Chos drug gi tshig gsal

From Shangpa Resource Center








༈ ཆོས་དྲུག་གི་ཚིག་གསལ་བཞུགས་སོ།།

།རྡོ་རྗེ་འཆང་གིས་གསུངས་པ་ཡི། །ཆོས་དྲུག་བྱེད་བྲག་ཐེམས་ཡིག་འདི།
།སྔོན་འགྲོ་དག་བྱེད་སྟོང་ར་ལ། །གསོལ་འདེབས་གསུམ་ལ་དམིགས་པ་གསུམ།
།ཐབས་ལམ་བདེ་དྲོད་རང་འབར་ལ། །གསོལ་འདེབས་གཉིས་ལ་དམིགས་པ་ལྔ།
།དབང་པོ་རབ་དང་འབྲིང་པོ་ལ། །གསོལ་འདེབས་ལྔ་ལ་འདུན་པ་གསུམ།
།སྒྱུ་ལུས་དབང་པོ་ཐ་མ་ལ། །གསོལ་འདེབས་གསུམ་ལ་འདུན་པ་གསུམ།
།རྨི་ལམ་འཛིན་པར་བྱེད་པ་ལ། །གསོལ་འདེབས་གསུམ་ལ་འདུན་པ་གསུམ།
།རྨི་ལམ་སྦྱང་བའི་ཆོས་བཞི་ལ། །གསོལ་འདེབས་བཞི་ལ་དམིགས་པ་བཞི།
།རྨི་ལམ་སྤེལ་བའི་ཆོས་དྲུག་ལ། །གསོལ་འདེབས་བཞི་ལ་འདུན་པ་དྲུག
།རྨི་ལམ་སྤྲུལ་པའི་ཆོས་དྲུག་ལ། །གསོལ་འདེབས་འདུན་པ་དེ་བཞིན་ནོ།
།རྨི་ལམ་བསྒྱུར་བའི་ཆོས་བཞི་ལ། །གསོལ་འདེབས་བཞི་ལ་འདུན་པ་བཞི།
།སྒྱུ་ལུས་སྟན་ཐོག་གཅིག་མ་ལ། །གསོལ་འདེབས་བཞི་ལ་འདུན་པ་བརྒྱད།
།ཡུལ་སྣང་དམིགས་པ་རྣམ་གསུམ་ལ། །གསོལ་འདེབས་གསུམ་ལ་དམིགས་པ་གསུམ།
།ཁྱད་འཕགས་འོད་གསལ་ཆོས་བཞི་ལ། །གསོལ་འདེབས་གསུམ་ལ་དམིགས་པ་བཞི།
།འཕོ་བ་མ་བསྒོམ་སངས་རྒྱས་ལ། །གསོལ་འདེབས་གསུམ་ལ་དམིགས་པ་བཞི།
།བར་དོ་ལོངས་སྤྱོད་རྫོགས་སྐུ་ལ། །གསོལ་འདེབས་གསུམ་ལ་དམིགས་པ་བཞི།
།གསོལ་འདེབས་དམིགས་པའི་ཐེམས་ཡིག་འདི། །འཆུགས་མེད་གནད་དུ་ཤེས་པར་བྱ།
།ལོངས་སྐུ་རྡོ་རྗེ་འཆང་ཆེན་གྱིས། །ཌཱ་ཀི་མ་ལ་གསུངས་པ་ཡི།
།སྙན་བརྒྱུད་ཆིག་བརྒྱུད་ཆོས་དྲུག་ལ། །མ་འོངས་དུས་སུ་བསྲེ་སླད་བྱེད།
།དེ་དུས་ཁྲིད་ལུགས་སྣ་ཚོགས་འབྱུང་། །དད་ལྡན་ཐེ་ཚོམ་སྤང་བའི་ཕྱིར།
།འཆུགས་མེད་གནད་ཀྱི་ཐེམས་ཡིག་བཀོད། །གནས་གསུམ་མཁའ་འགྲོས་བཟོད་པར་མཛོད།
།ཆོས་དྲུག་རྡོ་རྗེའི་ཚིག་རྐང་གི་ཐེམས་ཡིག་དང་བཅས་པ་ཌཱ་ཀི་ནི་གུ་མས་ཇི་ལྟར་གསུངས་པ་བཞིན་དུ།
བདག་ཁྱུང་པོ་རྣལ་འབྱོར་པས་ཡི་གེར་བཀོད་པའོ། །རྫོགས་སོ།། །།


Annotated version from BDRC W1KG4284 p. 625
།རྡོ་རྗེ་འཆང་གིས་བདེ་དྲོད་བདེ་སྟོང་གསུངས་པ་ཡི། །ཆོས་དྲུག་བྱེ་བྲག་ཐེམས་ཡིག་འདི།
༼ཐབས་ལམ་༽སྔོན་འགྲོ་དག་བྱེད་སྟོང་ར་ལ། །གསོལ་༼བདག་གི་ནད་གདོན་སྡིག་སྒྲིབ་ཏིན་ངེ་འཛིན། སྡིག་སྒྲིབ་ནད་གདོན་སེལ་བའོ༽འདེབས་གསུམ་ལ་དམིགས་པ་གསུམ།
།ཐབས་ལམ་བདེ་དྲོད་རང་འབར་ལ། །གསོལ་འདེབས་གཉིས་ལ་དམིགས་པ་ལྔ། ༼མེའི་སྟོང་ར་ཟས་སུ་ཟ་བ་གོས་སུ་གྱོན་པ་གདན་དུ་འདིང་པ་རླུང་རྟར་ཞོན་པ།༽
།དབང་པོ་རབ་དང་འབྲིང་པོ་ལ། །གསོལ་འདེབས་ལྔ་ལ་༼དམིགས་པ་༽འདུན་པ་གསུམ། ༼བདག་འཛིན་དགོས་མེད་སྒྱུ་ལུས་འོད་གསལ་རྨི་ལམ།༽
།སྒྱུ་ལུས་དབང་པོ་ཐ་མ་ལ། །གསོལ་འདེབས་གསུམ་ལ་འདུན་པ་གསུམ། ༼འཆི་ངེས་པ་བླ་མའི་མོས་གུས་སྒྱུ་མ་རྨི་ལམ་ཡིན་སྙམ་པ།༽
།རྨི་ལམ་འཛིན་པར་བྱེད་པ་ལ། །གསོལ་འདེབས་གསུམ་ལ་འདུན་པ་གསུམ། ༼བདག་འཛིན་དགོས་མེད་རྨི་ལམ་ཟིན་པ།༽
།རྨི་ལམ་སྦྱང་བའི་ཆོས་བཞི་ལ། །གསོལ་འདེབས་༼ལུས་དང་སེམས་བདག་མེད་འདུན་༽བཞི་ལ་དམིགས་པ་བཞི། ༼བདག་འཛིན་དགོས་མེད་སྒྱུ་ལུས་རྨི་ལམ་ཟིན་པ།༽
།རྨི་ལམ་སྤེལ་བའི་ཆོས་དྲུག་ལ། །གསོལ་འདེབས་བཞི་ལ་༼འབྱུང་བཞི་ཕྲ་བ་རགས་པ་སེམས་ཅན་ཕྲ་བ་རགས་པ་འཛིན་པ་དང་འདས་པའི་གང་འདུལ་༽འདུན་པ་དྲུག
།རྨི་ལམ་སྤྲུལ་བའི་ཆོས་དྲུག་ལ། །གསོལ་འདེབས་འདུན་པ་དེ་བཞིན་ནོ།
།རྨི་ལམ་བསྒྱུར་བའི་ཆོས་བཞི་ལ། །གསོལ་འདེབས་༼བདག་འཛིན་དགོས་མེད་ཡུལ་སྣང་།༽བཞི་ལ་འདུན་པ་བཞི། ༼འབྱུང་བཞི་ཕྲ་རགས་སེམས་ཅན་ཕྲ་རགས་ལྷ་སྐུ་སྣ་ཚོགས་སྣང་སྟོང་ཞེན་མེད་དུ་སྒྱུར་བའོ།༽
།སྒྱུ་ལུས་གདན་ཐོག་གཅིག་མ་ལ། ༼འཆི་ངེས་པ་མོས་གུས་གཉིད་དུ་སོང་བར་འདུག་རྨི་ལམ་དུ་འདུག །སྦྱང་སྤེལ་སྤྲུལ་བསྒྱུར།༽ །གསོལ་འདེབས་བཞི་ལ་འདུན་པ་བརྒྱད།
།ཡུལ་སྣང་དམིགས་པ་རྣམ་གསུམ་ལ། །གསོལ་འདེབས་གསུམ་༼བདག་འཛིན་དགོས་མེད་ཡུལ་སྣང་༽ལ་དམིགས་པ་གསུམ། ༼བདག་མེད་མ་ལ་ཐིག་ལེ།༽
།ཁྱད་འཕགས་༼འབྲས་བུ་༽འོད་གསལ་ཆོས་བཞི་ལ། །གསོལ་འདེབས་གསུམ་༼བདག་འཛིན་དགོས་མེད་འོད་གསལ་༽ལ་དམིགས་པ་བཞི།
༼འོད་གསལ་བཟུང་བ་ལམ་ཁྱེར་བསྲེ་བ་མཐར་ཐུག༽ །འཕོ་བ་མ་བསྒོམས་སངས་རྒྱས་ལ། །གསོལ་འདེབས་༼བདག་འཛིན་དགོས་མེད་བར་དོ་སངས་རྒྱས་༽གསུམ་ལ་དམིགས་པ་བཞི།
༼ཆོས་སྐུ་གཟུགས་སྐུ་བླ་མ་མཁའ་སྤྱོད།༽ །བར་དོ་ལོངས་སྤྱོད་རྫོགས་སྐུ་ལ། །གསོལ་འདེབས་༼བདག་འཛིན་དགོས་མེད་བར་དོར༽གསུམ་ལ་དམིགས་པ་བཞི། ༼རབ་འབྲིང་ཐ་མ་སྤྱི་གནད།༽
།གསོལ་འདེབས་༼བླ་མ་དང་༽དམིགས་པའི་ཐེམས་ཡིག་༼ཆོད་དྲུག་༽འདི། །འཆུགས་མེད་གནད་དུ་ཤེས་པར་བྱའོ།
།ལོངས་སྐུ་རྡོ་རྗེ་འཆང་ཆེན་གྱིས༼དྲུག་པ༽། །༼ཡེ་ཤེས་ཀྱི་༽ཌཱ་ཀི་མ་ལ་གསུངས་པ་ཡི༼ནི་གུ་མ་ལ༽
།སྙན་བརྒྱུད་༼འདི་མི་རབས་བདུན་དུ་༽ཆིག་རྒྱུད་ཆོས་དྲུག་༼འདི་༽ལ། །མ་འོངས་༼པའི་༽དུས་སུ་བསྲེ་སླད་བྱས༼ནས་ཚོང་འདུས་གྱི་འོ་མར་སོང་བ༽
།དེ་དུས་ཁྲིད་ལུགས་སྣ་ཚོགས་༼བས་༽འབྱུང་། །དད་ལྡན་༼རྣམས་༽ཐེ་ཚོམ་༼དང་ཡིད་གཉིས་༽སྤང་བའི་ཕྱིར།
།འཆུགས་མེད་གནད་ཀྱི་ཐེམས་ཡིག་བཀོད། །གནས་གསུམ་མཁའ་འགྲོས་བཟོད་པར་གསོལ༼དེ་ལ་གནས་ནས་ཞིང་ལས་སྔགས་རྣམས་ཀྱི༽
།ཆོས་དྲུག་རྡོ་རྗེའི་ཚིག་རྐང་། ཐེམས་ཡིག་དང་བཅས་པ་འདི། ཌཱ་ཀི་མས་ཇི་ལྟར་གསུངས་པ་བཞིན་དུ།
བདག་ཁྱུང་པོ་རྣལ་འབྱོར་པས་ཡི་གེར་བཀོད་པའོ། །ཨྀཐི།