Bla ma'i rnal 'byor byin brlab char 'bebs

From Shangpa Resource Center








Resource ID KRK3
Title bla ma'i rnal 'byor byin brlab char 'bebs
Topics Guru yoga
Author Kalu Dorjé Chang

༄༅། །བླ་མའི་རྣལ་འབྱོར་བྱིན་བརླབ་ཆར་འབེབས་ཞེས་བྱ་བ་བཞུགས་སོ།།

།དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པདྨའི་གདན་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ།
ན་མོ། མཆོག་གསུམ་རྩ་གསུམ་སྐྱབས་གནས་རྒྱ་མཚོ་ལ། །བདག་སོགས་འགྲོ་ཀུན་གུས་པས་སྐྱབས་སུ་མཆི། །སེམས་ཅན་སངས་རྒྱས་ས་ལ་འགོད་པའི་ཕྱིར། །ལམ་ཟབ་བླ་མའི་རྣལ་འབྱོར་བསྒོམ་པར་བྱ།
།ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ།
སྟོང་པའི་ངང་ལས་རང་མདུན་ནམ་མཁའི་དབུས། །སེང་ཁྲི་པད་ཉི་ཟླ་བའི་གདན་སྟེང་དུ། །རྩ་གསུམ་ཀུན་འདུས་བླ་མ་རྡོ་རྗེ་འཆང་། །ནམ་མཁའི་མདོག་ཅན་ཕྱག་གཉིས་རྡོར་དྲིལ་འཛིན། །དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས།
།ཡུམ་ཅན་བསྒོམ་ན།
རང་འོད་དབྱིངས་ཕྱུག་ཡུམ་དང་གཉིས་མེད་སྦྱོར།
།ཐུགས་ཀའི་འོད་ཀྱིས་རྩ་གསུམ་དཀོན་མཆོག་གསུམ། །ཆར་བཞིན་བབས་ཐིམ་ཀུན་འདུས་བདག་ཉིད་གྱུར།
།བདག་སོགས་ཞིང་རྡུལ་སྙེད་ཀྱི་ལུས་སྤྲུལ་ཏེ། །ཀུན་འདུས་བདག་ཉིད་བླ་མར་གུས་ཕྱག་འཚལ།
།ཕྱི་ནང་གསང་གསུམ་རབ་འབྱམས་མཆོད་པའི་སྤྲིན། །ཞིང་ཀུན་རྒྱས་པར་བཀང་སྟེ་འབུལ་བར་བགྱི།
།ཐོག་མེད་ནས་བསགས་སྡིག་སྒྲིབ་ཉེས་ལྟུང་ཀུན། །གནོང་འགྱོད་དྲག་པོས་བཤགས་ཤིང་བསྡོམས་པར་བགྱི།
།ཟག་བཅས་ཟག་མེད་འཁོར་འདས་དགེ་ཚོགས་ལ། །དགའ་བ་ཆེན་པོའི་རྗེས་སུ་ཡི་རང་ངོ་།
།མུན་པར་འཁྱམས་པའི་མ་རྒན་འགྲོ་རྣམས་ལ། །ཟབ་རྒྱས་ཆོས་ཀྱི་སྒྲོན་མེ་སྦར་དུ་གསོལ།
།འགྲོ་ཀུན་བླ་མའི་གོ་འཕང་མ་ཐོབ་བར། །གཟུགས་སྐུ་རྡོ་རྗེ་ལྟ་བུར་བཞུགས་གསོལ་འདེབས།
།དུས་གསུམ་བསགས་པའི་དགེ་བ་འགྲོ་ལ་བསྔོ། །ཕྱམ་གཅིག་རྡོ་རྗེ་འཆང་གི་ས་ཐོབ་ཤོག
།གསོལ་འདེབས་ནི།
དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་བདག་འཛིན་བློས་ཐོང་བར་མཛད་དུ་གསོལ། དགོས་མེད་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། སྒྱུ་ལུས་རྨི་ལམ་འབྱོངས་པར་མཛད་དུ་གསོལ། འོད་གསལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ད་ལྟ་ཉིད་དུ་མྱུར་བ་ཉིད་དུ་འདུག་ས་འདི་ཉིད་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ།
ཚར་གང་འགྲུབ་དང་།
ༀ་ཨཱཿགུ་རུ་བཛྲ་དྷཱ་ར་ཨཱ་ཡུ་པུཎྱེ་ཛྙཱ་ན་སིདྡྷི་ཧཱུྃ།
ཞེས་གསོལ་འདེབས་ཀྱི་ཚུལ་དུ་བཟླས་པ་བྱ། མཐར།
བཀའ་དྲིན་གསུམ་ལྡན་བླ་མ་རིན་པོ་ཆེ། །བདག་ལ་སྨིན་བྱེད་དབང་བཞི་བསྐུར་དུ་གསོལ།
།ཞེས་པས་གསོལ་བ་བཏབ་པས་མོད་ཉིད་ལ།
།དཔྲལ་བའི་ༀ་ལས་ༀ་དང་འོད་དཀར་འཕྲོས། །རང་གི་དཔྲལ་བར་ཐིམ་པས་ལུས་སྒྲིབ་དག །བུམ་པའི་དབང་ཐོབ་བསྐྱེད་རིམ་སྒོམ་ལ་དབང་། །འབྲས་བུ་སྤྲུལ་སྐུ་འགྲུབ་པའི་སྐལ་ལྡན་གྱུར།
།མགྲིན་པའི་ཨཱཿལས་ཨཱཿདང་འོད་དམར་འཕྲོས། །རང་གི་མགྲིན་པར་ཐིམ་པས་གསང་དབང་ཐོབ། །ངག་སྒྲིབ་དག་ནས་རང་བྱིན་བརླབས་ལ་དབང་། །ལོངས་སྐུའི་ས་བོན་ཐེབས་ཞིང་རྟོགས་པ་སྐྱེས།
།ཐུགས་ཀའི་ཧཱུྃ་ལས་ཧཱུྃ་དང་འོད་སྔོན་འཕྲོས། །རང་གི་སྙིང་གར་ཐིམ་པས་ཤེར་དབང་ཐོབ། །ཡིད་སྒྲིབ་དག་ནས་ཕོ་ཉའི་ལམ་ལ་དབང་། །ཆོས་སྐུའི་ས་བོན་ཐེབས་ཤིང་རྟོགས་པ་སྐྱེས།
།བླ་མ་འོད་ཞུ་རང་དང་དབྱེར་མེད་འདྲེས། །བཞི་པའི་དབང་ཐོབ་སྙོམས་འཇུག་སྒྲིབ་པ་དག །ཟུང་འཇུག་བསམ་མི་ཁྱབ་པ་སྒོམ་ལ་དབང་། །སྐུ་བཞི་རྟོགས་པ་མངོན་དུ་བྱས་གྱུར་སྟེ།
།དབྱིངས་རིག་དབྱེར་མེད་བདེ་སྟོང་རྗེན་པར་ཤར།
།ཅེས་ཐུགས་ཡིད་བསྲེས་ཏེ་མཉམ་པར་བཞག
།དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་ལྡན་བླ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག
།སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག
།ཅེས་བསྔོ་སྨོན་བྱ། ཅེས་པ་འདི་ཡང་ལྷོ་བྲག་བསམ་འགྲུབ་དགོན་གྱི་སློབ་དཔོན་རྡོ་རྗེ་རིག་འཛིན་སོགས་ཀྱིས་རང་གི་བླ་སྒྲུབ་ཞིག་དགོས་ཞེས་ཡང་ཡང་བསྐུལ་བའི་ངོར། གྲུབ་ཐོབ་ཐང་སྟོང་རྒྱལ་པོས་རྡོ་རྗེ་འཆང་ལས་དངོས་སུ་གསན་པའི་ཉེ་བརྒྱུད་ཀྱི་བླ་མའི་རྣལ་འབྱོར་ཅི་ལྟ་བ་བཞིན་བཀོད་པ་པོ་ནི་དྭགས་ཤངས་བཀའ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་ལ་གཅེས་སྤྲས་སུ་བྱེད་པ་པོ་བླ་མིང་ཀ་ལུའམ་ཀརྨ་རང་བྱུང་ཀུན་ཁྱབ་པས་སྨྲས་པ་འདིས་ཀྱང་སྐལ་ལྡན་གྱི་སློབ་བུ་རྣམས་ཕྱག་རྒྱ་ཆེན་པོའི་མཆོག་གི་དངོས་གྲུབ་ཐོབ་པ་ངེས་སོ།། །།