Bsnyen bsgrub las gsum gyi man ngag
Resource ID | SCv11p60 |
---|---|
Title | bsnyen bsgrub las gsum gyi man ngag |
Topics | Chadrupa |
Sub-Topics | Instructions |
Link | BDRC W23922 |
༈ བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་བཞུགས་སོ།།
༈ ༼པ༽ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ།
།ཡེ་ཤེས་ཀྱི་མགོན་པོ་འདི་ཉམས་སུ་ལེན་པ་ལ་བསྙེན་པ་དང་། སྒྲུབ་པ་དང་། ལས་ལ་སྦྱོར་བ་གསུམ་མོ། །བསྙེན་པ་ལ། གྲངས་ཀྱི་བསྙེན་པ་དང་། དུས་ཀྱི་བསྙེན་པ་དང་། རྟགས་ཀྱི་བསྙེན་པ་དང་གསུམ་མོ། །གྲངས་ནི་རབ་འབུམ་འཚོ་བཅུའོ། །འབྲིང་ལྔའོ། །ཐ་མ་གསུམ་མོ། །དུས་ཟླ་བ་དྲུག་གོ །རྟགས་ནི་རྨི་ལམ་གྱིས་ཤེས་པར་བྱའོ། །གཙོ་བོར་ནི་གྲངས་ཀྱི་བསྙེན་པ་སྟེ།
ལྷ་བསྒོམ་ཞིང་བཟླས་པ་བྱ་བ་ནི། རང་ཡི་དམ་གང་ཡིན་པར་བསྐྱེད་རིམ་ལེགས་པར་བྱས་ལ། མདུན་དུ་པཾ་ལས་པདྨ་འདབ་མ་བརྒྱད་པ་རཾ་ལས་ཉི་མའི་དཀྱིལ་འཁོར་བསམ་ལ། རང་གི་སྙིང་གའི་ས་བོན་ལས་འོད་འཕྲོས་པས་ལྷོ་ཕྱོགས་ཀྱི་རྒྱུད་དུར་ཁྲོད་ཀྱི་གནས། ཙནྡན་གྱི་ཤིང་ཁང་ནས་མདུན་གྱི་ཉི་མའི་སྟེང་དུ་སྤྱན་དྲངས་ལ། སྐུ་མདོག་ཕྱག་མཚན་ལ་སོགས་པ་གཞུང་བཞིན་དུ་བསམ་མོ། །བྱིན་གྱིས་བརླབས་པའི་མགོན་པོ་ཡིན་པས་བསྐྱེད་ལུགས་དེ་རང་གིས་ཆོག་གསུང་ངོ་། །དེ་ལ་ཐེ་ཚོམ་ཟ་ན་པཎྜི་ཏའི་བཞེད་ལུགས་ཀྱི་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་དེ་ཡོངས་སུ་གྱུར་པ་ལས་མགོན་པོ་བསྐྱེད། དེ་ཡང་ཞབས་གདུབ་དང་བཅས་བི་ནཱ་ཡ་ཀ་མནན། ཅེས་པ་ནི། ཞལ་གཅིག་ཕྱག་དྲུག་པ། གཡས་ཀྱི་དང་པོ་ན་གྲི་གུག །གཉིས་པ་ན་ཕྲེང་བ། གསུམ་པ་ན་ཌཱ་མ་རུ། གཡོན་གྱི་དང་པོ་ན་ཐོད་པ། གཉིས་པ་ན་རྩེ་གསུམ། གསུམ་པ་ན་ཞགས་པ་བསྣམས་པ། མི་བསྐྱོད་པས་དབུ་ལ་རང་ཆས་སུ་བཞུགས་པ། དཔྲལ་བར་སིནྡྷུ་རའི་ཐིག་ལེ་ཡོད་པ། སྤྱན་གསུམ་པ་སྟག་གི་ཤམ་ཐབས་ཅན། མི་མགོ་ཁྲག་འཛག་ལྔ་བཅུའི་ག་ཤལ་ཅན། ཞབས་གཉིས་བགྲད་པའི་འོག་ན་བི་ནཱ་ཡ་ཀ་མནན་པ་གཅིག་བསྐྱེད་ལ། དེའི་ཐུགས་ཀར་པཾ་ལས་པདྨ་འདབ་མ་བརྒྱད་པ། རཾ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་ལས་འོད་ཟེར་འཕྲོས་པས་ལྷོ་ཕྱོགས་ཀྱི་གནས་ཙནྡན་གྱི་ཤིང་ཁང་ནས་ཡེ་ཤེས་པ་སྤྱན་དྲངས་ལ། མ་ཧཱ་ཀཱ་ལ་ཛཿཞེས་བརྗོད་པས་མདུན་དུ་བྱོན་པར་བསམ་ལ། མ་ཧཱ་ཀ་ལ་ཧཱུྃ་བྱས་པས་རང་ལ་ཞུགས་པར་བསམ། བཾ་བྱས་པས་གཉིས་སུ་མེད་པར་བྱས་ལ། ཧོཿབྱས་པས་མཉེས་པར་བྱའོ། །སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་དང་དབང་བསྐུར་བ་མི་དགོས་གསུངས། དེ་ཅིས་ཤེས་ན་མི་བསྐྱོད་པ་ཡི་རྒྱས་བཏབ་བསྟན། ཅེས་པས་སོ།
།ད་དེ་ལ་བཟླས་པ་བྱ་བ་ནི། ཆོས་སྐྱོང་གིས་བདག་ལ་བྱིན་གྱིས་བརླབས་པར་བསམ་ལ། ཆོས་སྐྱོང་གི་ཐུགས་ཀའི་ས་བོན་ལ་བསྙེན་སྔགས་ཀྱིས་བསྐོར་བ་བསམ་མོ། །ཤེས་པ་དེ་ལ་གཏད་ལ་བཟླས་པ་བྱའོ། །ཐུན་དང་པོ་ལ་གཏོར་མ་མི་དགོས་སོ། །བཟླས་པ་ཡར་གྱི་ངོའི་དུས་སུ་བསྙེན་པ་ལ་འཇུག་པ་ན། དཀོན་མཆོག་གསུམ་ལ་མཆོད་པ་དབུལ། དགེ་འདུན་ལ་བསྙེན་བསྐུར་བྱ། འབྱུང་པོ་ལ་གཏོར་མ་གཏང་། བསྙེན་པ་མཐར་ཕྱིན་པ་དང་བར་ཆད་མི་འབྱུང་བའི་གསོལ་བ་བཏབ། ངག་མི་ཚིག་གིས་བར་མ་ཆོད་པར་སྨྲ་བཅད་བྱས་ལ། བཟླས་པ་མ་འཁྱོལ་གྱི་བར་དགེ་སྦྱོར་གཞན་ལ་མི་འཇུག་པར་བྱའོ། །དེ་ལྟར་བྱས་ན་མཚན་མའི་རྟགས་འོང་སྟེ། སློབ་དཔོན་ནམ། ཨ་ཙ་ར་ལ་སོགས་པ་བཟང་རྟགས་རྣམས་འབྱུང་ངོ་།
།དེ་ནི་བསྙེན་པའི་མན་ངག་གོ། །ཨྀཐིཿ
༈ འདིའི་སྨད་འོག་གི་ཤོག་གཅིག་མ་འདི་ཡིན།
ད་ནི་སྒྲུབ་པ་བྱ་བ་བསྟན་ཏེ། སྤྱིར་མགོན་པོའི་ལུགས་ཀྱི་རྦོད་དང་། རྦད་དང་། བསད་པ་གསུམ་མགོན་པོ་སྤྱིའི་མན་ངག་ཡིན་ཏེ། འདིའི་ལུགས་ཀྱི་སྔགས་རིང་འདི་ལ་གསུམ་ཀ་ཚང་བ་བརྩི་བ་ཡིན་ཏེ། ཨོཾ་མ་ཧཱ་ཀཱ་ལ། ཤཱ་ས་ན། ཞེས་བྱ་བ་ནས། ཀ་ལོ་ཨ་ཡཾ་ཞེས་བྱ་བའི་བར་ནི་རྦོད་པའོ། །ཨི་དན་ཞེས་བྱ་ནས། དུཥྚཾ་ཞེས་བྱ་བའི་བར་རྦད་པའོ། །ཁ་ཁ་ཞེས་བྱ་བ་མན་ཆད་བསད་པའོ།
།ད་བཟླས་པ་བྱ་བ་ནི། ལྷའི་བསྐྱེད་ལུགས་སྔར་དང་འདྲ་བ་ལས། ཅུང་ཞིག་མི་འདྲ་བ་ནི་བདག་གིས་མགོན་པོ་ལ་བཀའ་བསྒོ་བའི་ཚུལ་དུ་བྱའོ། །དེ་ལ་བཟླས་མགོ་བཞུགས་པ་ནི། སྔགས་དང་མིང་དུ་སྤེལ། སྔགས་ཀྱི་དོན་བསམ་ཞིང་བཟླས་པ་བྱ་བ་ནི། སྔགས་དང་མིང་དུ་སྤེལ་བ་ནི། དུཥྚཾ་དང་ཁ་ཁཱའི་བར་དུ་བསྒྲུབ་བྱའི་མིང་གཞུག་པ་དང་། དི་ན་དང་མཱ་ར་ཡའི་བར་དུ་བསྒྲུབ་བྱའི་མིང་གཞུག་པའོ། །སྤྱིར་ནི་སྔགས་ཀྱི་མཐར་ཐུག་མིང་འཇུག་ཅེས་གསུངས་པས་མིང་གི་འཇུག་པ་མ་ནོར་བར་གལ་ཆེའོ། །སྔགས་ཀྱི་དོན་བསམ་པ་ནི། ཁ་ཁ་ཞེས་པ་མན་ཆད་ཀྱི་དོན་བསམ་པ་ཡིན་ཏེ། ཤ་ཟ་བ་དང་། ཁྲག་འཐུང་བ་དང་། གསོད་པ་དང་། འཆིང་བ་དང་། བརྡེག་པ་དང་། བཟུང་བ་དང་། པགས་པ་བཤུ་བ་ལ་སོགས་པའི་ཚུལ་དུ་བཟླས་པ་བྱེད་པ་ནི་སྔགས་ཀྱི་དོན་བསམ་པའོ། །བཟླས་པ་དེ་ཡང་ཉིན་མཚན་དུས་དྲུག་ཏུ་བཟླས་པའོ། །འཕྲོ་འཇོག་པ་ན་བསྡུ་གཤེགས་ནི་བསྙེན་པའི་སྐབས་དང་འདྲའོ། །དེ་ནི་སྒྲུབ་པའོ། །དེ་ལྟར་བསྙེན་སྒྲུབ་གཉིས་རང་རང་གི་སྐབས་ཀྱི་རྟགས་ཐོན་པ་བྱས་ནས། དེ་ནས་མན་ངག་བཞིན་ལས་ལ་སྦྱོར་ལགས་སོ། །ས་མ་ཡ་གུ་ཧྱ།
བསྙེན་སྒྲུབ་ཀྱི་ཡི་གེ་འདི་ཤངས་པའི་ཡིག་རྙིང་ཡིན་ནོ།།