Bla ma shangs pa'i phyag rdor gsang sgrub

From Shangpa Resource Center








Resource ID SCv9p35
Title bla ma shangs pa'i phyag rdor gsang sgrub
Topics Vajrapani
Author Khyungpo Neljor
Link BDRC W23922

༈ བླ་མ་ཤངས་པའི་ཕྱག་རྡོར་གསང་སྒྲུབ་བཞུགས་སོ།

ན་མོ་གུ་རུ་མ་ཧཱ་བཛྲ་པཱ་ཎ་ཡ།
།དཔལ་ཕྱག་ན་རྡོ་རྗེ་བསྒོམ་པར་འདོད་པས། དཀོན་མཆོག་གསུམ་ལ་སྐྱབས་འགྲོ། བྱང་ཆུབ་ཏུ་སེམས་བསྐྱེད། བདག་གིས་ཡི་དམ་བསྒོམ་པར་བགྱིའོ། སྙམ་དུ་བསམ་ལ་ཕྱག་རྒྱ་ཆེན་པོ་ལ་བློ་བཞག་གོ
།དེ་ནས་སྐད་ཅིག་ཙམ་གྱིས་པདྨ་དང་ཟླ་བ། བགེགས་ཀྱི་རྒྱལ་པོ་གཞན་གྱིས་མི་ཐུབ་པ་དྲེགས་པས་འགྱེལ་བའི་གདན་གྱི་སྟེང་དུ་རང་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་གཅིག་པ་མཆེ་བ་བཞི་རབ་ཏུ་གཙིགས་ཤིང་ཁྲོས་པ། ངག་ཏུ་ཧཱུྃ་ཧཱུྃ་ཞེས་སྒྲོགས་པ། ཕྱག་བཞིའི་དང་པོ་གཉིས་ཀྱིས་རྡོ་རྗེ་རྩེ་ལྔ་པ་འཕྱར་ཞིང་། སྡིགས་མཛུབ་བསྒྲེང་བ། འོག་མ་གཉིས་ཀྱིས་འབར་བའི་ཕྱག་རྒྱ་མཛད་པ། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་ཞབས་བརྐྱང་བསྐུམ་གྱིས་འགྱིང་བ། ཁྲོ་བོའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསམ་ལ་སེམས་ཡུན་རིང་དུ་བཟུང་ངོ་།
།དེས་སྐྱོ་ན་གནས་གསུམ་དུ་ཨོཾ་དཀར་པོ། ཨཱཿདམར་པོ། ཧཱུྃ་སྔོན་པོ་བཀོད། ཡེ་ཤེས་པ་སྤྱན་དྲངས་ཤིང་བསྟིམ་ལ་སེམས་བཟུང་ངོ་།
།དེས་སྐྱོན་སྐུ་ལས་སྐྱེས་པའི་འོད་ཟེར་གྱིས་སངས་རྒྱས་བྱང་སེམས་ཡི་དམ་གྱི་ཚོགས་མཆོད་ཅིང་བྱིན་རླབས་བསྡུས། ཡང་གདུག་པ་ཅན་སྤ་བཀོང་བར་བསམ་ལ་སེམས་བཟུད་དོ།
།དེས་སྐྱོན་བཟླས་པ་བྱ་བ་ནི། སྙིང་གར་ཟླ་བ་ཧཱུྃ། དེའི་མཐར། ཨོཾ་བཛྲ་ཧ་ལི་ཛ་ལི་ཧ་ན་ཧ་ན་སརྦ་དུཥྚཱན་ཧཱུྃ་ཕཊ། །ཅེས་པ་བསྐོར་བ་ལས་འོད་ཟེར་སྤྲོ་བ་དང་བསྡུ་བར་དམིགས་ཏེ་བཟླས་སོ། །དེ་དག་ནི་ལྷ་བསྒོམ་པ་དང་། སྔགས་བཟླས་པས་སྒྲུབ་པའོ།
།ཏིང་ངེ་འཛིན་གྱིས་སྒྲུབ་པ་ནི། སྤྱི་བོར་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་བསམ། དེ་ལ་སངས་རྒྱས་བྱང་སེམས་ཡི་དམ་ ཚོགས་ཀྱི་བྱིན་རླབས་བསྡུས་ཏེ་ཐིམ། བདུད་རྩིའི་རྒྱུན་དཀར་པོའི་ལུས་ཁྱབ་པར་བསམ། འདིས་ནུས་མཐུ་དང་གཟི་བརྗིད་ཕུན་སུམ་ཚོགས་པར་འགྱུར་རོ། །ཡང་ལྕེ་རྡོ་རྗེ་དམར་པོ་རྩེ་ལྔ་པར་གྱུར་པའི་ལྟེ་བར་སྔགས་ཕྲེང་བཀོད་ལ་བཟླས་པས་བདུད་རྩི་དམར་པོ་བྱུང་། རྩ་དང་ཁམས་ཐམས་ཅད་ཁྱབ་པར་བསམ་ལ་བཟླས་པ་བྱ། འདིས་ངག་གི་ནུས་པ་བསྐྱེད་ཅིང་། ངག་མནན་པ་སོགས་ཞི་བར་འགྱུར་རོ། །ཡང་སྙིང་གར་རྡོ་རྗེ་དྲག་པོའི་ལྟེ་བར་ཐིག་ལེ་སྔོན་པོ་ཡུངས་དཀར་ཙམ་པ་ལ་ཧཱུྃ་སྔོན་པོས་མཚན་པར་བསམ། དེ་ལ་ཡིད་གཏད་ནས་རླུང་འཆིང་ལ་སྔགས་ཡིད་ཀྱིས་བཟླས་པས་ཏིང་ངེ་འཛིན་གྱི་སྒོ་བྱེ་བར་འགྱུར་རོ།
།ལས་སྦྱོར་གྱི་སྒྲུབ་པ་ནི། ལྷ་ལས་དངོས་གྲུབ་བླང་བར་འདོད་ན། རང་གི་མདུན་དུ་ལྷ་ཆེན་ཚོགས་ཀྱི་བདག་པོ་གུས་པས་བཀའ་ནོད་པར་བསམ། ཨོཾ་བྷྲཱུྃ་ག་ཎ་པ་ཏི་སྭཱ་ཧཱ། །ཞེས་པས་གནད་ནས་བསྐུལ། ལ་ཕུག་དང་བཅས་པའི་གཏོར་མ་དུས་གསུམ་དུ་བྱིན་ན་ལྷའི་དངོས་གྲུབ་ཀྱི་མཚོ་བརྡོལ་བར་འགྱུར་རོ།
།ཀླུ་ལས་དངོས་གྲུབ་བླང་བར་འདོད་ན། རང་གི་མདུན་རྒྱ་མཚོ་ཆེན་པོ་གཏིང་ཟབ་པ་ཞིག་གི་ནང་དུ་མཆོད་རྟེན་དཀར་པོ་ཆེན་པོ་གཅིག་བསམ། དེའི་རྩ་བར་ཀླུའི་རྒྱལ་པོ་མཆོག་སྦྱིན་པ་རོ་སྟོད་མི་ལ་སྨད་སྦྲུལ་དུ་འཁྱིལ་བས་མཆོད་རྟེན་ལ་འཁྲིལ་བ། ཕྱག་གཡོན་གཏེར་གྱི་བུམ་བཟང་བསྣམས་ནས་མཆོད་རྟེན་ལ་འཁྱུད་པ། གཡས་མཆོག་སྦྱིན་གྱི་ཕྱག་མཐིལ་དུ་ཨ་ལས་ཟླ་བ། དེའི་སྟེང་དུ་པྃ་ལས་རིན་པོ་ཆེའི་པད་སྣོད་ཡངས་ཤིང་རྒྱ་ཆེ་བར་བསམ་ལ་ནམ་མཁའ་མཛོད་ཀྱི་སྔགས་བརྗོད་པས་སྣོད་དེ་ལྷ་མིའི་བཅུད་ཕུན་སུམ་ཚོགས་པས་གང་བའི་ཕུད་ཀྱིས་བླ་མ་དང་དཀོན་མཆོག་མཆོད་བར་དུ་ཀླུ་ཉིད་ཀྱིས་གསོལ། ཐ་མ་བདག་ལ་བྱིན་པས་བར་ཆད་ཐམས་ཅད་ཞི། ཚེ་དང་། སྟོབས་དང་། བསོད་ནམས་ཕུན་སུམ་ཚོགས་པ་བསྐྱེད། བཀྲ་ཤིས་དང་བདེ་ལེགས་སུ་གྱུར་པར་བསམ་མོ།
།ཡང་ན་ལས་གང་སྒྲུབ་པའི་ཁ་དོག་དང་མཐུན་པའམ། ལས་ཐམས་ཅད་ལ་སྐུ་མདོག་ལྗང་གུན་བསྒོམ་ཡང་བཏུབ་བོ། །འདིས་ལས་ཀྱི་དངོས་གྲུབ་ཐམས་ཅད་འབྱུང་ངོ་། །གནོད་སྦྱིན་ལས་དངོས་གྲུབ་བླང་བར་འདོད་ན། རང་གི་མདུན་དུ་རྣམ་ཐོས་སྲས་ལྗང་སེར་བེ་ཅོན་དང་ནེའུ་ལེ་འཛིན་པ་ལ་འཁོར་གནོད་སྦྱིན་བརྒྱུད་ཀྱིས་བསྐོར་བར་དམིགས་ལ་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་བཀོད། ནང་འདྲ་བཀུག་སྟེ་བསྟིམ། དབང་བསྐུར་བས་ཕྱག་རྡོར་གྱིས་ཅོད་པན་དུ་བསམ། ཨོཾ་བཻ་ཤྲ་མ་ཎ་ཡ་བྷྲཱུྃ་སརྦ་སིདྡྷི་ཕ་ལ་པུཎྱ་དྷ་ར་པུཥྚིཾ་ཀུ་རུ་སྭཱ་ཧཱ། །ཐུན་མཚམས་སུ་ཁ་ཟས་བཟང་དགུའི་གཏོར་མ་སྦྱིན། ཡེ་ཤེས་པ་རྟེན་ལ་བཅིང་བའམ། གཤེགས་སུ་གསོལ། དེ་ལྟར་བྱས་པས་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་ཚེ་རབས་ཐམས་ཅད་དུ་འབྱུང་ངོ་། །མདོར་ན་དཔལ་གསང་བའི་བདག་པོ་བསྒོམ་པས་ལས་ཐམས་ཅད་བྱེད་དོ། །ས་གསུམ་གྱི་འབྱུང་པོ་ཐམས་ཅད་དབང་དུ་འགྱུར་རོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྣམས་བྲན་བཞིན་དུ་མངགས་བཞུགས་བྱེད་དོ། །ཏིང་ངེ་འཛིན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་སྐྱེ་བར་འགྱུར་རོ།
དཔལ་ཕྱག་ན་རྡོ་རྗེའི་གསང་སྒྲུབ་མན་ངག་དང་བཅས་པ་བླ་མ་ཤངས་པའི་ཐུགས་དམ་མོ།། །།ཤིན་ཏུ་ཟབ་ཨྀཐིཿ །།