱི་རྣམ་པ། སྤྱན་གསུམ་ཧྲིག་གེ་གཟིགས་པ། ཡེ་ཤེས་ཀྱི་སྐུ་ཅན། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་མཁའ་འགྲོ་མ་སུ་ཁ་སིདྡྷི་ཡེ་ཤེས་པ་ལ་འཁོར་མཁའ་འགྲོ་མའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ རང་ཉིད་ལ་གཉིས་སུ་མེད་པར་ཐིམ།
ཐུགས་ཀར་ཟླ་བའི་སྟེང་དུ་ཨོཾ་ཨཱཿསུ་ཁ་སིདྡྷི་ཧཱུྃ་གིས་བསྐོར་བ་ལ་དམིགས་ཏེ་སྔགས་དེ་ཉིད་ཉེར་གཅིག་ལ་སོགས་པ་བཟླ་བ་ནི་བདག་བསྐྱེད་དོ།
།མདུན་གྱི་མཎྜལ་བསང་སྦྱང་། སྟོང་པའི་ངང་ལས་སྲུང་འཁོར་དུར་ཁྲོད་དང་བཅས་པའི་དབུས་སུ་ཆུད་པའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་ན་པདྨ་དང་ཟླ་བའི་གདན་ལ་མཁའ་འགྲོ་མ་སུ་ཁ་སིདྡྷི་སྐུ་མདོག་དུང་ལྟར་དཀར་བ། ཞེས་པ་ནས། ཛཿཧཱུྃ་བྃ་ཧོཿ །མདུན་བསྐྱེད་ལ་གཉིས་སུ་མེད་པར་ཐིམ། ཞེས་པའི་བར་གོང་བཞིན་བརྗོད། མཆོད་པ་བྱིན་རླབས་བྱས་ལ། ཨོཾ་གུ་རུ་ཌཱ་ཀི་ནཱི་སུ་ཁ་སིདྡྷི་ས་པ་རི་ཝཱ་ར་ཨཱརྒྷཾ་ལ་སོགས་པས་ཕྱི་མཆོད་དང་། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ།
གང་གི་གསང་གསུམ་ཟླ་བའི་འོད་ཟེར་གྱིས། །བདེ་ཆེན་སྙིང་གི་ཀུ་མུད་བཞད་མཛད་པའི། བླ་མ་མཆོག་དང་དབྱེར་མེད་རྗེ་བཙུན་མ། །སུ་ཁ་སིདྡྷིའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། གཏོར་མ་བྱིན་གྱིས་བརླབས་ལ། ཨོཾ་གུ་རུ་ཌཱ་ཀི་ནཱི་སུ་ཁ་སིདྡྷིའི་མཐར་ཨི་དཾ་སོགས་བཏགས་པ་ལན་གསུམ་གྱིས་ཕུལ། ཕྱི་ནང་གི་མཆོད་པ་དང་། བསྟོད་པ་གོང་བཞིན་མཐར་འདོད་གསོལ་བྱ།
དེ་ནས་འཇུག་པའི་མཎྜལ་ནས་བཟུང་ཡེ་ཤེས་དབབ་པ། དབང་བཞི་བླང་བ། ནམ་མཁའ་དང་རང་སེམས་བསྲེས་ནས་ཅི་གནས་ཀྱི་ངང་དུ་རང་བབས་སུ་འཇོག་པའི་བར་བདག་འཇུག་གི་ཚུལ་དུ་བླང་ངོ་།།
༈ གཉིས་པ་དེ་ནས་སློབ་མ་བོས་ལ། ཁྲུས་ཕྱག་མཎྜལ་འབུལ་བ་རྣམས་བྱར་གཞུག
།སེམས་ཅན་ཐམས་ཅད་ཀྱི་དོན་དུ་སོགས་དང་། གང་གསན་པར་བྱ་བའི་ཆོས་ནི་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་པ་ལ་བླ་མ་མང་དུ་བཞུགས་པའི་ནང་ནས། རྡོ་རྗེ་འཆང་ལ་ཆོས་དངོས་སུ་གསན་པའི་ཡེ་ཤེས་ཀྱི་ཌཱ་ཀི་རྣམ་པ་གཉིས་ཀྱི་ནང་ཚན་སུ་ཁ་སིདྡྷིའམ། བདེ་བ་སྦྱིན་དུ་གྲགས་པའི་བྱིན་རླབས་ཡིན།
མཁའ་འགྲོ་མ་འདིའི་ལོ་རྒྱུས་ནི་རྒྱ་གར་ཁ་ཆེ་ན་གྲོང་ཁྱེར་ཆེན་པོ་འབུམ་ཚོ་སུམ་ཅུ་སོ་བརྒྱད་ཡོད་པ་ལས། འདི་ནུབ་བྱང་གི་གྲོང་ཁྱེར་དུ་བྱུང་སྟེ། དེ་ཡང་གྲོང་ཁྱེར་དེ་ན་བཟའ་མི་གཉིས་ལ་བུ་གསུམ། བུ་མོ་གསུམ་ཡོད་པ་ཤིན་ཏུ་དབུལ་ཞིང་ཕོངས་པར་གྱུར་ཏེ་རྒྱགས་འབྲས་བུམ་པ་གང་ལས་མེད་པ། དེ་ཟ་མ་ནུས་པར་ཁ་བཅད་སྦས་ནས་བཞག་གོ
།དེ་ནས་བུ་གསུམ་ལྷོ་ཕྱོགས་སུ་ཟས་ཚོལ་དུ་སོང་། བུ་མོ་གསུམ་ཡང་བྱང་དུ་སོང་། ཕ་དེ་ནུབ་ཕྱོགས་སུ་སོང་། དེ་ན་མ་དེ་ཁྱིམ་དུ་འདུག་པ་ན་ཤིན་ཏུ་བཀྲེས་ཤིང་ཕོངས་པ་གཅིག་ཟས་སློང་དུ་བྱུང་བས། མས་དེ་ལ་འབྲས་ཀྱི་བུམ་པ་ཁ་ཕྱེ་ནས་བཙོས་ཏེ་བྱིན་ནོ།
།དེར་ཕ་དང་བུ་མོ་ལ་སོགས་པ་དེ་ཀུན་གྱིས་ཅི་ཡང་མ་རྙེད་པར་ལྟོགས་པས། ད་ནི་ཁྱིམ་གྱི་འབྲས་བུམ་པ་གང་པོ་ཟའོ་སྙམ་ནས་དུས་གཅིག་ལ་ལོག་ནས། མ་ལ་འབྲས་བུམ་པ་གང་པོ་བྱིན་ཅིག་སྨྲས་པ་དང་། མ་ན་རེ། ཁྱེད་རང་རྣམས་ཀྱིས་ཟས་རྙེད་ནས་འོང་སྙམ་སྟེ་འདིར་སློང་བ་པོ་ཞིག་བྱུང་བ་ལ་བྱིན་ནས་མེད་སྨྲས་པས། ཁྱོད་ཀྱིས་སྔར་ཡང་འདི་བཞིན་བྱས་པས་སྐྱིད་དུ་མ་སྟེར་བ་ཡིན། འདིར་མ་འདུག་ཟེར་ནས་ཁྱིམ་ནས་བསྐྲད་དོ།
།དེ་ནས་རྒན་མོ་དེས་ནུབ་ཕྱོགས་ཨོ་རྒྱན་དུ་ཕྱིན་ནས། དེར་སླེབས་པ་ཙམ་གྱིས་རིག་པ་རང་བཞིན་གྱིས་དྭངས་པར་སོང་། དུས་དེར་འབྲས་ཁལ་གཅིག་རྙེད་པ་རྒྱུར་བྱས་ཏེ་ཆང་ཚོང་བའི་ལས་བྱེད་ཅིང་ཡོད་པ་ན། དེའི་ནགས་ཁྲོད་ཅིག་ན་སློབ་དཔོན་བིརྺ་པ་གསང་སྤྱོད་མཛད་པའི་ཕྱག་རྒྱ་མོ་དེ་ཆང་ཉོ་བ་ལ་འོངས་ཏེ། རྒན་མོས་ཆང་འདི་སུ་ལ་འདྲེན་བྱས་པས། ངའི་འདི་ནགས་ཁྲོད་ཡ་གི་ན་རྣལ་འབྱོར་པ་གཅིག་བཞུགས་པ་ལ་འདྲེན་ཟེར། འོ་ན་ཆང་རིན་མི་དགོས་སྣོམས་ཤིག་བྱས་ནས་ཆང་བུམ་པ་གང་བསྐུར་རོ།
།དེར་སློབ་དཔོན་གྱིས་དྲི་བ་མཛད་པ་ལ་ཕྱག་རྒྱ་མོས་རྒན་མོ་ཞིག་གིས་དད་པས་ཕུལ་བ་ཡིན་ཚུལ་ཞུས་པས། དེ་ཁྲིད་ཤོག་གསུངས་ནས། རྒན་མོ་ལ་བཟླས་པས། ཤིན་ཏུ་དགའ་ནས་ཡང་ཆང་བུམ་པ་གང་དང་། ཕག་ཤ་གཅིག་ཁྱེར་ནས་མཇལ་བར་ཕྱིན་པས། བིརྺ་པས་དབང་དང་གདམས་པ་གནང་བ་ལ་བརྟེན་ནས་རྒན་མོ་དེ་རྣམ་སྨིན་གྱི་ལུས་འཇའ་ལུས་སུ་སོང་སྟེ། ཡེ་ཤེས་ཀྱི་མཁའ་འགྲོ་མ་སུ་ཁ་སིདྡྷི་ཞེས་བྱ་བ་འདི་ཉིད་དུ་གྱུར་པ་ཡིན་ནོ།
།མཁའ་འགྲོ་མ་འདིས་ཁྱུང་པོ་རྣལ་འབྱོར་པ་ལ་ཙན་དན་སྨན་གྱི་ནགས་ཚལ་དུ་ཤིང་ཏ་ལ་བདུན་སྲིད་ཀྱི་ནམ་མཁའ་ལ་བཞུགས་ནས་ཞལ་བསྟན་ཅིང་དབང་དང་གདམས་པ་མ་ལུས་གནང་ཞིང་བརྒྱུད་པ་ཕྱི་མ་ཕལ་ཆེར་ལ་ཡང་ཞལ་དངོས་སུ་བསྟན་པ་སོགས་ངོ་མཚར་བའི་ལོ་རྒྱུས་མང་པོ་ཡོད་ལ། སུ་ཁ་ཆོས་དྲུག་གི་གདམས་པ་རྣམས་སྔར་སྙན་བརྒྱུད་འབའ་ཞིག་ཏུ་བཞུགས་པ་ལས། ཕྱིས་སུ་ཞ་ལུ་སྐུ་ཞང་རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེས་ཁྲིད་ཡིག་མཛད་ནས་དར་ཞིང་རྒྱས་པར་མཛད་པ་ཡིན་ཞིང་། དེ་ལྟ་བུའི་གདམས་པ་ཉམས་སུ་ལེན་པ་ལ་བྱིན་རླབས་སྔོན་དུ་འགྲོ་དགོས་པ་ཡིན། དེ་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ཟིན། སློབ་མའི་ངོ་སྐལ་དུ་གྱུར་པ་ལ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་བརྡ་སྤྲད།
དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད།
དགའ་ཆེན་ཁྱོད་བདག་སོགས་གསུམ།
མདུན་བསྐྱེད་མཁའ་འགྲོ་མ་སུ་ཁ་སིདྡྷི་ལ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་བསྐོར་ནས་བཞུགས་པའི་སྤྱན་སྔར་རྒྱུན་བཤགས་བྱ་བ་འདིའི་རྗེས་ཟློས་མཛོད།
དཀོན་མཆོག་གསུམ་ལ་སོགས་གསུམ།
དེ་ནས་སློབ་དཔོན་མཁའ་འགྲོ་མ་སུ་ཁ་སིདྡྷིར་གསལ་བ་ལ་མོས་གུས་བྱས་པའི་རྐྱེན་གྱིས་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཌཱ་ཀིའི་ཚོགས་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་དཀར་དམར་དཔག་ཏུ་མེད་པ་བྱུང་སྟེ། ཁྱེད་རང་གི་ལུས་ལ་ཕོག་པ་ཙམ་གྱིས་རྣམ་སྨིན་གདོས་བཅས་ཤ་ཁྲག་གི་ལུས་སྦྱངས་ཏེ་འོད་གསལ་སྟོང་པ་ཉིད་དུ་གྱུར་པའི་མོས་པ་མཛོད།
དེའི་ངང་ལས་ཁྱེད་རང་གི་གོ་སར་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཁྱེད་རང་སྐད་ཅིག་གིས་མཁའ་འགྲོ་མ་སུ་ཁ་སིདྡྷི་སྐུ་མདོག་དུང་ལྟར་དཀར་བ། དབུ་སྐྲ་སིལ་བུར་འཕྱང་ཞིང་རུས་པའི་རྒྱན་གྱིས་བརྒྱན་པ། ཕྱག་གཡས་ཐོད་པ་བདུད་རྩིས་གང་བ་བསྣམས་ཤིང་གཡོན་སྐྱེ་མེད་མཚོན་པའི་ཕྱག་རྒྱ་ཆེད་དུ་འཕྱར་ཙམ་མཛད་པ། ཞབས་གཉིས་གར་སྟབས་ཀྱི་རྣམ་པ། སྤྱན་གསུམ་ཧྲིག་གེ་གཟིགས་པ། ཡེ་ཤེས་ཀྱི་སྐུ་ཅན། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ། ཐུགས་ཀར་ཧཱུྃ་གིས་མཚན་པའི་མོས་པ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་མཁའ་འགྲོ་མའི་ཚོགས་ཀྱི་ཐུགས་རྒྱུད་བསྐུལ་བས། དེ་དང་འདྲ་བའི་མཁའ་འགྲོ་མའི་ལྷ་ཚོགས་དཔག་ཏུ་མེད་པ་བྱུང་། ཁྱེད་རང་གི་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་གང་། ལུས་སེམས་བདེ་བས་ཁྱབ་པར་གྱུར།
ཡང་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོའི་ཚོགས་ཐམས་ཅད་ཀྱང་ཌཱ་ཀི་མ་སུ་ཁ་སིདྡྷིའི་རྣམ་པར་ས་གཞི་བར་སྣང་ཐམས་ཅད་ཁྱབ་པ་ཙམ་སྤྱན་དྲངས་ཏེ། ཁྱེད་རང་གི་ལུས་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། སྤོས་རོལ་དང་། ཨོཾ་ཨཱཿསུ་ཁ་སིདྡྷི་ཧཱུྃ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ། ཞེས་མང་དུ་བརྗོད།
དེ་ནས་མདུན་གྱི་གཞལ་ཡས་ཁང་གི་དབུས་སུ་བླ་མ་དང་ཐ་མི་དད་པའི་སུ་ཁ་སིདྡྷི་བཞུགས་པ་ལ་དངོས་གཞིའི་བྱིན་རླབས་ཞུ་བའི་ཡོན་དུ་མཎྜལ། འདིའི་རྗེས་ཟློས་མཛོད།
གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུ་ཡི། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །བདག་ལ་དབང་བཞི་བསྐུར་དུ་གསོལ། །ཞེས་ལན་གསུམ།
དམིགས་པ་འདི་བཞིན་དུ་མཛོད།
མདུན་བསྐྱེད་ཀྱི་གནས་གསུམ་དུ་འབྲུ་གསུམ་གསལ་བཏབ་པའི་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་བྱུང་། ཁྱེད་རང་གི་སྨིན་མཚམས་ནས་ཞུགས། བུམ་པའི་དབང་ཐོབ། སྐུའི་བྱིན་རླབས་ཞུགས་པའི་མོས་པ་མཛོད། ཨོཾ་ཨཱཿསུ་ཁ་སིདྡྷི་ཧཱུྃ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་སྔགས་དང་བཅས་པའི་ཌཱ་དྲིལ་བྱ་བ་འོག་ཏུ་ཡང་འགྲེ།
དེ་བཞིན་དུ་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་བྱུང་། ཁྱེད་རང་གི་མགྲིན་པ་ནས་ཞུགས། གསང་བའི་དབང་ཐོབ། གསུང་གི་བྱིན་རླབས་ཞུགས་པའི་མོས་པ་མཛོད།
ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་བྱུང་། ཁྱེད་རང་གི་སྙིང་ཁ་ནས་ཞུགས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་བྱིན་རླབས་ཞུགས་པའི་མོས་པ་མཛོད།
མདུན་བསྐྱེད་ཀྱི་གནས་གསུམ་གྱི་ཡིག་འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་། ཁྱེད་རང་གི་གནས་གསུམ་དུ་ཐིམ་པས་དབང་བཞི་པ་ཐོབ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་པའི་མོས་པ་མཛོད། སྔགས་རོལ་བྱ།
མཐར་ཁྱེད་རང་རྣམས་ལུས་གནད་བཅས་ཏེ། མིག་མདུན་གྱི་བར་སྣང་སྟོང་པ་ལ་ཧར་རེ་ལྟོས་མཛོད། སློབ་དཔོན་མཁའ་འགྲོ་མ་སུ་ཁ་སིདྡྷིར་གསལ་བའི་ཕྱག་གཡོན་ཁུ་ཚུར་ལ་མཛུབ་མོ་ནམ་མཁར་བསྒྲེང་བ་སྐྱེ་མེད་མཚོན་པའི་ཕྱག་རྒྱ་ཆེད་དུ་འཕྱར་ཙམ་མཛད་དེ། ཞལ་ནས་ཚིགས་སུ་བཅད་པ་འདིས་ངོ་སྤྲད་པའི་མོས་པ་མཛོད།
རིག་པ་རྟེན་མེད་དུ་ཞོགས་དང་རྣལ་འབྱོར་པ།
།ནམ་མཁའ་རིག་མེད་སྟོང་པ་ལ། །རིག་བཅས་སེམས་ཀྱི་རྩ་བ་གཅུན། །རྩ་བ་གཅུན་ལ་ལྷུག་པ་ཞོག །ཅེས་ལན་གསུམ་བརྗོད་ལ།
དེའི་དོན་ནམ་མཁའ་དང་ཁྱེད་རང་གི་སེམས་དབྱེར་མེད་དུ་བསྲེས་ནས་བཞག་པའི་ཚེ།
ནམ་མཁའ་ལ་སྐྱེ་འཇིག་མེད་པ་བཞིན་དུ་རང་སེམས་ལ་སྐྱེ་འཇིག་མེད། ནམ་མཁའ་ལ་མཐའ་དང་དབུས་ངོས་བཟུང་མེད་པ་བཞིན་རང་སེམས་ཀྱང་དེ་ལྟར་ཤེས་པར་བྱས་ལ་དེ་ཀའི་ངང་དུ་འཛིན་པ་མི་བྱ། བཅས་བཅོས་མི་བྱ་རང་བབས་སུ་ཞོག་མཛོད། ཅེས་བརྗོད།
དེས་མཁའ་འགྲོ་མ་སུ་ཁ་སིདྡྷིའི་བྱིན་རླབས་ཕུལ་གྲུབ་པ་ཡིན་པས། དེའི་དུས་སུ་ཐོབ་པའི་དམ་ཚིག་དང་སྡོམ་པ་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད།
གཙོ་བོས་སོགས་དང་གཏང་རག་གི་མཎྜལ་བྱ། འདི་ལ་ངེས་པར་ཚོགས་འཁོར་ཞིག་མཛད།།
༈ གསུམ་པ་ཡིག་བརྒྱས་ནོངས་པ་བཟོད་གསོལ་བྱ་བ་རྣམས་སྤྱི་དང་འདྲ་ཞིང་། མཐར་བསྔོ་བ་དང་སྨོན་ལམ་བཀྲ་ཤིས་ཀྱི་ཕྲེང་བས་མཐའ་བརྟེན་པར་བྱའོ།
།འདི་ཡང་ངག་དབང་ཆོས་གྲགས་ཀྱི་གསུང་རྩ་བར་བཀོད་ནས་མི་གསལ་བ་རྣམས་གསལ་བྱེད་ཞབས་ཏོག་གི་ཚུལ་དུ་བྲིས་པ་ཡིན་ནོ།
།བདེ་བའི་དངོས་གྲུབ་མའི་བཀའ་བཤད་ཟིན་ནོ།། །།


Initiation of the Combined Accomplishment of the Four Deities
༈ ལྷ་བཞི་དྲིལ་སྒྲུབ་ཀྱི་བཀའ་བཞུགས།།
ན་མོ་གུ་རུ་ཝེ། འདིར་ལྷ་བཞི་དྲིལ་སྒྲུབ་ཀྱི་བཀའ་བྱ་བ་ལ། སྔོན་འགྲོ། དངོས་གཞི། རྗེས་དང་གསུམ་ལས།
དང་པོ་མཎྜལ་པདྨ་འདབ་བཞི་པའི་ལྟེ་བར་ཉི་ཟླའི་གདན་ལ་ཚོམ་བུ་སྔོན་པོ། ཤར་གྱི་པད་འདབ་ལ་ཉི་གདན་ཚོམ་བུ་ནག་པོ། ལྷོའི་པད་འདབ་ལ་དམར་པོ། ནུབ་ཏུ་དཀར་པོ། བྱང་དུ་ལྗང་ཁུ་སྟེ་ཚོམ་བུ་ལྔ་བཀོད། མཐར་མཆོད་གཏོར་གྱིས་བསྐོར་རོ། །ཡང་འདིའི་བཅའ་གཞི་བླ་མ་ལམ་ཁྱེར་དང་འདྲ་བ་བྱས་ཀྱང་རུང་ངོ་།
།གཉིས་པ་དངོས་གཞི་ལ། སློབ་དཔོན་གྱི་ལས་དང་སློབ་མ་ལ་བྱ་བའོ།
།དང་པོ་སྐྱབས་འགྲོ་སེམས་བསྐྱེད་བྱས་ལ། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ། ཕྱི་རོལ་དུ་མེ་རི་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོ་རྡོ་རྗེའི་རྭ་བ་དང་གུར་རྣམས་སུ་གྱུར། དེའི་ནང་དུ་རང་ཉིད་ཡི་དམ་གྱི་སྐུར་གསལ་བའི་སྤྱི་བོར་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ་བདེ་བ་འཆར་ཞིང་རྒྱས་པ་འོད་ཀྱི་རང་བཞིན་ཅན་གྱི་དབུས་སུ་པདྨ་འདབ་མ་བཞི་པ་ལྟེ་བ་ཁྲུ་གང་གིས་མཐོ་བ་ལ་ཉི་ཟླ་བརྩེགས་པའི་གདན་ལ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་ལས་རྩ་བའི་བླ་མ་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་རྡོ་རྗེ་དང་། གཡོན་དྲིལ་བུ་འཛིན་པས་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་གྲི་གུག་དང་ཐོད་པ་འཛིན་པ་ལ་འཁྱུད་པ། གཉིས་ཀའང་རུས་པ་དང་རིན་པོ་ཆེས་བརྒྱན་ཅིང་། དར་གྱི་ན་བཟས་ཀླུབས་པ་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་འོད་ཟེར་འཕྲོ་བའོ།
།མདུན་གྱི་པད་འདབ་ལ་ཉི་མའི་གདན་ལ་ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པ་ལས་དཔལ་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་ཆར་སྤྲིན་ལྟར་ནག་པ། ཞལ་གཅིག་ཕྱག་དྲུག་པ། ཞབས་གཉིས་བཞེངས་པའི་སྟབས་སུ་བཞུགས་པ། ཕྱག་གཡས་ཀྱི་དང་པོས་གྲི་གུག །བར་པས་ཐོད་པའི་ཕྲེང་བ། ཐ་མས་ཌཱ་མ་རུ་དྲག་ཏུ་འཁྲོལ་བ། གཡོན་གྱི་དང་པོས་ཐོད་ཁྲག །བར་པས་རྩེ་གསུམ། ཐ་མས་རྡོ་རྗེའི་ཞགས་པ་བསྣམས་པ། སྤྱན་གསུམ་དམར་ལ་ཟླུམ་པ། ཞལ་བསྒྲད་ཅིང་མཆེ་བ་གཙིགས་པ། སྨིན་མ་དང་སྨ་ར་ཨག་ཚོམ་བརྗིད་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། མི་མགོ་སྐམ་པོ་ལྔས་དབུ་བརྒྱན་པ། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ལ་དར་ལྗང་ཁུའི་སྐེ་རགས་བཅིངས་པ། ལྟོ་བ་འཕྱང་ཞིང་ཡན་ལག་རྣམས་སྦོམ་ལ་རགས་པ། དཔྲལ་བར་སིན་དྷཱུ་རས་བྱུགས་ཤིང་། ཕྱག་དང་ཞབས་རྣམས་དྲིལ་བུ་གཡེར་ཁས་བརྒྱན་པ། གླང་པོ་ཆེའི་པགས་པ་རློན་པ་གོས་སུ་གྱོན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་ཚོགས་བདག་དཀར་པོ་གན་རྐྱལ་དུ་འགྱེལ་བའི་གདན་ལ་བཞུགས་པའོ།
།གཡས་ཀྱི་པད་འདབ་ལ་ཉི་མའི་གདན་ལ་ཧྲཱིཿདམར་པོ་ལས་གྲི་གུག་ཧྲཱིཿས་མཚན་པ་ལས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ། ཞལ་གཅིག་ཕྱག་གཉིས་མ། ལོ་བཅུ་དྲུག་ལོན་པའི་རྣམ་པ་ཅན། ཞལ་འཛུམ་ཞིང་མཆེ་བ་ནས་ཙམ་འབུར་བ། སྤྱན་གསུམ་གཡོན་ཕྱོགས་སུ་གཟིགས་པ། ཕྱག་གཡས་གྲི་གུག་ཐུར་དུ་བརྐྱང་ནས་འཛིན་པ། གཡོན་ཐོད་པ་བདུད་རྩིས་གང་བ་སྟེང་ཕྱོགས་སུ་བཟུང་ནས་ཞལ་དུ་གསོལ་བ། མཆན་ཁུང་གཡོན་ན་ཁ་ཊྭཱཾ་ག་བསྣམས་པ། ཕྱག་རྒྱ་ལྔས་བརྒྱན་ཅིང་། ཞབས་གཡས་བརྐྱང་པས་འཇིགས་བྱེད་དང་དུས་མཚན་མནན་པའོ།
།རྒྱབ་ཀྱི་པད་འདབ་ལ་ཟླ་བའི་གདན་ལ་ཧྲཱིཿལས་པདྨ་ཧྲཱིཿས་མཚན་པ་ལས་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱ་བཅས་པས་བུམ་པ་དང་། གཡོན་པདྨ་དཀར་པོའི་ཡུ་བ་ཐུགས་ཀར་འཛིན་ཅིང་སྙན་གྱི་ཐད་ཀར་ཁ་བྱེ་བ། དབུ་སྐྲ་དཔུང་པའི་སྟེང་ན་སིལ་ལེ་ཡོད་པ་འོད་དཔག་མེད་ཀྱིས་དབུ་བརྒྱན་པ། ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་པའི་སྟབས་ཀྱིས་བཞུགས་པའོ།
།གཡོན་གྱི་པད་འདབ་ཀྱི་ཟླ་གདན་ལ་ཏཱྃ་ལས་ཨུཏྤལ་ཏཱྃ་གྱིས་མཚན་པ་ལས་རྗེ་བཙུན་མ་སྒྲོལ་མ་སྐུ་མདོག་ལྗང་ཁུ། ལང་ཚོ་དར་ལ་བབ་ཅིང་། ལོ་བཅུ་དྲུག་ལོན་པའི་རྣམ་པ་ཅན། ཕྱག་གཡས་སྐྱབས་སྦྱིན་དང་། གཡོན་ཨུཏྤལའི་ཡུ་བ་འཛིན་པ། སྤྱི་བོར་དོན་ཡོད་གྲུབ་པས་བརྒྱན་པ། ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་པའི་སྟབས་ཀྱིས་བཞུགས་པའོ།
།དེ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་མ་ལུས་པ་རྡོ་རྗེ་འཆང་དང་ལྷ་བཞིའི་རྣམ་པར་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་ཐིམ། སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་གྱུར།
བླ་མ་ལྷ་བཞིའི་ཚོགས་ལ་ཕྱི་མེ་ཏོག་བདུག་སྤོས། ནང་ཤ་ལྔ་བདུད་རྩི་ལྔ། གསང་བ་སྙོམ་འཇུག་གི་བདེ་བ། དེ་ཁོ་ན་ཉིད་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ལ་སོགས་པ་མཆོད་པའི་ཁྱད་པར་བསམ་གྱིས་མི་ཁྱབ་པས་མཆོད་ཅིང་མཉེས་པར་བགྱིའོ། །བྱིན་གྱིས་རླབས་ཏུ་གསོལ།
ན་མོ་བུདྡྷཱ་ཡ། ན་མོ་གུ་རུ་ཧེ། བཛྲ་བཱི་ར་བཱི་རེ་ཎཱི་ཡཻ། ཤྲཱི་ཌཱ་ཀ་ཌཱ་ཀི་ནཱི་ཡཻ། ཛོ་ཀ་ཛོ་ཀི་ནཱི་ཡཻ། སརྦ་བུདྡྷ་བོ་དྷི་སཏྭ་ཡ་ཤ་ར་ཎ་གཙྪཱ་མི་ཀྱཻ། ལན་གསུམ།
བླ་མའི་སྐུ་ལས་བདུད་རྩིའི་རྒྱུན་བབས། རང་གི་སྤྱི་བོ་ནས་ཞུགས། ལུས་གང་བས་ནད་གདོན་སྡིག་སྒྲིབ་དག །བླ་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པར་གྱུར།
དེ་བཞིན་དུ་ལྷ་སོ་སོ་ལ་དམིགས་ཏེ་རིམ་བཞིན་སྔགས་བརྗོད་པ་ནི།
ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣན་བཱི་ན་ཡཱ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། གསུམ། མགོན་པོའི་སྐུ་ལས་བདུད་རྩིའི་རྒྱུན་བབས༴ །མགོན་པོའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པར་གྱུར། ཅེས་སོགས་རིགས་འགྲེ།
ཨོཾ་བཛྲ་ན་ར་ཀྲིཾ་ཀྲིཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། གསུམ། རྣལ་འབྱོར་མའི་སྐུ་ལས༴
ཨོཾ་མ་ཎི་པདྨ་ཧཱུྃ། ཨོཾ་བཛྲ་རཀྵ་ན་མཿས་མནྟ་ཧཱུྃ་ཕཊ། གསུམ། སྤྱན་རས་གཟིགས་ཀྱི་སྐུ་ལས༴
ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། གསུམ། སྒྲོལ་མའི་སྐུ་ལས་བདུད་རྩིའི་རྒྱུན་བབས། རང་གི་སྤྱི་བོ་ནས་ཞུགས། ལུས་གང་བས་ནད་གདོན་སྡིག་སྒྲིབ་དག །སྒྲོལ་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པར་གྱུར།
བླ་མ་རྡོ་རྗེ་འཆང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། ལྷ་བཞི་སྤྱན་དྲངས་བླ་མའི་སྤྱི་བོར་སྤྱན་རས་གཟིགས། མགྲིན་པར་སྒྲོལ་མ། ཐུགས་ཀར་མགོན་པོ། ལྟེ་བར་རྣལ་འབྱོར་མ་རྣམས་བཞུགས་པར་གྱུར།
སྔགས་ཚན་ལྔ་སྤྲེལ་ནས་ལན་གསུམ་བཟླ།
རང་གི་གསང་གནས་ནས་རླུང་གཡོས། ལྟེ་བར་གཏུམ་མོ་ཡེ་ཤེས་ཀྱི་མེ་སྦར། བླ་མའི་སྐུ་ལ་ཕོག་པས་བདེ་བ་ཆེན་པོས་ལྷ་བཞི་བདུད་རྩིར་ཞུ་ནས་སྐུ་ལུས་གང་། གསང་བའི་ལམ་ནས་རང་གི་སྤྱི་བོར་ཞུགས། མགྲིན་པ་ཡན་ཆད་གང་། ལུས་ཀྱི་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ། སྐུའི་བྱིན་རླབས་ཞུགས། སྙིང་ཁ་ཡན་ཆད་གང་། ངག་གི་སྡིག་སྒྲིབ་དག །གསང་བའི་དབང་ཐོབ། གསུང་གི་བྱིན་རླབས་ཞུགས། ལྟེ་བ་ཡན་ཆད་གང་། ཡིད་ཀྱི་སྡིག་སྒྲིབ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་བྱིན་རླབས་ཞུགས། ལུས་ཐམས་ཅད་གང་། སྒོ་གསུམ་གྱི་སྡིག་སྒྲིབ་དག །དབང་བཞི་པ་ཐོབ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། བླ་མ་འོད་དུ་ཞུ། རང་ལ་ཐིམ་པས། རང་ལུས་འོད་དུ་ཡལ། སེམས་མ་བཅོས་པ་ལ་མཉམ་པར་བཞག་གོ
།དེ་ནས་མཎྜལ་བསང་སྦྱང་། སྟོང་པའི་ངང་ལས་པདྨ་འདབ་མ་བཞི་པ་ལྟེ་བ་ཁྲུ་གང་གིས་མཐོ་བ་ཉི་ཟླ་བརྩེགས་པའི་གདན་ལ་རྩ་བའི་བླ་མ་རྡོ་རྗེ་འཆང་། ཞེས་པ་ནས། སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་གྱུར། ཅེས་པའི་བར་གོང་བཞིན་བརྗོད། མཆོད་པ་བྱིན་རླབས་བྱས་ལ། གུ་རུ་དེ་བ་ཙ་ཏུར་ས་པ་རི་ཝཱ་ར་ཨརྒྷཾ་ལ་སོགས་ཀྱིས་ཕྱི་མཆོད། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད། གསང་མཆོད་དང་། དེ་ཁོ་ན་ཉིད་ཀྱི་མཆོད་པ་ཡིད་ཀྱིས་བྱ། གང་གི་དྲིན་གྱིས་སོགས་ཤློ་ཀ་གཅིག་དང་། བྱིན་རླབས་མ་ལུས་འབྱུང་བའི་སྒོ། །དངོས་གྲུབ་མ་ལུས་ཐོབ་པའི་གནས། །བར་ཆད་མ་ལུས་སེལ་བའི་ལྷ། །བླ་མ་ལྷ་བཞིའི་ཚོགས་ལ་འདུད། །ཅེས་བསྟོད། གཏོར་མ་ཡོད་ན་དབུལ་ལོ།
།གཉིས་པ་སློབ་མ་ལ་བྱ་བ་ནི། ཁྲུས་ཕྱག་སྔོན་འགྲོས་མཎྜལ་འབུལ་དུ་གཞུག །འོ་ནམ་མཁའ་དང་མཉམ་པའི་སོགས་སེམས་བསྐྱེད་གསལ་བཏབ།
གསན་བྱ་དམ་པའི་ཆོས་ནི་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་བླ་མ་མང་དུ་ཡོད་པའི་ནང་ནས་ལྷོ་ཕྱོགས་ཀྱི་རཱ་ཧུ་ལ་ཞེས་གྲགས་པའི་གྲུབ་ཐོབ་ཆེན་པོ་དེ་ལ་རྡོ་རྗེ་མཁའ་སྤྱོད་མས་གནང་བ། ཇི་སྐད་དུ། མ་ཡེངས་ཟླ་བ་གསུམ་ནས་འགྲུབ། །ཐོ་རངས་ཐུན་རེ་མ་ཆགས་བསྒོམ། །མཆོག་དང་མཐུན་མོང་དངོས་གྲུབ་འགྲུབ། །ཅེས་གསུངས་ཏེ། དེ་ལྟ་བུའི་བྱིན་བརླབས་པའི་བླ་མ་ལྷ་བཞིའི་བཀའ་འབུལ་བར་བྱེད་པ་ལ། སློབ་དཔོན་གྱི་བྱ་བ་སྔོན་དུ་གྲུབ་ཟིན། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་བརྡ་སྤྲད།
དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད།
དགའ་ཆེན་ཁྱོད་བདག་སོགས་གསུམ།
མདུན་བསྐྱེད་བླ་མ་ལྷ་བཞིའི་ལྷ་ཚོགས་རྣམས་ཀྱི་སྤྱན་སྔར་རྒྱུན་བཤགས་དང་སྡོམ་པ་བཟུང་བ་འདིའི་རྗེས་ཟློས་མཛོད།
དཀོན་མཆོག་གསུམ་ལ་སོགས་གསུམ།
དེ་ནས་སློབ་དཔོན་བླ་མ་ལྷ་བཞིའི་ངོ་བོར་བཞུགས་པ་ལ་མོས་གུས་དྲག་པོ་དུང་བ་ཞིག་བྱས་པའི་རྐྱེན་གྱིས་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་བླ་མ་ལྷ་བཞིའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་བྱུང་། ཁྱེད་རང་གི་ལུས་ལ་ཕོག་པ་ཙམ་གྱིས་མ་དག་པའི་སྣང་ཞེན་སྦྱངས་ཏེ་ལུས་ཡི་དམ་གང་བྱེད་ཀྱི་སྐུར་གྱུར་པའི་མོས་པ་མཛོད།
དེ་ལྟར་ཁྱེད་རང་རྣམས་ཡི་དམ་གྱི་སྐུར་གསལ་བའི་སྤྱི་བོར་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ། ཞེས་པ་ནས། ཐུགས་ཀར་ཧཱུྃ་གིས་མཚན་པ་རྣམས་སུ་གྱུར་པའི་མོས་པ་མཛོད། ཅེས་གོང་བཞིན་བསྐྱེད་མཆོག་གི་ཚིག་བརྗོད་ནས་ལྷ་རྣམས་དམ་ཚིག་པའི་ཚུལ་དུ་བསྐྱེད་ལ།
དེ་ནས་མདུན་བསྐྱེད་མཎྜལ་གྱི་དབུས་ན་བཞུགས་པའི་བླ་མ་རྡོ་རྗེ་འཆང་ལ་མོས་གུས་དྲག་པོས་གསོལ་བ་བཏབ་པའི་རྐྱེན་གྱིས་དེ་ཉིད་ཡེར་གྱིས་བྱོན། ཁྱེད་རང་གི་སྤྱི་བོའི་རྡོ་རྗེ་འཆང་ལ་ཐིམ། སྐུ་ལས་བདུད་རྩིའི་རྒྱུན་བབས། ཁྱེད་རང་གི་སྤྱི་བོ་ནས་ཞུགས། ལུས་གང་བས་ནད་གདོན་སྡིག་སྒྲིབ་དག །བླ་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པའི་མོས་པ་མཛོད། སྤོས་དང་ཌཱ་དྲིལ་བྱ་ཞིང་། ན་མོ་བུདྡྷ་ཡའི་གསོལ་འདེབས་ཚར་གསུམ་བརྗོད།
ཡང་མདུན་བསྐྱེད་ཀྱི་མགོན་པོ་ལ་གསོལ་བ་བཏབ་པས། དེ་ཉིད་ཡེར་གྱིས་བྱོན། ཁྱེད་རང་གི་སྤྱི་བོའི་མགོན་པོ་ལ་ཐིམ། སྐུ་ལས་རང་འདྲ་དཔག་ཏུ་མེད་པ་ཆད། ཁྱེད་རང་གི་སྤྱི་བོ་ནས་ཞུགས། ལུས་གང་བས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞལ་དུ་དམར་ཆེམ་ཆེམ་གསོལ། མགོན་པོའི་སྐུ་གསུང་ཐུགས་དང་སྒོ་གསུམ་དབྱེར་མེད་དུ་འདྲེས་པའི་མོས་པ་མཛོད། སྤོས་དང་ཌཱ་དྲིལ་མགོན་པོའི་སྔགས་ལན་གསུམ་གྱིས་བྱིན་རླབས་འབེབས་པ་འགྲེའོ།
།ཡང་རྣལ་འབྱོར་མ་ལ་གསོལ་བ་བཏབ་པས། དེ་ཉིད་ཡེར་གྱིས་བྱོན། ཁྱེད་རང་གི་སྤྱི་བོའི་རྣལ་འབྱོར་མ་ལ་ཐིམ། གསང་གནས་ནས་བདུད་རྩི་དམར་པོའི་རྒྱུན་བབས། ཁྱེད་རང་གི་སྤྱི་བོ་ནས་ཞུགས། ལུས་གང་བས་ནད་གདོན་སྡིག་སྒྲིབ་དག །རྣལ་འབྱོར་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པའི་མོས་པ་མཛོད། སྤོས་རོལ་སྔགས་ཚར་གསུམ།
ཡང་ཐུགས་རྗེ་ཆེན་པོ་ལ་གསོལ་བ་བཏབ་པས། དེ་ཉིད་ཡེར་གྱིས་བྱོན། ཁྱེད་རང་གི་སྤྱི་བོའི་སྤྱན་རས་གཟིགས་དབང་ཕྱུག་ལ་ཐིམ། བུམ་པ་དང་སྐུ་ལས་བདུད་རྩི་དཀར་པོའི་རྒྱུན་བབས། ཁྱེད་རང་གི་སྤྱི་བོ་ནས་ཞུགས། ལུས་གང་བས་ནད་གདོན་སྡིག་སྒྲིབ་དག །ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པའི་མོས་པ་མཛོད། སྔགས་བརྗོད་ཅིང་སྤོས་ཌཱ་དྲིལ།
ཡང་སྒྲོལ་མ་ལ་གསོལ་བ་བཏབ་པས། དེ་ཉིད་ཡེར་གྱིས་བྱོན། ཁྱེད་རང་གི་སྤྱི་བོའི་འཕགས་མ་སྒྲོལ་མ་ལ་ཐིམ། ཞབས་གཡས་པའི་མཐེ་བོང་ལས་བདུད་རྩིའི་རྒྱུན་བབས། ཁྱེད་རང་གི་སྤྱི་བོ་ནས་ཞུགས། ལུས་གང་བས་ནད་གདོན་སྡིག་སྒྲིབ་དག །སྒྲོལ་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པའི་མོས་པ་མཛོད།
སྔགས་དང་ཌཱ་དྲིལ་བྱ།
དེ་ནས་དངོས་གཞི་ཞུ་བའི་ཡོན་དུ་མཎྜལ།
འདིའི་རྗེས་ཟློས་མཛོད།
བྱང་ཆུབ་རྡོ་རྗེས་སོགས་གསུམ།
བླ་མ་རྡོ་རྗེ་འཆང་གི་ཐུགས་ཀའི་འོད་ཟེར་གྱིས། ལྷ་བཞི་སྤྱན་དྲངས་ཏེ་བླ་མའི་སྤྱི་བོར་སྤྱན་རས་གཟིགས། མགྲིན་པར་སྒྲོལ་མ། ཐུགས་ཀར་མགོན་པོ། ལྟེ་བར་རྣལ་འབྱོར་མ་རྣམས་བཞུགས་པ་ལ་མོས་གུས་དང་བཅས་འདིའི་རྗེས་ཟློས་མཛོད།
ན་མོ་བདྡྷ་ཡ། སོགས་ནས། ཏུ་རེ་སྭཱ་ཧཱའི་བར། སྔགས་ཚན་ལྔ་སྦྲེལ་བ་ལན་གསུམ།
དེ་ནས་ཁྱེད་རང་གི་རྐང་འོག་གི་རླུང་གཡོས། ལྟེ་བའི་གཏུམ་མོ་ཡེ་ཤེས་ཀྱི་མེ་སྦར་བའི་འོད་ཟེར་བླ་མའི་སྐུ་ལ་ཕོག །ལྷ་བཞི་འོད་དུ་ཞུ། སྐུ་ལུས་ཀྱི་ཆ་ཐམས་ཅད་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས། ཁྱེད་རང་གི་སྤྱི་བོར་ཞུགས། མགྲིན་པ་ཡན་ཆད་གང་། ལུས་ཀྱི་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ། སྐུའི་བྱིན་རླབས་ཞུགས་པའི་མོས་པ་མཛོད། ཌཱ་དྲིལ།
བདུད་རྩིའི་རྒྱུན་གྱིས་སྙིང་ག་ཡན་ཆད་གང་། ངག་གི་སྡིག་སྒྲིབ་དག །གསང་བའི་དབང་ཐོབ། གསུང་གི་བྱིན་རླབས་ཞུགས་པའི་མོས་པ་མཛོད། ཌཱ་དྲིལ།
བདུད་རྩིའི་རྒྱུན་གྱིས་ལྟེ་བ་ཡན་ཆད་གང་། ཡིད་ཀྱི་སྡིག་སྒྲིབ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་བྱིན་རླབས་ཞུགས་པའི་མོས་པ་མཛོད། ཌཱ་དྲིལ།
བདུད་རྩིའི་རྒྱུན་གྱིས་ལུས་ཐམས་ཅད་གང་། སྒོ་གསུམ་གྱི་སྡིག་སྒྲིབ་དག །དབང་བཞི་པ་ཐོབ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་ཞུགས།
མཐར་བླ་མ་འོད་དུ་ཞུ་ནས། ཁྱེད་རང་ལ་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་དང་དབྱེར་མེད་དུ་གྱུར་པར་མོས་ལ་སེམས་འཛིན་མེད་དུ་ཅི་གནས་མཉམ་པར་ཞོག་མཛོད། ཌཱ་དྲིལ་བག་ཙམ་རེ་བྱས་པ་མ་གཏོགས་གཞན་མི་དགོས།
དེས་ལྷ་བཞིའི་བཀའ་གྲུབ་པ་ཡིན། དམ་སྡོམ་སྲུང་བ་འདིའི་རྗེས་ཟློས་མཛོད།
གཙོ་བོས་སོགས་བྱ།
གསུམ་པ་རྗེས་ནི། ཡིག་བརྒྱས་བཟོད་པར་གསོལ་ཞིང་། ལས་ཀྱི་རྗེས་མི་མངོན་པར་བྱའོ། །ལྷ་བཞིའི་བཀའ་བཤད་ཟིན་ཏོ།
།སྨྲས་པ། བྱིན་རླབས་འབྱུང་གནས་སུ་ཁ་སིདྡྷི་དང་། ལྷོ་ཕྱོགས་བླ་མའི་སྙན་བརྒྱུད་ལྷ་བཞིའི་བཀའ། །དཔལ་ལྡན་ཤངས་པའི་བཞེད་སྲོལ་ཇི་བཞིན་དུ། །མ་སྦས་གསལ་བར་ཕྱེ་ནས་བཀོད་པ་ཡིན། །ཤངས་ཆོས་ནི་གུའི་སྐོར་གཞུང་བཀའ་ཕྱི་མ་རྣམས་ཀྱི་ཕྱག་ལེན་བདེ་ཆེན་སྙེ་མའི་ཆུན་པོ་ཞེས་བྱ་བ། བློ་གསལ་རི་ཁྲོད་པས་སྦྱར་བ་ལས། བྱིན་རླབས་ཟུར་རྒྱན་གྱི་བཀའ་རྫོགས་སོ།། །།


The Five Initiations of the Protector
༼མགོན་པོའི་བཀའ་ལྔ་ལས་རྗེས་གནང་།༽
ན་མོ་གུ་རུ་མ་ཧཱ་ཀཱ་ལཱ་ཡ། འདིར་མགོན་པོའི་བཀའ་ལྔ་ལ། རྗེས་གནང་། བླ་མ་མགོན་པོ་དབྱེར་མེད། གྲིབ་སེལ། གནད་དབབ། གསང་སྒྲུབ་དང་ལྔ་ཡོད་པ་ལས།
དང་པོ་རྗེས་གནང་ལ་མི་འདྲ་བ་བཅུ་གསུམ་ཙམ་གྱི་བཀའ་བཞུགས་པར་གྲགས་ཀྱང་། གཙོ་བོར་བར་ཆད་ཀུན་སེལ་གྱི་བཀའ་བྱ་བ་ལ་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ།
།དང་པོ་ནི་གནས་དབེན་པར་མཎྜལ་ཆོས་འབྱུང་མཐིང་ནག་གྲུ་གསུམ་མེ་རི་དང་བཅས་པའི་དབུས་སུ་ཧཱུྃ་ཡིག་སྔོན་པོ་བྲི། དེའི་སྟེང་དུ་མཉྫིའི་ཁར་ནས་ནག་རྗེན་བཏགས་བྱས་པའི་གཏོར་མ་དཔལ་བཤོས་ཟུར་གསུམ་མཐའ་ཐེབ་ཀྱུས་བསྐོར་བ་རྒྱན་དང་བཅས་པ་ལ་མདའ་དར་ནག་པོ་མེ་ལོང་གིས་བརྒྱན་པ་བཙུགས་པ་བཞག །དེའི་རྒྱབ་ཏུ་མགོན་པོའི་བྲིས་སྐུ་ཡོད་ན་བཀྲམ། མཐའ་མཆོད་པ་དང་གཏོར་མས་སྐོར་རོ། །གཉིས་པ་དངོས་གཞི་ལ། སློབ་དཔོན་གྱིས་བསྒྲུབ་པའི་རིམ་པ་དང་། སློབ་མ་ལ་བྱ་བའི་རིམ་པའོ། །དང་པོ་ལ་ཡི་དམ་གྱི་བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་འགྲོ་བས་མདུན་གྱི་མཎྜལ་གཏོར་མ་རྣམས་མགོན་པོ་འཁོར་བཅས་སུ་བསྐྱེད་ཅིང་མཆོད་གཏོར་འབུལ་བ་ལ་སོགས་པ་རྣམས་རྗེ་བཙུན་གྱིས་མཛད་པའི་སྒྲུབ་ཐབས་གཏོར་མའི་ཆོ་ག་ཕྲིན་ལས་གཏེར་མཛོད་ཇི་བཞིན་བྱ་བ་ཉིད་དོ།
༈ གཉིས་པ་སློབ་མ་རྣམས་ཁྲུས་བྱས་མེ་ཏོག་དང་བཅས་ཏེ་གྲལ་ལ་འཁོད་པར་འདི་སྐད་ཅེས་བརྗོད་པར་བྱའོ།
།ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་གཏོར་དབང་ཟབ་མོ་ཞུ་སྙམ་པའི་ཐུགས་བསྐྱེད་ཁྱད་པར་ཅན་གསལ་བཏབ་ནས་གསན་འཚལ། དེ་ལ་རང་ཅག་རྣམས་ཀྱིས་རྙེད་པར་དཀའ་བ་མིའི་ལུས་རྟེན་བཟང་པོ་ཐོབ། མཇལ་བར་དཀའ་བ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ། བསྟན་པའི་སྙིང་པོ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ཉམས་སུ་བླང་དུ་ཡོད་པའི་དུས་འདིར། སྙིང་ཐག་པ་ནས་ཆོས་ལ་འབད་དགོས། ཆོས་སྒྲུབ་པ་ལ་དེང་སང་སྙིགས་མའི་དུས་འདིར་མཐུན་རྐྱེན་ཉུང་ཞིང་འགལ་རྐྱེན་མང་བ་ཡིན་ཏེ།
ཡུམ་ལས། རིན་ཆེན་ཆོས་ཀྱང་དཀོན་ལ་དེ་ལ་འཚེ་བ་མང་། །ཞེས་གསུངས་པས།
དེའི་གཉེན་པོར་ཆོས་སྐྱོང་ཁྱད་པར་ཅན་རེ་བསྟེན་དགོས། དེ་ལ་མཉམ་མེད་ཤངས་པ་བཀའ་བརྒྱུད་པ་འདིའི་ཕྱག་བཞེས་དང་བོད་ཀྱི་ལྷ་མིན་འདྲེ་མིན་བསྟེན་པའི་ལུགས་མི་གཅིག །གྲུབ་ཐོབ་གཙང་བརྒྱུད་ཀྱི་སྲོལ་སྐྱོང་བ་ཁྱུང་པོ་རྣལ་འབྱོར་གྱི་ཆོས་ལུགས་ཡིན། ཁོང་གིས་མགོན་པོ་ཕྱག་དྲུག་པ་འདི་རྒྱ་གར་ནས་བོད་དུ་སྤྱན་དྲངས་པ་ཡིན་ཏེ། ཁྱུང་པོས་རྒྱ་གར་དུ་བྱོན་ནས། བླ་མ་མཻ་ཏྲཱི་པ་ཀོ་ས་ལ་བྷིཀྵའི་དུར་ཁྲོད་ན་བཞུགས་པ་ལ། གསེར་སྲང་བདུན་ཕུལ་ནས། ངེད་བོད་རྣམས་ལོངས་སྤྱོད་ཆུང་བ་ཡིན་པས། ནོར་སྒྲུབ་མྱུར་ལ་རྟགས་མཚན་ཆེ་བ་ཞིག་ཞུ་བྱས་པས། མཻ་ཏྲཱི་པའི་ཞལ་ནས་ཡིད་བཞིན་གྱི་ནོར་བུ་ཞེས་ཀྱང་བྱ། མགོན་པོ་ཤིང་ཕུང་ཅན་ཞེས་ཀྱང་བྱ། ཙན་དན་གྱི་མགོན་པོ་ཞེས་ཀྱང་བྱ། ཐུགས་རྗེ་ཆེན་པོ་ནག་པོ་ཞེས་ཀྱང་བྱ། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་ཞེས་ཀྱང་བྱ་བ། ཚེ་འདི་དང་བར་དོའི་འཇིགས་པ་ལས་སྐྱོབ་པ། ལྷ་འདྲེ་མི་གསུམ་དབང་དུ་འདུ་བ། མི་ནོར་རྫས་གསུམ་ཤུགས་ལ་བྱུང་བ། དགྲ་ཐམས་ཅད་རླག་པར་བྱེད་པ། ཟློག་པས་མི་ཚུགས་པ། མཆོག་ཐུན་མོངས་ཐམས་ཅད་ལོ་ཟླས་འགྲུབ་པ། མཆོག་བསྒྲུབས་པས་ཐུན་མོང་ཞོར་ལ་འབྱུང་བ། ཐུན་མོངས་བསྒྲུབས་པས་མཆོག་ཞོར་ལ་འབྱུང་བ་གཅིག་ཡོད་པ་དེ་སྦྱིན་གསུང་ངོ་།
།དེ་བླ་མས་སུ་ལ་ཞུས་བྱས་པས། ཁོ་བོས་དཔལ་ཤ་ཝ་རི་པ་ལས་ཐོབ། དཔལ་ཤ་ཝ་རི་པ་ཞེས་བྱ་བ་དེ་ནི་བྲམ་ཟེའི་རིགས་སུ་གྱུར་པ། དཔལ་འབྲས་སྤུངས་དང་ཉེ་བར་གྲོང་ཁྱེར་ཆེན་པོ་སུམ་ཅུ་རྩ་གཉིས་ཡོད་པའི་དབུས་ན། ཏྲི་པ་ལ་བྱ་བ་རོལ་མོ་མཁས་པའི་མཆོག་ཏུ་གྱུར་ནས། སྔོན་སངས་རྒྱས་ལ་གླུ་དང་རོལ་མོའི་མཆོད་པས་མཉེས་པར་བྱས་པ་དེ། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་གྱི་འཇག་མའི་སྤྱིལ་བུ་གཅིག་ན་སྒྲུབ་པ་མཛད་ཅིང་བཞུགས་ཡོད་པའི་ཚེ། ནམ་མཁའ་ལ་ཌཱ་མ་རུ་དང་དྲིལ་བུ་གཡེར་ཁའི་སྒྲ་ཆེན་པོ་གྲགས་ནས་གཟིགས་པ་དང་། ཡེ་ཤེས་ཀྱི་མགོན་པོ་འདི་བྱོན་ནས་རིགས་ཀྱི་བུ་ངའི་སྒྲུབ་ཐབས་ཟུང་ཤིག་གསུངས་ནས། ཤ་ཝ་རི་པས་སྒྲུབ་ཐབས་འདི་ཡི་གེར་བཀོད། ཡང་རྗེ་བཙུན་རྣལ་འབྱོར་མ་དང་། ཐུགས་རྗེ་ཆེན་པོ་དང་། སྒྲོལ་མ་གསུམ་བྱོན་ནས་སྒྲུབ་ཐབས་ཀྱི་ལུང་གསུངས་ཏེ་བསྔགས་པར་མཛད་དོ།
།དེ་ལྟ་བུའི་བླ་མ་དེ་ལྷོ་ཕྱོགས་དཔལ་གྱི་རི་ལ་བཞུགས་པའི་དུས་སུ་ཁོ་བོས་ཕྱག་རྒྱ་ཆེན་པོའི་རྒྱུད་དང་གདམས་ངག་ཞུས། དེའི་དུས་སུ་ཕྱག་དྲུག་པ་འདི་གནང་ནས་བསྒྲུབས་པས་ཞག་ཉི་ཤུ་རྩ་གཅིག་ནས་ཞལ་མཐོང་བ་ཡིན་ནོ།
།ད་ཁྱུང་པོ་རྣལ་འབྱོར་ཁྱོད་ཀྱིས་ཀྱང་། ཕྱག་དྲུག་པ་འདི་ལ་ནས་ནག་རྗེན་བཏགས་ཀྱི་གཏོར་མ་དང་། སྤོས་སྦྱོར་མ་ཆད་པར་གྱིས། ཁྱི་ནག་པོ་ལ་རྡོ་མ་རྡེག །ཡིད་ཆེས་པར་གྱིས་ལ་བླ་མ་དང་དབྱེར་མེད་དུ་ལྟོས། དེ་ལྟར་བྱས་པས་དངོས་གྲུབ་ཐམས་ཅད་ཚུལ་བཞིན་དུ་སྟེར་བར་འགྱུར་རོ། །ཞེས་ལུང་བསྟན་ནས་བཀའ་བསྒོ་ལན་གསུམ་གྱི་བར་མཛད་ནས་གནང་ངོ་། །གཞན་ཡང་སྔོན་བྱུང་བ་འདས་པའི་དུས་སུ་དུར་ཁྲོད་ཆེན་པོ་མུན་པ་མི་ཟད་པ་ཞེས་བྱ་བར། སློབ་དཔོན་ཆེན་པོ་དྷ་ན་སང་སྐྲྀ་ཏ་ཞེས་བྱ་བས། ཡེ་ཤེས་ཀྱི་མགོན་པོ་འདི་ཞལ་མངོན་སུམ་དུ་གཟིགས་ཤིང་། འཁོར་ཚོགས་དབང་དུ་བསྡུས་ནས་ལས་ཐམས་ཅད་སྒྲུབ་པར་མཛད་པའི་བླ་མ་དེས། རཱ་ཧུ་ལ་གུཔྟ་བཛྲ་ལ་ཞལ་གཟིགས་ཉེ་བརྒྱུད་ཀྱི་ཚུལ་དུ་གནང་། དེས་ཁྱུང་པོ་རྣལ་འབྱོར་འཕན་ཡུལ་འཇོག་པོའི་རི་ལ་བཞུགས་དུས་རྒྱ་གར་ནས་ནམ་ལངས་པ་ལ་ཕེབས་ཏེ། བོད་དུ་ཉི་ཤར་བ་ལ་གདམས་པ་སྒོ་བསྐྱེལ་མཛད་པ་བྱུང་བ་ཡིན་ནོ།
།དེ་ལྟ་བུའི་མགོན་པོ་འདི་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སྙིགས་མའི་སེམས་ཅན་ཚེ་ཐུང་ལ་བར་ཆད་མང་བའི་རྐྱེན་དབང་འབའ་ཞིག་ཏུ་འགྲོ་བ། ཆོས་བྱེད་ཕལ་ཆེར་ཡང་བར་དོའི་འཇིགས་པ་ལས་མི་ཐར་བར་གཟིགས་ནས། དེ་དག་གི་གཉེན་པོར་ཐུགས་ཀ་ནས་ཧཱུྃ་མཐིང་ནག་གཅིག་སྤྲོས་པ་ལས་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་འདིར་གྱུར་པ་དང་། ས་རྣམ་པ་དྲུག་ཏུ་གཡོས། སྣང་བ་མཐའ་ཡས་ལ་སོགས་པའི་སངས་རྒྱས་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ། རིགས་ཀྱི་བུ། སེམས་ཅན་གྱི་རེ་བ་ཚུལ་བཞིན་དུ་སྐོང་བའི་སྤྱོད་པ་འདི་ལྟ་བུ་ནི་ཤིན་ཏུ་ལེགས་སོ་ཞེས་བྱ་བ་ལ་སོགས་པ་མགོན་པོ་འདིའི་ཆེ་བའི་ཡོན་ཏན་དང་ཕན་ཡོན་བསམ་གྱིས་མི་ཁྱབ་པ་བཀའ་སྩལ་ཏོ། མདོར་ན་བྱང་ཆུབ་ཀྱི་སྤྱོད་པ་སྒྲུབ་ཅིང་ཆོས་སྙིང་ཐག་པ་ནས་བྱེད་པ་ལ་ཆོས་སྐྱོང་འདི་ལས་བྱིན་རླབས་ཀྱི་ཚན་ཁ་ཆེ་བ་གཞན་མེད་པས་ཡིད་ཆེས་དྲག་པོས་ཉམས་སུ་ལེན་པ་གལ་ཆེ། དེ་ལ་སྒྲུབ་ཐབས་ཀྱི་རིགས་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་ནའང་། རྩབར་གྱུར་པ་ནི། དྲག་པོ་མཐུ་སྒྲུབ་དང་། ཞི་བ་ནོར་སྒྲུབ་གཉིས་ཡིན། དེ་གཉིས་ཀྱི་ཡང་གཙོ་བོ་དྲག་པོ་མཐུ་སྒྲུབ་ཡིན་ཅིང་། འདི་ལའང་བཀའ་རིགས་མི་གཅིག་པ་མང་དུ་ཡོད་མོད་ཀྱི། དེ་རྣམས་ཀྱི་རྩ་བའི་དབང་བཀའ་ནི་བར་ཆད་ཀུན་སེལ་གྱི་བཀའ་འདི་ཉིད་ཡིན་པས། དེ་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ཟིན། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་ཡང་སྦྱོར་དངོས་རྗེས་གསུམ་ལས།
དང་པོ་སྦྱོར་བ་ལ་ཡང་། མཎྜལ་འབུལ་བ། གསོལ་བ་འདེབས་པ། རྟོག་པ་བསྡུ་བ། ཐུན་མོངས་མ་ཡིན་པའི་སྐྱབས་འགྲོ། སེམས་བསྐྱེད་པ། ཐུན་མོང་མ་ཡིན་པའི་གསོལ་བ་གདབ་པ་སྟེ་དྲུག་ཡོད་པ་ལས།
དང་པོ་བླ་མ་མགོན་པོ་དབྱེར་མེད་པའི་སྤྱན་སྔར་ཏིང་ངེ་འཛིན་གྱི་དབང་བསྐུར་ཞུ་བའི་དོན་དུ་མཎྜལ་ཕུལ་མཛོད།
གཉིས་པ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད།
རྡོ་རྗེ་འཛིན་པ་དགོངས་སུ་གསོལ། བདག་ནི་འགྲོ་ལ་ཕན་དོན་དུ། །གཙོ་ཆེན་ཁྱོད་ལ་གསོལ་འདེབས་ཀྱི། །མགོན་པོའི་དབང་སྐུར་བདག་ལ་སྩོལ། །ལན་གསུམ།
གསུམ་པ་རྟོག་པ་བསྡུ་བ་འདི་ལ་གསན་པས་ཁྱབ་བོ། །རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་དང་ལྡན་པས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་དཔའ་སོགས། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །ཅེས་དེ་ལྟར་ན་སྣོད་ཀྱི་སྐྱོན་གསུམ་སྤངས་ཏེ་གསན་འཚལ།
བཞི་པ་ཁྱད་པར་ཅན་གྱི་སྐྱབས་འགྲོའི་དོན་ནི། བླ་མ་མགོན་པོ་དབྱེར་མེད་ལ་སྐྱབས་སུ་འགྲོ་བ་ཡིན་པས། འདིའི་རྗེས་ཟློས་མཛོད།
ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། སློབ་དཔོན་དགོངས་སུ་གསོལ། བདག་རིག་པ་འཛིན་པ་ཞེས་བགྱི་བ། ཕྱོགས་བཅུ་ན་བཞུགས་པའི་བླ་མ་ལ་སྐྱབས་སུ་མཆི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ལ༴ ཕྱོགས་བཅུ་ན་བཞུགས་པའི་ཆོས་ལ༴ ཕྱོགས་བཅུ་ན་བཞུགས་པའི་དགེ་འདུན་ལ༴ ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དང་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ལན་གསུམ།
ལྔ་པ་རྒྱུན་བཤགས་བྱ་བ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་གསུམ།
དྲུག་པ་ཐུན་མོང་མ་ཡིན་པའི་གསོལ་བ་གདབ་པ་ལ་ཡིད་ཀྱིས་སྤྲུལ་པའི་མཆོད་པས་མཆོད་པར་བསམ་ལ་འདིའི་རྗེས་ཟློས་མཛོད།
བླ་མ་དང་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་དབྱེར་མ་མཆིས་པ་ལ། ཕྱི་མེ་ཏོག་བདུག་སྤོས། ནང་ཤ་ལྔ་བདུད་རྩི་ལྔ། གསང་བ་བདེ་སྟོང་གི་ཡེ་ཤེས། ཡང་གསང་དེ་ཁོ་ན་ཉིད་ཀྱི་མཆོད་པ་དམ་པ་རྣམས་འབུལ་ལོ།
།བཞེས་ནས་བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། ལན་གསུམ།
དེ་དག་གིས་དབང་གི་སྦྱོར་བ་གྲུབ་པ་ཡིན།
གཉིས་པ་དངོས་གཞི་དབང་དངོས་བསྐུར་བ་ལ་ཡང་། ཡེ་ཤེས་དབབ་པ། སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་པ། སྐུ་དངོས་ཀྱི་བྱིན་གྱིས་བརླབ་པ། སྔགས་གཏད་པའི་རྗེས་གནང་སྟེ་བཞི་ཡོད་པ་ལས། དང་པོ་ལ་དཀྱིལ་འཁོར་དུ་གཞུག་ཅིང་ལྷ་ངོ་བསྟན་པའི་དོན། དཀྱིལ་འཁོར་གསལ་འདེབས་པ་དང་། ཡེ་ཤེས་ཕབ་པ་དངོས་གཉིས་ལས།
དང་པོ་ནི། སློབ་དཔོན་དང་མདུན་བསྐྱེད་དབྱེར་མ་མཆིས་པ་མགོན་པོ་འཁོར་བཅས་གསལ་འདེབས་པ་ཡིན་ཏེ། ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་སྲུང་བའི་འཁོར་ལོའི་ནང་མི་བཟད་པའི་དུར་ཁྲོད་ཆེན་པོའི་དབུས་སུ། པདྨ་དང་ཉི་མའི་སྟེང་དུ་དཔལ་ཚོགས་ཀྱི་བདག་པོ་སྐུ་མདོག་དཀར་པོ་གླང་པོ་ཆེའི་དབུ་ལ་སྤྱན་གསུམ་པ། ཕྱག་གཡས་ས་ཡི་སྙིང་པོ་ལ་ཕུག་ལོ་མ་དང་བཅས་པ་ཞལ་དུ་གསོལ་བ། གཡོན་ཐོད་པ་བདུད་རྩིས་གང་བ་འཛིན་པ། དར་དང་རིན་པོ་ཆེས་བརྒྱན་པ་ཉལ་སྟབས་སུ་གནས་པ། དེའི་སྟེང་དུ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། སྐྱེ་འགྲོའི་རེ་བ་ཚུལ་བཞིན་དུ་སྐོང་བ། སྐུ་མདོག་དུས་མཐའི་སྤྲིན་ལྟར་རབ་ཏུ་ནག་པ། ཞལ་གཅིག་ཕྱག་དྲུག་པ། དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཏུ་གཟིགས་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། ལྗགས་དྲིལ་བ། སྨ་ར་སྨིན་མ་དང་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། དཔྲལ་བར་སིནྡཱུ་རའི་ཐིག་ལེས་བྱུགས་པ། སྤྱི་བོར་མི་སྐྱོད་རྒྱལ་པོས་རྒྱས་བཏབ་པ། ཕྱག་གཡས་དང་པོ་རྡོ་རྗེ་གྲི་གུག་དང་། གཡོན་དང་པོས་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། གཡས་བར་པས་ཐོད་སྐམ་གྱི་ཕྲེང་བ། ཐ་མས་ཌཱ་མ་རུ་དྲག་ཏུ་འཁྲོལ་བ། གཡོན་གཉིས་པ་ན་མདུང་རྩེ་གསུམ་པ། ཐ་མ་ན་རྡོ་རྗེ་ཞགས་པ་བསྣམས་པ། ཞབས་གཉིས་སྲིད་གསུམ་རྣམ་པར་གནོན་པའི་ཤུགས་ཅན་མཉམ་པའི་སྟབས་ཀྲིག་ཀྲིག་ཞབས་ཀྱིས་བགེགས་ཀྱི་རྒྱལ་པོ་མནན་པ། སྟག་ལྤགས་ཀྱི་ཤམ་ཐབས་ལ་དར་ལྗང་ཁུའི་སྐྱེ་རགས་བཅིངས་པ། སྦྲུལ་སྔོན་པོས་དབུ་སྐྲ་བཅིངས་ཤིང་། དམར་པོའི་སྙན་ཆ། ཁྲ་བོའི་དཔུང་རྒྱན། དཀར་པོའི་མགུལ་རྒྱན། སེར་པོའི་ལག་གདུབ། ལྗང་ཁུའི་དོ་ཤལ། དཀར་པོའི་རྐང་གདུབ་དང་སྐ་རགས་ཅན། ཕྱག་ཞབས་ཐམས་ཅད་ལ་དྲིལ་བུ་གཡེར་ཁའི་ཕྲེང་བ་དང་ལྡན་པ། སྦོམ་ཐུང་ཡན་ལག་ཧྲག་པ། གཟི་བརྗིད་མཐའ་ཡས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་རིན་པོ་ཆེའི་རྩེ་ཕྲན་ཅན་དང་། རློན་པ་ཁྲག་འཛག་ལྔ་བཅུའི་དོ་ཤལ་བྱས་པ། རུས་པའི་རྒྱན་དྲུག་གིས་མཛེས་པ། འཇིགས་པའི་ང་རོ་འབྲུག་ལྟར་སྒྲོག་པ། བདུད་དང་བགེགས་ཐམས་ཅད་རླག་པར་མཛད་པ། བསྐལ་པའི་མེ་ལྟ་བུའི་ཡེ་ཤེས་ཀྱི་མེ་ཕུང་འབར་བའི་དབུས་ན་བཞུགས་ཤིང་། ཙན་དན་གྱི་སྡོང་པོ་ལ་རྒྱབ་བརྟེན་པའོ།
།དེའི་གཡོན་དུ་ཁྲག་ཞག་འཁྲུགས་པའི་རྒྱ་མཚོའི་དབུས་སུ། དཔལ་ལྡན་ལྷ་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མ། སྐུ་མདོག་ནག་མོ་ཕྱག་གཡས་བདུད་ཀྱི་ཁྲམ་ཤིང་ནག་པོ་འཕྱར་ཞིང་། གཡོན་ནད་ཀྱི་རྐྱལ་པ་འཛིན་པ། མེ་རླུང་འཚུབ་མའི་དབུས་ན་བཞུགས་ཤིང་། དྲེའུ་རྟ་རྐང་གསུམ་ལ་ཆིབས་པ། འཁོར་ཤ་ཟ་དང་མ་མོ་མཁའ་འགྲོ་འབུམ་སྡེས་བསྐོར་བའོ། །གཙོ་བོའི་མདུན་དུ་གནོད་སྦྱིན་ཀྵེ་ཏྲ་པཱ་ལ། སྐུ་མདོག་མཐིང་ནག་ཁ་གདངས་ཤིང་མཆེ་བ་གཙིགས་ནས་དགྲ་ལ་འོ་འདོད་འབོད་པ། ཤངས་ནས་དུས་མཐའི་རླུང་ལྡང་བ། ཕྱང་གཡས་གྲི་གུག་ནམ་མཁའ་ལ་འཕྱར་བས། ལྷ་དང་ལྷ་མ་ཡིན་ཐམས་ཅད་སྐྲག་པར་བྱེད་པ། གཡོན་ཐོད་ཁྲག་དགྲ་བགེགས་ཀྱི་སྙིང་དང་བཅས་པ་གཙོ་བོའི་ཞལ་དུ་སྟོབ་པ། དོམ་ནག་སྨྱོན་པ་ལ་ཆིབས་པ། གཡས་སུ་དབང་ཕྱུག་ཛི་ན་མི་ཏྲ་སྐུ་མདོག་དམར་ནག །གཡས་ཌཱ་མ་རུ་དྲག་ཏུ་འཁྲོལ་ཞིང་། གཡོན་ཐོད་ཁྲག་འཛིན་པ། རྒྱབ་ཏུ་གཤིན་རྗེ་ཊཱཀྐི་རཱ་ཛ་སྐུ་མདོག་དམར་ནག །ཕྱག་གཡས་ཞགས་པ་དགྲ་ལ་འཕེན་ཅིང་། གཡོན་སྡིགས་མཛུབ་གནོད་བྱེད་ལ་སྡིགས་པ། གཡོན་དུ་བདུད་མགོན་ཆེན་པོ་ཏྲཀྴད་སྐུ་མདོག་ནག་པོ་ཕྱག་གཡས་རུ་མཚོན་མདུང་དམར་རྩེ་གསུམ་པ་དགྲ་བོའི་སྙིང་ཁར་བསྣུན་པ། གཡོན་ཐོད་པ་ཁྲག་གིས་གང་བ་བསྣམས་པ། ཡ་སོས་མ་མཆུ་མནན་པ། དར་ནག་གི་འཇོལ་བེར་དང་། སག་ཏིའི་ལྷམ་ཡུ་རིང་གསོལ་བ། གསེར་གྱི་སྐ་རགས་བཅིངས་པ། བདུད་རྟ་ནག་པོ་རྟིང་དཀར་ལ་ཆིབས་པ། བཞི་ཀའང་ཁྲོ་བོའི་ལས་མཁན་གྱི་ཆ་བྱད་ཡོངས་སུ་རྫོགས་པའོ།
།དེའི་ཕྱི་རོལ་དུ་ཤར་དུ་བརྒྱ་བྱིན། ཤར་ལྷོར་མེ་ལྷ། ལྷོར་གཤིན་རྗེ། ལྷོ་ནུབ་ཏུ་སྲིན་པོ། ནུབ་ཏུ་ཆུ་ལྷ། ནུབ་བྱང་དུ་རླུང་ལྷ། བྱང་དུ་གནོད་སྦྱིན། བྱང་ཤར་དུ་འབྱུང་པོ། སྟེང་དུ་ཚངས་པ། འོག་ཏུ་ས་བདག་སྟེ་ཕྱོགས་སྐྱོང་བཅུ། གཞན་ཡང་ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། གཟའ་ཆེན་པོ་བརྒྱད། འཇིགས་བྱེད་ཆེན་པོ་དགུ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། རྒྱལ་པོ་ཆེན་པོ་བཞི་སྟེ། གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་པོ་ཐམས་ཅད་ཀྱང་འཁོར་བྱེ་བ་བྱེ་བའི་ཚོགས་ཀྱིས་བསྐོར་བ། དེའི་ཕྱི་རོལ་དུ་དམ་ཅན་རྒྱ་མཚོའི་དམག་ཚོགས་ཤ་ལ་དགའ་བ། ཁྲག་ལ་རོལ་བ། སྙིང་རྗེ་མེད་པ། ཁ་གདངས་པ། མིག་རྩ་དམར་བ། ལག་ན་གདུག་པའི་མཚོན་ཆ་སྣ་ཚོགས་པ་ཐོགས་པ་སྐད་ཅིག་ལ་སྐྱེ་འགྲོ་ཐམས་ཅད་ཀྱི་སྲོག་དབུགས་སྡུད་པ། གནོད་སྦྱིན་དང་། སྲིན་པོ་དང་། གཤིན་རྗེ་དང་། བདུད་དང་མ་མོའི་ཆ་ལུགས་ཅན། ས་གཞི་བར་སྣང་ནམ་མཁའི་དབྱིངས་ཐམས་ཅད་ཡོངས་སུ་གང་བ། ཐམས་ཅད་ཀྱང་སྒྲུབ་པ་པོའི་རེ་འདོད་ཚུལ་བཞིན་དུ་སྐོང་བར་མཛད་པའོ།
།དེ་ལྟ་བུའི་བླ་མ་མགོན་པོ་དབྱེར་མེད་པ་ལ། མོས་གུས་དུང་བ་བྱས་པས་ཐུགས་ཀ་ནས་འོད་ཟེར་བུན་གྱིས་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་བསྲེགས། མ་དག་པའི་སྣང་བ་ཐམས་ཅད་སྦྱངས་ནས་འོད་ཕུང་དུ་གྱུར་པའི་མོས་པ་མཛོད།
དེ་ཉིད་ལ་སློབ་དཔོན་གྱིས།
ཨོཾ་སྭ་བྷཱ་ཝ་ནས་ཧཾ།
ཞེས་བརྗོད་པས་འོད་གསལ་སྟོང་པ་ཉིད་དུ་གྱུར། སྟོང་ཉིད་དེའི་ངང་ལས་ཁྱེད་རང་རྣམས་ཀྱི་གོ་སར་པཾ་ལས་པདྨ་དང་། རཾ་ལས་ཉི་མའི་སྟེང་དུ། གཾ་དཀར་པོ་འོད་དུ་ཞུ་བ་ལས་དཔལ་ཚོགས་ཀྱི་བདག་པོ་སྐུ་མདོག་དཀར་པོ་གླང་པོ་ཆེའི་དབུ་ལ་སྤྱན་གསུམ་པ་ཕྱག་གཡས་སའི་སྙིང་པོ་ལ་ཕུག་ལོ་མ་དང་བཅས་པ་ཞལ་དུ་གསོལ་བ། གཡོན་ཐོད་པ་བདུད་རྩིས་གང་བ་འཛིན་པ། དར་དང་རིན་པོ་ཆེས་བརྒྱན་པ་ཉལ་སྟབས་སུ་གནས་པ། དེའི་སྟེང་དུ་ཁྱེད་རང་རྣམས་ཀྱི་སེམས་ཉིད་ཧཱུྃ་མཐིང་ནག་ལས་གྲི་གུག་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་སོགས་ནས། ཙན་དན་གྱི་སྡོང་པོ་ལ་རྒྱབ་བརྟེན་པའོ།
དེ་ལྟར་གསལ་བའི་དཔྲལ་བར་ཨོཾ་དཀར་པོ། །མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། ཤར་ལྷོ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། ཙན་དན་གྱི་ཤིང་རྐང་གཅིག་པའི་དྲུང་ནས། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། སྟེང་ན་རྩ་བརྒྱུད་ཀྱི་བླ་མ། གཡས་ན་དཔའ་བོ་ངར་དང་བཅས་ཤིང་། གཡོན་ན་དཔའ་མོ་འཛུམ་དང་བཅས་པ། བཀའ་སྡོད་ཞིང་སྐྱོང་ཕོ་ཉ་དམ་ཅན་རྒྱ་མཆོའི་དམག་ཚོགས་དང་བཅས་པ་ཐམས་ཅད་སྐད་ཅིག་ཉིད་ལ། ཌཱ་མ་རུ་དང་དྲིལ་བུ་གཡེར་ཁའི་སྒྲ་སི་ལི་ལི། ཁྲོ་ལོ་ལོ། འུར་འུར་ཆེམ་ཆེམ་བྱོན་ཏེ། ཁྱེད་རང་རྣམས་ཀྱི་ལུས་ལ་གཉིས་སུ་མེད་པར་ཐིམ། རོལ་མོ་སྒྲ་ཆེར་བྱ། དམ་རྫས་སྤོས་ཀྱི་དུད་པ་བཏུལ།
ཨོཾ་བཛྲ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཀྵིཾ་ཀྵིཾ་ཀྵིཾ་སོགས་ཉེར་གཅིག །ཀྵིཾ་གི་གནས་སུ། ཨེ་ཧྱེ་ཧི་བཅུག་པ་དང་། བཛྲ་ས་མཱ་ཛཿ བཅུག་པ་རྣམས་ལན་གསུམ་གསུམ།
མྱུར་མཛད་འཁོར་བཅས་སྤྱན་དྲངས། སློབ་མའི་ལུས་ལ་ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་ཐིམ་པར་གྱུར། ཞེས་བརྗོད་དེ་ཡེ་ཤེས་དབབ་པའི་རིམ་པའོ།
།གཉིས་པ་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་པའི་དོན་དུ་དམིགས་པ་འདི་བཞིན་མཛོད།
བླ་མ་དང་མདུན་བསྐྱེད་མགོན་པོ་དབྱེར་མ་མཆིས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ག་གསལ་བཏབ་ལ། དབང་བཞི་རྫོགས་པར་བསྐུར་དུ་གསོལ། ཁྱད་པར་བུམ་པའི་དབང་བསྐུར་དུ་གསོལ་སྙམ་པའི་ཡིད་ཀྱིས་གསོལ་བ་དུང་དུང་བཏབ་པས། བླ་མ་མགོན་པོ་དབྱེར་མེད་ཀྱི་དཔྲལ་བའི་ཨོཾ་ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་སྐུའི་བྱིན་རླབས་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པས་ཚུར་བསྡུས་ཏེ་ཨོཾ་ལ་ཐིམ། ཨོཾ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་བྱུང་སྟེ། ཁྱེད་རང་རྣམས་ཀྱི་དཔྲལ་བའི་ཨོཾ་ལ་ཐིམ་པས་བུམ་དབང་ཐོབ་པའི་མོས་པ་མཛོད། ཅེས་བརྗོད་ལ་རོལ་མོ་བྱ།
ཡང་གསང་བའི་དབང་བསྐུར་དུ་གསོལ། མགྲིན་པའི་ཨཱཿ༴ གསུང་གི་བྱིན་རླབས༴ མགྲིན་པའིཨཱཿལས་འོད་ཟེར་དམར་པོ༴ ཁྱེད་རང་རྣམས་ཀྱི་མགྲིན་པའི་ཨཱཿལ་ཐིམ་པས་གསང་དབང་ཐོབ་པའི་མོས་པ་མཛོད། ཅེས་འདོན་བསྒྱུར་རིགས་འགྲེ།
ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དུ་གསོལ། ཐུགས་ཀའི་ཧཱུྃ༴ ཐུགས་ཀྱི་བྱིན་རླབས༴ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་མཐིང་ག༴ ཁྱེད་རང་རྣམས་ཀྱི་སྙིང་ཁའི་ཧཱུྃ་ལ་ཐིམ་པས། ཤེར་དབང་ཐོབ་པའི་མོས་པ་མཛོད།
ཡང་དབང་བཞི་པ་བསྐུར་དུ་གསོལ་སྙམ་པ་དང་། བླ་མ་མགོན་པོ་དབྱེར་མེད་ལ་མོས་གུས་དུང་བ་བྱས་པས། གནས་གསུམ་གྱི་ཡི་གེ་འབྲུ་གསུམ་པོ་དེ་ཉིད་རྒྱངས་ཀྱིས་ཆད་ནས་བྱོན། ཁྱེད་རང་རྣམས་ཀྱི་གནས་གསུམ་གྱི་ཡི་གེ་འབྲུ་གསུམ་ལ་ཐིམ། ཁྱེད་རང་རྣམས་ཀྱི་སྙིང་ཁའི་ཧཱུྃ་མགྲིན་པའི་ཨཱཿལ་ཐིམ། དེ་ཡང་སྤྱི་བོའི་ཨོཾ་ལ་ཐིམ། ཨོཾ་ཡང་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་གྱུར། དེས་ལུས་ངག་ཡིད་གསུམ་ཐ་དད་དུ་འཛིན་པའི་སྒྲིབ་པ་དག་ནས། དབང་བཞི་པ་ཐོབ་པ་ཡིན་པས། སེམས་སྤྲོས་བྲལ་ཕྱག་རྒྱ་ཆེན་པོ་ལ་ཞོག་མཛོད། རོལ་མོ།
གསུམ་པ་སྐུ་དངོས་ཀྱི་བྱིན་གྱིས་བརླབ་པ་ནི་གཏོར་མ་འདི་ཉིད་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་འཁོར་བཅས་སུ་གསལ་བ་ལ་མོས་གུས་དུང་བ་བྱས་པས། འུར་འུར་ཆེམ་ཆེམ་རང་གི་སྤྱི་བོར་བྱོན། བླ་མས་ཁྱེད་རང་རྣམས་ཀྱི་བར་ཆད་སྲུང་བ་དང་། མཐུན་རྐྱེན་སྒྲུབ་པར་བཀའ་བསྒོས་པའི་ཚེ། ཁྱེད་རང་རྣམས་ཀྱི་ནད་གདོན་དགྲ་བགེགས་ཐམས་ཅད་མགོན་པོའི་ཞལ་དུ་ཤ་ཆོམ་རུས་ཆོམ་དུ་གསོལ་ཞིང་། རིགས་ཀྱི་བུ་ཁྱོད་ཀྱི་བར་ཆད་སྲུང་བ་དང་། མཐུན་རྐྱེན་སྒྲུབ་པར་ངས་བྱའོ།
།ཞེས་གསུང་ལྷང་ལྷང་བྱོན་པར་སྒོམས་མཛོད། ཅེས་གཏོར་མ་སློབ་མའི་སྤྱི་བོར་བཟུང་ལ་རོལ་མོ་དང་བཅས་པས་བཀའ་བསྒོ་བ་ནི།
མགོན་པོ་འཁོར་བཅས་ཀྱི་སྔགས་བརྗོད་པའི་མཐར། དཔལ་ཡེ་ཤེས་ཀྱི་མགོན་པོ་ནག་པོ་ཆེན་པོ་ཕྱག་དྲུག་པ། མ་གཅིག་འདོད་པ་ཁམས་ཀྱི་དབང་ཕྱུག་མ། འཁོར་གནོད་སྦྱིན་ཀྵེ་ཏྲ་པཱ་ལ། དབང་ཕྱུག་ཛི་ན་མི་ཏྲ། གཤིན་རྗེ་ཊཱཀྐི་རཱ་ཛ། བདུད་མགོན་ཏྲཀྴད་ནག་པོ། ཕྱོགས་སྐྱོང་བཅུ། གཙང་རིགས་ཀྱི་དཔལ་མགོན་བདུན་བཅུ། དམ་ཅན་རྒྱ་མཚོའི་དམག་ཚོགས་དང་བཅས་པ་ཁྱེད་རྣམས་ཀྱིས་རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ། དཔལ་ལྡན་ཤ་ཝ་རི་དབང་ཕྱུག །གྲུབ་ཆེན་མཻ་ཏྲཱི་པ་ཆེན་པོརཱ་ཧུ་ལ་གུཔྟམཁས་གྲུབ་ཁྱུང་པོ་ལོ་ཙཱ་བརྨོག་ལྕོག་པ་རིན་ཆེན་བརྩོན་འགྲུསསྐྱེར་སྒང་པ་ཡེ་ཤེས་སེང་གེགཉན་སྟོན་སྦས་པའི་རྣལ་འབྱོརཆོས་རྗེ་སངས་རྒྱས་སྟོན་པཤངས་སྟོན་རིན་ཆེན་འབུམཁྱུང་པོ་ཚུལ་ཁྲིམས་སྙིང་པོགྲུབ་ཆེན་སངས་རྒྱས་སེང་གེམཁས་བཙུན་ཤངས་པ་དཀར་བ་རིན་ཆེན་རྒྱལ་མཚནལྐུགས་ལུང་པ་སངས་རྒྱས་དཔལ་བཟང་གྲུབ་དབང་ནམ་མཁའ་རྒྱལ་མཚནརྒྱ་སྒོམ་ལེགས་པ་རྒྱལ་མཚནརྣལ་འབྱོར་སེམས་ཀྱི་མདུད་འགྲོལཆོས་སྐུ་ལྷ་དབང་གྲགས་པམཉམ་མེད་སྒྲོལ་བའི་མགོན་པོའདྲེན་མཆོག་བྱམས་པ་ཀུན་དགའརྭ་པ་ངག་དབང་ཕྲིན་ལསགནས་བརྟན་རིན་ཆེན་རྒྱ་མཚོདགེ་སློང་སྙིང་པོ་མཐའ་ཡསབྱ་བཏང་ཀུན་བཟང་དབང་པོ། །རིག་འཛིན་འཇམ་དབྱངས་རྒྱ་མཚོདབོན་ཆོས་དབྱིངས་རང་གྲོལརྗེ་བཙུན་ཀུན་བཟང་ཆོས་འབྱོར། རྩ་བའི་བླ་མ་ཨ་ཝ་དྷཱུ་ཏི་པ་ཆེན་པོ་མཐུ་སྟོབས་མཚན་ཅན་གྱི་བར་དུ་བྱོན་པའི་དཔལ་ལྡན་བླ་མ་དེ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། རྡོ་རྗེ་སློབ་མ་འདི་དག་གི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ལ། འགལ་རྐྱེན་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཉེ་བར་ཞི་བ་དང་། མཐུན་རྐྱེན་ཚེ་དང་བསོད་ནམས་འཁོར་དང་ལོངས་སྤྱོད་ཐམས་ཅད་རྒྱས་པ་དང་། མི་དང་མི་མ་ཡིན་པའི་འགྲོ་བ་ཐམས་ཅད་དབང་དུ་འདུ་བ་དང་། དགྲ་དང་བགེགས་ལ་སོགས་པའི་གནོད་བྱེད་ཐམས་ཅད་ཚར་གཅོད་པ་དང་། མདོར་ན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྲུང་བ་དང་སྐྱབ་པ་དང་། སྦ་བའི་ཕྲིན་ལས་མཛད་ནས། མི་འདོད་པ་ཐམས་ཅད་སོལ། འདོད་དོན་ཐམས་ཅད་སྒྲུབས། ཇི་ལྟར་བཅོལ་བའི་ལས་ཐམས་ཅད་ལ་ཐོགས་པ་མེད་པར་མཛོད་ཅིག
།བཞི་པ་སྔགས་ལུང་གི་དོན་དུ་སློབ་དཔོན་གྱིས་མདུན་བསྐྱེད་ལ་གསོལ་བ་ལན་གསུམ་འདེབས་དགོས་པ་ཡིན་ཏེ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །གསུམ།
དེ་ནས་ཁྱེད་རང་རྣམས་ཀྱིས་ཀྱང་། བླ་མ་དང་མགོན་པོ་དབྱེར་མེད་པའི་ཐུགས་ཀར་པད་ཉི་ལ་ཧཱུྃ་གི་མཐར་སྙིང་པོ་དང་། རྩ་སྔགས་ཀྱིས་བསྐོར་བར་སྒོམ་ལ། མོས་གུས་དུང་བ་དང་བཅས་ཏེ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས་མཛོད།
བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ།
བླ་མ་དང་མགོན་པོ་དབྱེར་མེད་པའི་ཐུགས་ཀའི་སྔགས་ཕྲེང་མེ་འོད་རབ་ཏུ་འབར་བའི་འོད་ཟེར་དམར་ནག་འཕྲོ་བ་དེ་དག་ལས། སྔགས་ཕྲེང་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་ཆད་དེ་ཞལ་ནས་ཐོན། ཁྱེད་རང་རྣམས་མགོན་པོར་གསལ་བའི་ཞལ་ནས་ཞུགས། སྙིང་ཁར་ཉི་མའི་སྟེང་དུ་ཧཱུྃ་གི་མཐར་སྔགས་ཐམས་ཅད་ཁ་དོག་ནག་པོ་འོད་ཟེར་དམར་ནག་མེ་འོད་དུ་འཕྲོ་བས་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྲེག་པར་བྱེད་པ་དང་བཅས་པའི་སྔགས་ཕྲེང་སྒོར་གྱིས་བྱུང་བའི་མོས་པ་དང་བཅས་འདིའི་རྗེས་ཟློས་མཛོད།
ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱན་བི་ན་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། གསུམ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཤཱ་ས་ན། ཨུ་པ་ཧཱ་རི་ཎི། ཨེ་ཥོ྅་པཤྩི་མ་ཀ་ལོ་ཨ་ཡཾ་ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀ་རཱི་ཎཾ། ཡ་དི་པྲ་ཏི་ཛྙཱ། སྨ་ར་སི་ཏཱ་དཱ། ཨི་དམ་དུཥྚཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲྀཧྣ་གྲཧྣ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་མཱ་ར་ཡ་ཧཱུྃ་ཕཊ། གསུམ། ཨོཾ་ཤྲཱི་དེ་ཝཱི་ཧཱུྃ་ཕཊ། གསུམ། ཨོཾ་ཀྵེ་ཏྲ་པཱ་ལ་བིགྷྣཱན་ཧཱུྃ་ཕཊ། ཨོཾ་ཛི་ན་མི་ཏྲ་བ་ཤཾ་ཀུ་རུ་ཧཱུྃ་ཕཊ། ཨོཾ་ཊཱཀྐི་རཱ་ཛ་ས་མ་ཡ་བྷྱོཿདུ་ཛ་ཧཱུྃ་ཕཊ། ཨོཾ་དུ་ཡོག་ཛ་མ་ཧཱ་ཀཱ་ལ་ཏྲཀྴད་ཧཱུྃ་ཕཊ། ཅེས་པ་རྣམས་ཀྱང་ལན་གསུམ་གསུམ་བཟླའོ།
།མཐར་སློབ་དཔོན་གྱི་ཐུགས་ཀའི་སྔགས་ཕྲེང་དེ་ཉིད་རྒྱངས་ཀྱིས་ཆད་ནས་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་ཁའི་ཧཱུྃ་ལ་ཐིམ་པས་བླ་མ་མགོན་པོའི་བྱིན་རླབས་མཐའ་དག་གིས་རྒྱུད་བརླན་པའི་མོས་པ་མཛོད། དེ་ཡན་གྱིས་དངོས་གཞི་གྲུབ་ཟིན།
གསུམ་པ་རྗེས་ལ། དམ་ཚིག་བཟུང་བ། ཡོན་དབུལ་བ། སྨོན་ལམ་གདབ་པ་སྟེ་གསུམ་ལས།
དང་པོ་ནི་དེང་ཕྱིན་ཆད་ཁྱེད་རྣམས་ཀྱིས་ཡོངས་སུ་བླངས་པའི་བསླབ་པ་ཐམས་ཅད་རྣམ་པར་དག་པ་དང་། ཁྱད་པར་སེམས་བསྐྱེད་ཀྱི་བསླབ་བྱ་དང་། སྔགས་ཀྱི་དམ་ཚིག་མཐའ་དག་མ་ཉམས་པ་གལ་ཆེ། ཡང་སྒོས་མགོན་པོ་ཉིད་ཀྱི་དམ་ཚིག་འབྲུ་ནག་རྗེན་བཏགས་ཀྱི་གཏོར་མ་དང་། དམ་རྫས་ཀྱི་སྤོས་སྦྱོར་མ་ཆད་པར་གྱིས། བྱ་ནག་དང་ཁྱི་ནག་ལ་རྡོ་མི་རྡེག །ཡིད་ཆེས་པར་གྱིས་ལ་བླ་མ་དང་དབྱེར་མེད་དུ་ལྟོས། འབྱུང་པོ་གཞན་ལ་ཟས་ཕུད་མི་འབུལ། སྡིག་ཅན་གཏུམ་པོ་གྲོགས་སུ་མི་བསྟེན། ཁྱད་པར་ཆོས་སྐྱོང་འདི་ཉིད་གསང་བ་དང་། སྔགས་དང་མན་ངག་གསང་བ་དང་། དུས་རྒྱུན་དང་ཁྱད་པར་གྱི་མཆོད་གཏོར་ལ་བརྩོན་པ་གལ་ཆེ་བ་ལགས་སོ། །དེ་དག་གི་གནས་སྐབས་སུ་ཐོབ་པའི་དམ་ཚིག་དང་སྡོམ་པ་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད།
གཙོ་བོས་སོགས་བྱ།
གཉིས་པ་གཏང་རག་གི་མཎྜལ་ཕུལ་མཛོད། འདིའི་རྗེས་ཟློས་ཀྱང་མཛོད། དེང་ནས་བརྩམས་ཏེ་སོགས་གསུམ་བྱ།
གསུམ་པ་ཆོས་གསན་པའི་དགེ་བ་རྫོགས་བྱང་དུ་བསྔོ་བ་ཞུ། བསོད་ནམས་འདི་ཡིས་སོགས་བྱ།
བར་ཆད་ཀུན་སེལ་གྱི་གཏོར་དབང་འདི་ལ་མི་འདྲ་བའི་ཁྱད་པར་བླ་མའི་གནས་གསུམ་གྱི་ཡི་གེ་འབྲུ་གསུམ་ལས་མགོན་པོ་དཀར་དམར་མཐིང་གསུམ་སྤྲོ་བ་དང་བཅས་དབང་བཞི་བསྐུར་བའི་ལུགས་དང་། རྒྱས་པར་བྱེད་ཚེ་སྐུ་སྤྲོ་བའི་དབང་བཞི། གསུང་ཡིག་འབྲུའི་དབང་བཞི། ཐུགས་འོད་ཟེར་གྱི་དབང་བཞི། ཡོན་ཏན་གཏོར་མའི་དབང་བཞི། ཕྲིན་ལས་ཕྱག་མཚལ་གྱི་དབང་བཞི་དང་བཅས་པ་ཏིང་ངེ་འཛིན་གྱི་དབང་ཉི་ཤུ་བསྐུར་བ་ཞང་སྒོམ་ཆེན་པོའི་ཕྱག་བཞེས་ཡིན་ཏེ། དེ་འདྲའི་ཁྱད་པར་མ་ཕྱེད་པའི་ཕྱག་མཚན་གྱི་རྗེས་གནང་ཙམ་མཐའ་རྟེན་དུ་སྦྱར་བའི་རང་བཟོའི་ཡི་གེ་མང་བར་འདུག་ཀྱང་བཀའ་བརྒྱུད་འདིའི་ལུགས་ལས་ཕྱི་རོལ་དུ་གྱུར་པ་ཡིན་པས་སྙིང་པོ་ཆུའི་སྦུ་བ་དང་འདྲའོ། །རྗེས་མཆོད་བསྟོད། བཟོད་གསོལ་བྱ་ཞིང་གཏོར་མའི་ཡེ་ཤེས་པ་བྲིས་སྐུའི་ཐུགས་ཀར་ཐིམ། ཨོཾ་བཛྲ་མུཿ གཏོར་མགྲོན་སྤྱན་དྲངས་པ་རང་གནས་སུ་གཤེགས།
དམ་ཚིག་པ་རང་གི་སྙིང་ཁར་བསྡུས་ལ་གཏོར་མ་བྱིན་གྱིས་བརླབས་ཏེ་བྲིས་སྐུའི་ལྷ་ལ་ཕུལ། བརྟན་བཞུགས་བསྔོ་སྨོན་དང་བཀྲ་ཤིས་བཀའ་རྒྱ་མ་བརྗོད། ཁྲིད་དོན་གཉེར་ཅན་ཡིན་ན། རྗེ་གྲུབ་ཆེན་གྱི་ཡི་གེ་བཞིན་བླ་མགོན་དབྱེར་མེད་ཀྱི་ཁྲིད་དང་ལུང་མ་ཆད་པར་ཆོས་སྐོར་ཆ་ལག་ཚང་བའི་ཆེད་དུ་བྱེད་པ་གལ་ཆེའོ།།
།།སྨྲས་པ། བར་ཆད་སེལ་ཞིང་མཐུན་རྐྱེན་བསྒྲུབ་པ་ལ། །བྱིན་རླབས་བཀའ་སྲུང་གཞན་དང་ཁྱད་ཞུགས་པའི། །མྱུར་མཛད་ཡེ་ཤེས་མགོན་པོའི་ཆོས་མཛོད་སྒོ། །འབྱེད་པའི་ལྡེ་མིག་ཙམ་འདིས་མཐར་དགེ་བྱས། །ཤངས་ཆོས་ནི་གུའི་སྐོར་གཞུང་བཀའ་ཕྱི་མ་རྣམས་ཀྱི་ཕྱག་ལེན་བདེ་ཆེན་སྙེ་མའི་ཆུན་པོ་ཞེས་བྱ་བ་བློ་གསལ་རི་ཁྲོད་པས་སྦྱར་བ་ལས། བཀའ་སྲུང་མགོན་པོའི་རྩ་བའི་བཀའ་ལྔ་རྫོགས་སོ།།

།།ཟབ་གསང་རྒྱུད་སྡེའི་མཐར་ཐུག་སྙིང་པོ་རྣམས་ལྔའི་བཅུད། །ཌཱ་ཀིའི་དེད་དཔོན་མཆོག་གིས་བཟུང་བའི་ནོར་བུ་མཆོག །གྲོལ་ལམ་རེ་རེའང་སྨིན་བྱེད་རྗེས་སུ་འཇུག་པ་ཡིས། །ཡིད་ཆེས་ངོ་མཚར་སྟེར་བ་འདི་ནི་ནི་གུའི་སྲོལ། །དེ་ཕྱིར་ལྷན་སྐྱེས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས། །མཐའ་ཡས་གདུལ་བྱའི་རྒྱུད་ཀྱི་སྙེ་མ་འབྲས་ལྡན་དུ། །སྨིན་བྱེད་ཚོགས་རྫོགས་པར་སྐྲུན་པའི་ཐབས་ཚུལ་རྣམས། །ཕྱོགས་གཅིག་གོ་སླའི་ངག་གི་སྲད་བུས་ཆུན་པོར་བསྡེབས། །ཨ་ཧོ་ཁྱུང་པོའི་ཕྱག་བཞེས་གཙང་མ་ལྷ་ཡི་ཆུ། །མ་དག་མུ་ཅོར་རྙོགས་མས་བསླད་རྣམས་ཕྲ་ཞིབ་ཀྱི། །རྣམ་དཔྱོད་ནོར་བུ་ཀེ་ཏ་ཡིས་དྲུངས་ཕྱུང་ནས། །ལེགས་བཤད་དྭངས་བསིལ་བསྟན་འཛིན་ཚོགས་ལ་མཆོད་ཡོན་ནོ། །གང་ལས་ཐོབ་པའི་བསོད་ནམས་དཀར་པོའི་འཛུམ་ཟེར་གྱིས། །འགྲོ་ཀུན་མ་རིག་ཐིབས་པོར་ཞུགས་པའི་མུན་འཕྲོག་ནས། །ཡང་དག་ལམ་ལ་ལྟ་བའི་བློ་མིག་རབ་སྦྱངས་ཏེ། །བདེ་ཆེན་སྐུ་གསུམ་ནོར་བུའི་ཁང་པར་ཕྱིན་གྱུར་ཅིག།
།།ཅེས་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་གཞུང་བཀའ་ཕྱི་མ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་འདི་ནི། རབ་འབྱམས་རྒྱལ་བ་ཀུན་གྱི་སྤྱི་གཟུགས་རྗེ་བླ་མ་འཇམ་པའི་དབྱངས་ཀྱི་བཀའ་ལུང་གསེར་གྱི་ཅོད་པན་སྤྱི་བོའི་མཛེས་རྒྱན་དུ་ཕེབས་པར་བརྟེན། སྙོམས་ལས་པ་བློ་གསལ་བསྟན་སྐྱོང་གིས། ཡོངས་འཛིན་ཞེས་པ་ཆུ་ཕོ་བྱི་བའི་ལོ། གྲོ་ཞུ་ཟླ་བའི་དམར་པོའི་ཕྱོགས་ཀྱི་མཁའ་འགྲོ་འདུ་ཚེས་ལ་མདོ་སྔགས་བསྟན་པའི་འབྱུང་གནས་དཔལ་ཞྭ་ལུ་རི་ཕུག་གི་གཟིམ་ཁང་རྣམ་གྲོལ་ཡང་རྩེར་སྦྱར་བ་འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། །།མངྒ་ལཾ།། །།