Bla ma ra hu la'i rgyud sde lnga'i zhal gdams

From Shangpa Resource Center








Resource ID Kinnaur29
Title bla ma ra hu la'i rgyud sde lnga'i zhal gdams
Topics Five Tantra Classes
Sub-Topics Instructions
Author author unknown
Associated Person Rahula
Link BDRC W4CZ58783 (p.351)

༄༅། །བླ་མ་ར་ཧུ་ལའི་རྒྱུད་སྡེ་ལྔའི་ཞལ་གདམས་བཞུགས་སོ།།

བླ་མ་ཆེན་པོ་ར་ཧུ་ལའི། རྒྱུད་སྡེ་ལྔའི་ཞལ་གདམས་བྲི། སེམས་བསྐྱེད་སྔོན་དུ་སོང་བས་ལུས་ཡི་དམ་གྱི་ལྷར་སྒོམ་དེ་ནས་རང་གི་སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་རྩ་འདབ་སུམ་བཅུ་རྩ་གཉིས་གདུགས་ཀྱི་རྩིབ་མ་ལྟ་བུ་ཁ་འཐུར་དུ་ལྟ་བ་མདོག་སྔོན་པོར་བསམ། དབུས་ཀྱི་རྩ་མདུད་དཔལ་འཁོར་ལོ་སྡོམ་པ་ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་དཀར་ལ་རུས་པའི་གྱན་དྲུག་དང་ཕྱག་རྒྱ་དྲུག་གིས་རྒྱན་པ། གཡས་རྡོ་རྗེ་གཡོན་དྲིལ་བུ་ཁྱུད་པའི་ཕྱག་རྒྱ་ཅན། ཞབས་གཡས་རྐྱང་གཡོན་སྐུམ་པས་བཞུགས་པར་སྒོམས། རྩིབས་རྣམས་ལ་བདེ་ཆེན་སྐུ་གསུང་ཐུགས་དང་སྒོ་འཚམས་མ་བརྒྱད་ཏེ། བདེ་མཆོག་ལྷ་དྲུག་བཅུ་རྩ་གཉིས་ཀྱི་དལ་དུ་མོས་པར་བྱའོ།
།མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་དྲུག་བཅུ་ཡོད་ཀྱང་། རྩ་བའི་རྩ་བཞིར་བསྡུས་ལ། རྩ་འདབ་ཁ་གྱེན་དུ་ལྟ་བ་མདོག་དམར་པོ། དེའི་དབུས་ཀྱི་རྩ་མདུད་ལ། མཧཱ་མ་ཡ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ་ཀྱ་ཕྱག་རྒྱ་དྲུག་གིས་བརྒྱན་པ། གཡས་རྡོ་རྗེ་གཡོན་དྲིལ་བུ་ཁྱུད་པའི་ཕྱག་རྒྱ་ཅན་ཡུམ་མེད་པ་ཅིག་བསྒོམ། རྩ་འདབ་བཞི་འཁོར་ལྷ་མོ་བཞིར་བྱས་ཏེ། མཧཱ་མ་ཡ་ལྷ་ལྔའི་དལ་དུ་མོས་པར་བྱའོ།
།སྙིང་ཁ་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད། སྦྲའི་ཆོན་ཐག་རྒྱངས་པ་ལྟ་བུ་ཐད་ཀ་ལ་ཤེར་བ་མདོག་སྔོན་པོར་བསམ། དབུས་ཀྱི་རྩ་མདུད་དཔལ་དགེས་པ་རྡོ་རྗེ་ཞལ་གཅིག་ཕྱག་གཉིས། སྐུ་མདོག་འཐིང་སྔོན་ཕྱག་རྒྱ་དྲུག་གིས་བརྒྱན་པ། གཡས་རྡོ་རྗེ་གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། རྡོ་རྗེ་ཁ་ཌྭཾ་ཀ་འཆན་ཁུང་དུ་བཞག་པ་ཞབས་གཉིས་གར་སྟབས་སུ་བཞུགས་པར་བསྒོམ། རྩ་འདབ་བརྒྱད་མཁའ་འགྲོ་མ་བརྒྱད་ཏ། དགེས་རྡོར་ལྷ་དགུའི་དལ་དུ་མོས་པར་བྱའོ།
།ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་བཅུ་རྩ་བཞི། གྲུ་གུ་འཛིངས་པ་ལྟ་བུ་ཁ་གྱེན་ལ་བལྟ་བ་དམར་པོར་བསམ། དབུས་ཀྱི་རྩ་མདུད་དཔལ་འཇམ་དཔལ་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་སེར་པོ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། གཡས་རྡོ་རྗེ་གཡོན་དྲིལ་བུ་ཁྱུད་པའི་ཕྱག་རྒྱ་ཅན། ཞབས་གཉིས་སྐྱིལ་དཀྲུང་སུ་བཞུགས་པ་ཅིག་བསྒོམ། རྩ་འདབ་རྣམས་ལྷ་མོར་མོས་པར་བྱས་ཏེ་གསང་བ་འདུས་པ་ལྷ་སུམ་བཅུ་རྩ་དགུའི་དལ་དུ་མོས་པར་བྱའོ།
།གསང་བ་བདེ་གནས་ཀྱི་འཁོར་ལོ་འཛཾན་གཉིས་ཀྱི་རྩ་ཁྲིལ་བའི་པར་འཇམ་དཔལ་གཤིན་རྗེ་གཤེད་ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་མཐིང་ནག་རུས་པའི་རྒྱན་དྲུག་གིས་སྤྲས་པ། གཡས་རྡོ་རྗེ་གཡོན་ཐོད་ཁྲག་ཐུགས་བཟུང་ནས་རྡོ་རྗེས་དཀྲུག་ཅིང་ཞལ་དུ་གསོལ་བ། མཆེ་བ་རྩིགས་ཤིང་རྔམ་པ། སྨ་ར་སྨིན་མ་དམར་སེར་མེ་ལྟར་འཁྱིལ་བ། སྤྱན་གསུམ་དམར་ཟླུམ་བགྲད་པ། དབུ་སྐྲ་ཁམ་སེར་གྱེན་དུ་རྫེས་པ་ཐོད་རྐམ་ལྔའི་དབུ་རྒྱན་ཅན། རློན་པ་ལྔ་བཅུའི་དོ་ཞལ་ཅན། སྟག་ལྤགས་ཀྱི་ཤམ་ཐབས་ཅན། སྐུ་རབ་ཏུ་བརྗིད་པ་མེ་དཔུང་གི་དབུས་ན་བཞུགས་པ་ཅིག་བསྒོམ་པར་བྱའོ།
།དེ་ནས་སྟེང་རླུང་མནན་ཏེ་ལྟེ་བ་སྒལ་པ་ལ་སྦྱར། འོག་རླུང་ནར་གྱིས་དྲངས་པས། དཔལ་གཤིན་རྗེ་གཤེད་འོད་དུ་ལམ་ལམ་ལ། འོད་ཟེར་དབུ་མ་ནས་ཡར་འཕྲོས་ནས་སོང་བས། ལྟེ་བའི་འཇམ་པའི་རྡོ་རྗེ་འོད་ཀྱིས་ཁྱེངས་པས། དེའི་འོད་ཟེར་གྱི་རྩ་འདབ་རྣམས་ཀྱི་ནང་གི་ལྗན་ལྗིན་མི་གཙང་བའི་དངོས་པོ་ཐམས་ཅད་སངས་ཀྱིས་སྦྱང་ནས་འོད་དབུ་མ་ན་ཡར་སོང་བས། སྙིང་ཁའི་དགེས་རྡོར་གྱི་ཐུགས་ཀར་སོང་ཏེ་འོད་ཀྱིས་ཁེངས། དེའི་འོད་ཟེར་གྱིས་སྔར་བཞིན་རྩ་སྦྱངས་འོད་དབུ་མ་ན་ཡར་སོང་། མགྲིན་པའི་མ་ཧཱ་མ་ཡའི་ཐུགས་ཀར་སོང་། དེའི་འོད་ཀྱིས་ཁྱེངས་པའི་འོད་ཟེར་གྱིས་སྔར་བཞིན་རྩ་འདབ་སྦྱངས། འོད་དབུ་མ་ན་ཡར་སོང་། སྤྱི་བོའི་བདེ་མཆོག་གི་ཐུགས་ཀར་སོང་། བདེ་མཆོག་འོད་ཀྱིས་ཁྱེངས་འོད་ཀྱི་རྩ་རྣམས་སྔར་བཞིན་སྦྱངས་པ་དང་། འཁོར་ལོ་བཞིའི་རྩ་འདབ་རྣམས་སྒྱུ་མ་སྟོང་པ་ཕུས་བཏབ་པ་བཞིན་སྟོང་སངས་ཀྱིས་སོང་བར་བསམ་མོ།
།དེ་ནས་ཡང་འོག་རླུང་ནར་གྱིས་དྲངས་པ་དང་། གཤིན་རྗེ་གཤེད་མེ་རིའི་སྟེང་ལྟེ་བའི་འོག་རྩ་གསུམ་འདོམས་པའི་འདོམས་པ་ནས། གཏུམ་མོ་ཡེ་ཤེས་ཀྱི་མེ་དམར་ནར་གྱིས་དབུ་མ་ན་ཡར་འབར་བས་ལྟེ་བར་སླེབ་པ་དང་། འཇམ་པའི་རྡོ་རྗེའི་གསང་ལམ་ན་ཡར་ཞུགས་ཏེ་འཇམ་པའི་རྡོ་རྗེ་མེས་ཁྱེངས་པས་རྩ་འདབ་རྣམས་སུ་ཡར་འཕྲོས་ནས། རྩ་ནང་གི་ལྗན་ལྗིན་མི་གཙང་བའི་དངོས་པོ་འོད་ཀྱིས་སྦྱངས་པའི་ལྷག་མ་བག་ཙམ་ཡོད་པ་རྣམས། ཆོམས་ཏེ་བསྲེགས་ཏེ་མ་ལུས་པར་སངས་ཏེ་སྦྱངས་ནས། མེ་དེ་འཇམ་པའི་རྡོ་རྗེའི་ཚངས་བུག་ནས། ཡར་ཐོན་ཏེ་དབུ་མ་ན་ཡར་སོང་། སྔར་བཞིན་དགེས་པ་རྡོ་རྗེ་མེས་ཁྱེངས་ཏེ་རྩ་སྦྱངས་མེ་ཚངས་བུག་ནས་དབུ་མར་རྒྱུད་ཏེ་མགྲིན་པར་མཧཱ་མ་ཡ་ཁྱེངས་ཏེ་རྩ་སྦྱངས། སྔར་བཞིན་མེ་མཧཱ་མ་ཡའི་ཚངས་བུག་ནས་ཐོན་དབུ་མར་རྒྱུད་དེ། སྤྱི་བོར་བདེ་མཆོག་གི་རྡོ་རྗེ་ནས་ཞུགས་སྟེ། མེས་ཁྱེངས་པས་དེའི་འོད་ཀྱིས་རྩ་རྣམས་སྦྱངས་པ་དང་། འཁོར་ལོ་བཞིའི་རྩ་འདབ་རྣམས་མ་ལུས་པར་དག་སྟེ། དཀར་སངས་ཀྱིས་སོང་བར་བསྒོམ་མོ།
།དེ་ནས་སྟེང་རླུང་བག་ཙམ་གཟུང་། འོག་རླུང་བག་ཙམ་གཟུང་ལྷོད་་་་་བཞག་པ་དང་མེ་དེ་བདེ་མཆོག་གི་སྤྱི་བོའི་ཧཾ་དཀར་པོ་བྱུབ་ཀྱི་སེམས་ཀྱི་རང་བཞིན་དེ་ལ་རེག་རེག་འདུག་པ་དང་། ཧཾ་ལས་བྱུབ་ཀྱི་སེམས་ཞུ་སྟེ་དཀར་ཁྲིལ་ལི་ལི་བྱུང་བས་བདེ་མཆོག་བྱང་སེམས་ཀྱིས་གང་བ་དང་། རྩ་འདབ་རྣམས་ཀྱང་བྱང་སེམས་ཀྱིས་མེར་ཁྱེངས་ཏེ་བདེ་སིང་ངེ་འདུག་པ་ལ་སེམས་དར་གཅིག་གཏད། ཡང་དེར་མ་ཤོངས་པའི་ཚུལ་དུ་ཡས་མར་དབུ་མའི་ནང་ན་མར་བབས་ཏེ། མགྲིན་པའི་མཧཱ་མ་ཡ་རྩ་འདབ་དང་བཅས་པ་སྔར་བཞིན་བྱང་སེམས་ཀྱིས་ཁྱེངས་པའི་བདེ་བ་ལ་སེམས་གཏད། དེར་མ་ཤོངས་པའི་ཚུལ་དུ་དགེས་རྡོར་གྱི་རྡོ་རྗེ་ནོར་བུ་ནས་དབུ་མ་ན་མར་བབས་ཏེ་ལྟེ་བའི་འཇམ་པའི་རྡོ་རྗེའི་སྤྱི་བོ་ཚངས་པའི་བུ་ག་ན་མར་སོང་བས་འཇམ་པའི་རྡོ་རྗེ་བྱང་སེམས་ཀྱིས་གང་དེས་རྩ་འདབ་རྣམས་ཀྱང་བྱང་སེམས་ཀྱིས་་་་་་་གང་པ་དང་ལུས་སེམས་ལ་བདེ་སྟོང་གཉིས་སུ་མེད་པའི་ཉ་་་་རྒྱུད་ལ་སིང་གིས་སྐྱེས་པར་བསྒོམས་ལ། དེའི་ངང་ལ་སེམས་་་་་ལྷོད་ཀྱིས་རློད་ལ་དར་གཅིག་བཞག་དེ་ལས་དམའ་བར་ཐིག་ལེ་མི་འབབ་གསུང་ངོ་།
།དེ་ནས་སྟེང་རླུང་གཟུང་བ་དང་འོག་གི་དཔལ་གཤིན་རྗེ་གཤེད་འོད་དུ་ལྟེམས་ཀྱིས་གྱུར་ཏེ། འོད་ཡར་རྒྱངས་ཀྱིས་སོང་བ་ལྟེ་བའི་འཇམ་པའི་རྡོ་རྗེའི་ཐུགས་ཀར་ཐིམ་པ་དང་ཡོན་ཏན་ཕྲིས་གཅིག་ཏུ་གྱུར་པ་ཡིན་སྙམ་དུ་བསམ།
།དེ་ནས་འཇམ་པའི་རྡོ་རྗེ་འོད་དུ་གྱུར་བ་དང་རྩ་བྱང་སེམས་དང་བཅས་པ་འོད་དེ་ལ་འདུས་འོད་ཡར་སོང་བས་དགེས་རྡོར་ཐུགས་ཀར་ཐིམ་ཏེ་དགེས་རྡོར་འོད་དུ་གྱུར་ནས་བྱང་སེམས་དང་བཅས་པ་འོད་དེ་ལ་འདུས་འོད་ཡར་སོང་མགྲིན་པའི་མ་ཧཱ་མ་ཡའི་ཐུགས་ཀར་ཐིམ་པས་མཧཱ་མ་ཡ་འོད་དུ་གྱུར་རྩ་བྱང་སེམས་དང་བཅས་པ་འོད་དེ་ལ་འདུས་འོད་ཡར་སོང་སྤྱི་བོའི་བདེ་མཆོག་ཐུགས་ཀར་ཐིམ་པས་དང་བདེ་མཆོག་འོད་དུ་ལྟེམས་ཀྱིས་གྱུར་ནས་འོད་དེའི་ངང་ལ་སེམས་ལྷོད་ཀྱིས་རློད་ལ་ཕྱག་རྒྱ་ཆེན་པོའི་ངང་དུ་ལྷོད་ཀྱིས་བཞག་གོ
།དེ་ནས་ལྡང་བའི་དུས་སུ་ལྷ་རྣམས་རང་གི་གནས་སུ་བསྐྱེད་ལ་བསྔོ་བ་བྱའོ།
།རྒྱུད་སྡེ་ལྔའི་ཞལ་གྱི་གདམས་པ་རྫོགས་སོ། མཾགལཾ།།